དེ་རིང་ནི2025ལོའི་ཟླ12པའི་ཚེས25ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་རྐང་ཚས“རིན་ཆེན་བཙོ་ཐལ”འདུལ་སྦྱོང་བྱས་ཏེ་བོད་སྨན་ཐོན་ལས་ཚད་བརྒལ་འཕེལ་རྒྱས་མངོན་གྱུར་ཡོང་བར་སྐུལ་འདེད་བཏང་།

2025-12-25 14:46:13   |   134

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་བའི་ལོ་ཤས་རིང་། རང་ས་གནས་ཀྱི་བོད་སྨན་སྡེབ་སྦྱོར་སྨན་རྒྱུ་གཙོ་བོར་བརྟེན་པའི་དཀའ་གནད་སེལ་ཆེད། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གིས་རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་ལག་རྩལ་འགག་སྒྲོལ་བྱས་པ་བརྒྱུད།“རིན་ཆེན་བཙོ་ཐལ”འདུལ་སྦྱོང་ལག་རྩལ་གྲུབ་འབྲས་བདེ་བླག་ངང་ཁོང་དུ་ཆུད་པ་དང་། ཁུལ་ཡོངས་ཀྱི་རྫོང་རིམ་པའི་ཞིབ་འཇུག་གསར་སྤེལ་ཐོན་སྐྱེད་རྟེན་གཞི་ཐོག་མ་བསྐྲུན་ཏེ། བོད་སྨན་སྡེབ་སྦྱོར་སྨན་རྒྱུ་གཙོ་བོར་བརྟེན་པའི་དཀའ་གནད་སེལ་ནས་བོད་སྨན་ཐོན་ལས་ཚད་བརྒལ་རང་བཞིན་གྱི་འཕེལ་རྒྱས་མངོན་གྱུར་ཡོང་བར་སྐུལ་འདེད་བཏང་ཡོད།

ལག་རྩལ་འགག་སྒྲོལ་བྱས་ནས་རང་གིས་ཐོན་སྐྱེད་མངོན་འགྱུར་བྱུང་།“རིན་ཆེན་བཙོ་ཐལ”འདུལ་སྦྱོང་བྱེད་ཐབས་རྙོག་འཛིང་ཆེ་བ་དང་། བོད་སྨན་རྩ་ཆེན་སྡེབ་སྦྱོར་བྱེད་པའི་རྨང་གཞི་གཙོ་བོ་ཞིག་ཡིན་ལ། དེའི་ལག་རྩལ་དེ་རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་ཐོག་མའི་མིང་ཐོའི་ནང་ཚུད་ཡོད།“རིན་ཆེན་བཙོ་ཐལ”འདུལ་སྦྱོང་ལག་རྩལ་ཁྱོན་ཡོངས་ནས་ཁོང་དུ་ཆུད་ཆེད། 2023ལོར་རྐང་ཚ་རྫོང་གིས་རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་རྣམ་གྲངས“ལྷ་སའི་བྱང་ལུགས་བོད་སྨན་དངུལ་ཆུའི་བཙོ་བཀྲུ་འདུལ་སྦྱོང་དང་བོད་སྨན་རིན་ཆེན་གྲང་སྦྱོར་སྡེབ་པའི་ལག་རྩལ”གྱི་རྒྱུན་འཛིན་པ་དགའ་བའི་རྡོ་རྗེ་གདན་འདྲེན་ཞུས་ནས་མཛུབ་ཁྲིད་བགྱིས་པས་ལག་རྩལ་གྱི་དཀའ་ངལ་སེལ་ཏེ།“རིན་ཆེན་བཙོ་ཐལ”ཞིབ་འཇུག་འདུལ་སྦྱོང་བདེ་བླག་ངང་ལེགས་གྲུབ་བྱུང་སྟེ། རྫོང་རིམ་པའི་ལག་རྩལ་གྱི་སྟོང་ཆ་བསྐངས་བ་དང་། བོད་སྨན་རྒྱུད་འཛིན་གསར་གཏོད་ལག་ལེན་གྱི་མིག་དཔེ་འདོན་སྤྲོད་བྱས་ཡོད།

སྨན་སྦྱོར་ཞིབ་འཇུག་གསར་སྤེལ་བྱས་ཏེ་བོད་སྨན་གྱི་རིགས་ཕུན་སུམ་ཚོགས་པར་བཏང་།“རིན་ཆེན་བཙོ་ཐལ”ཐོན་སྐྱེད་བྱེད་པ་དེ་སྨན་རྒྱུ་གཙོ་བོར་བཟུང་སྟེ། རྫོང་བོད་སྨན་ཁང་གིས་ཞིབ་འཇུག་གསར་སྤེལ་བྱེད་ཤུགས་ཆེ་རུ་བཏང་ནས། སྔ་རྗེས་སུ་རཏྣ་བསམ་འཕེལ་དང་། མང་སྦྱོར་ཆེན་མོ། བཙོ་ཟླ་རིལ་བུ་སོགས་བོད་སྨན་རྩ་ཆེན་རིགས10སྡེབ་སྦྱོར་བྱས་པ་དང་། མཚོ་སྔོན་ཞིང་ཆེན་སྨན་རྫས་ལྟ་སྐུལ་དོ་དམ་ཅུའི་ཆོག་མཆན་ཐོ་འགོད་བྱས་པ་བརྒྱུད་མ་ཞུ་བ་དང་འབྱིན་རྔུབ། དབང་རྩ། རིམས་འགོག་སོགས་ནད་གཞི་མང་པོའི་ཁོངས་སུ་ཁྱབ་ཅིང་། ནད་ཐོག་སྨན་སྤྱོད་བདམས་པའི་ཁྱབ་ཁོངས30%རྒྱ་བསྐྱེད་བཏང་བ་དང་། དལ་འཕར་ནད་རིགས་སྨན་བཅོས་བྱེད་ནུས20%མཐོ་རུ་ཕྱིན་ལ། ནད་པའི་བསྐྱར་བརྟག་གི་བློ་ཡིད་ཚིམ་ཚད95%ཡན་ཟིན་ཡོད། གསར་དུ་སྡེབ་སྦྱོར་བྱས་པའི་སྨན་དེ་རྒན་པ་དང་དར་མའི་སྙིང་དང་ཀླད་པའི་ཁྲག་རྩའི་ནད་རིགས་དང་། ཕོ་བ་དང་རྒྱུ་མའི་གཉན་ཚད་ཀྱི་དལ་འཕར་ནད། ཧོན་ལོག་པ་སོགས་ཀྱི་ནད་རིགས་སྙོམས་སྒྲིག་བྱེད་པའི་ཁྲོད“ཞི་འཇམ་གྱི་ཕན་ནུས་ལྡན་ལ་རྩ་ལག་མཉམ་བཅོས”ཀྱི་ལེགས་ཆར་བརྟེན་ནས་ཁྱབ་རྒྱ་ཆེན་པོའི་ཁས་ལེན་ཐོབ་ཡོད།

ཐོན་ལས་ཀྱི་ཕན་འབྲས་ལ་ཚད་བརྒལ་བྱུང་། སྨན་རྫས་ཞིབ་འཇུག་གསར་སྤེལ་བྱེད་པར་ཤུགས་བསྣན་ཏེ། མ་དངུལ་སྒོར་ཁྲི350ལྷག་བཏང་ནས་དེང་རབས་ཅན་གྱི་ཐོན་སྐྱེད་སྒྲིག་ཆས་རིམ་སྤོར་བྱས་ཏེ་ལས་རིམ་ཡོངས་ཀྱི་སྤུས་ཚད་ལ་རྗེས་འདེད་མ་ལག་བཙུགས་ནས་སྨན་རྫས་སྡེབ་སྦྱོར་རྒྱལ་ཁབ་ཀྱི་སྨན་རྫས་ཚད་གཞི་དང་མཐུན་པར་འགན་ལེན་བྱས། ཁྱོན་སྡོམ་ཁྱད་ལྡན་སྨན་རྫས་སྤྱི་རྒྱ180ཕྱིར་ཚོང་བྱས་བས་ཐོན་རྫས་ཀྱི་རིན་ཐང་སྒོར་ཁྲི200ལྷག་མངོན་གྱུར་བྱུང་ཡོད་ལ། སྡེབ་སྦྱོར་བྱས་པའི་སྨན་རང་རེའི་རྫོང་དང་མདོ་ལ་རྫོང་གི་སྨན་བཅོས་ལས་ཁུངས་དང་སྒེར་གྱི་སྨན་ཁང18ལ་ཁྱབ་ཡོད། ཐད་ཀར་ཞབས་འདེགས་ཞུས་པའི་ནད་པ་མི་ཐེངས་ཁྲི2ལས་བརྒལ་བ་དང་། སྨན་ཁང་ཁག་ཅིག་གི་བོད་སྨན་སྨན་ཐོ50%ཡན་དུ་འཕར། རྫོང་བོད་སྨན་ཁང་གི་ལོའི་ཐོན་ཐང་ཞིབ་འཇུག་གསར་སྤེལ་མ་བྱས་སྔོན་དང་བསྡུར་ན40%འཕར་ཡོད་ལ། ལས་ཞུགས་ལས་གནས20བསྐྲུན་ཡོད། ནད་པ་ཁག་ཅིག་གིས“རང་ཁྱིམ་དུ་བོད་སྨན་དངོས་མ་སྤྱོད་ཐུབ་པའི”དབང་གིས་ས་ཁོངས་བརྒལ་བའི་སྨན་བཅོས་ཀྱི་འགྲོ་གྲོན་ཉུང་དུ་ཕྱིན་པ་དང་། རང་ས་གནས་ཀྱི་བོད་སྨན་འཕེལ་རྒྱས་ཕྱིན་པས་སྟབས་བདེ་བསྐྲུན་པ་དངོས་སུ་ཚོར་ཡོད།



མཉམ་སྤྱོད།