དེ་རིང་ནི2026ལོའི་ཟླ03པའི་ཚེས25ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་སྔོན་པོའི་འཁྱགས་རོམ་ཞུ་ནས་དཔྱིད་ཀྱི་དཔལ་ཡོན་རྒྱས། སྐྱེ་དངོས་ཡོད་ཚད་ལ་སྐྱེ་སྟོབས་ཀྱི་དཔལ་ཡོན་འབར།

2026-03-25 10:13:27   |   56

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


ཕྱེད་ཀ་གཡུ་ཡི་མནྡྲལ་བཤམས་འདྲ། ཕྱེད་ཀ་གོས་དཀར་ཐང་ལ་བརྡལ་འདྲ། འདི་ན་ཚེ་སྲོག་ཁྲི་སྟོང་གི་འཁྱུག་འགྲོས་ངོམས་བཞིན་ཡོད། ཉེ་ཆར། 2026ལོའི་མཚོ་སྔོན་པོའི་ཞལ་སྒོ་འབྱེད་པའི་དུས་ཀྱི་ཕྲེང་བསྟར་བྱེད་སྒོ་དེ་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་ལྷ་ཆབ་ཁུགས་སྐྱེ་ཁམས་ཉམས་ལེན་ཁུལ་དུ་གཟབ་རྒྱས་ངང་བསྡུས།

1.jpg

འཁྱགས་རོམ་ཞུ་ནས་དཔྱིད་ཀྱི་དཔལ་ཡོན་རྒྱས།  སྐྱེ་དངོས་ཡོད་ཚད་ལ་སྐྱེ་སྟོབས་ཀྱི་དཔལ་ཡོན་འབར། འཁྱགས་རོམ་ཞུ་རྗེས་སྔར་ཡོད་ཀྱི་མཚོ་མོའི་མཐིང་མདོག་མངོན་ལ། ཞོགས་པའི་ཉི་ཟེར་མཚོ་ངོས་སུ་རྒྱབ་ཚེ་གཟི་འོད་རྣམ་པར་བཀྲ་བས། དེ་ནི་ནམ་མཁའི་དགུ་ཚིགས་མི་ཡུལ་དུ་ལྷུང་བ་དང་གཉིས་སུ་མ་མཆིས།

2.jpg

ཞལ་སྒོ་འབྱེད་པའི་བྱེད་སྒོའི་ཐོག་མའི་འབྱུང་ཁུངས་ནི་མི་མང་གིས་མཚོ་སྔོན་པོ་བླ་མཚོར་བཀུར་བ་དང་། མཐོ་སྒང་དུ་འཚོ་བའི་མི་རིགས་འདིས་བརྗིད་ཉམས་ལྡན་པའི་མཛད་སྒོ་བརྒྱུད་དེ་རང་བྱུང་ཁམས་ལ་གོང་བཀུར་མཚོན་པར་མ་ཟད། རྒྱལ་ཁབ་དར་ཞིང་མི་དམངས་སྐྱིད་པ། མི་ལ་ནད་མེད་ཕྱུགས་ལ་གོད་ཁ་མེད་པ། ཞིང་ལ་ལོ་ལེགས་འབྱུང་བ་སོགས་ཁ་གཡང་སྨོན་འདུན་དང་དགེ་སྒྲུབ་སྡིག་སྤོངས་ཀྱི་སྲོལ་རྒྱུན་དུས་ཆེན་ཞིག་རེད། ཞལ་སྒོ་འབྱེད་པ་ནི་མཚོ་སྔོན་པོའི་སྐྱེ་ཁམས་མ་ལག་སླར་སོས་ཀྱི་དུས་ལ་སླེབས་པའི་དན་རྟགས་ཡིན་ལ། གསེར་ཉའི་རྒྱུད་སྤེལ་བ་དང་། དུས་བྱ་གནས་སྤོར་སོགས་སྐྱེ་ཁམས་ཀྱི་མཛེས་ལྗོངས་གཅིག་རྗེས་གཉིས་མཐུད་ངང་མངོན་ཡོང་།

ཞལ་སྒོ་འབྱེད་པའི་བྱེད་སྒོ་ནི་མཚོ་སྔོན་རྐང་ཚའི་དཔྱིད་དཔལ་བསུ་བའི་ཐོག་མ་ཡིན་པའི་ཆ་ནས། པར་ལེན་ལ་དགའ་མཁན་དང་སྐྱེ་ཁམས་གནས་སྐོར་བའི་པོད་བདག་སོགས་མགྱོགས་མྱུར་གྱིས་ཕྱོགས་གཅིག་ལ་བསྡུས་ནས་མཐའ་འཁོར་གྱི་བཟའ་བཏུང་དང་ཞག་སྡོད། འགྲིམ་འགྲུལ་སོགས་ཀྱི་ཐོན་ལས་ལ་སྐུལ་ཁྲིད་བྱས་ཏེ་གནས་སྐོར་གྱི་དུས་འཁོར་རིང་དུ་གཏོང་ཐུབ། རབ་མཛེས་མཚོ་སྔོན་གྱི་ཟོང་རྟགས་ངོས་འཛིན་ཚད་མཐོ་རུ་འགྲོ་ལ། རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་ས་འཛུགས་སྐྲུན་ལ་རམ་འདེགས་བྱེད་ཐུབ།

3.jpg

“ལོ་ལྔའི་འཆར་གཞི་བཅུ་བཞི་པ”ནས་བཟུང་མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་རྐང་ཚ་རྫོང་གིས“སྐྱེ་ཁམས་ལ་བརྟེན་ནས་རྫོང་འཛུགས་རྒྱུ”མཐའ་འཁྱོངས་བྱས་པས། གསེར་ཉ་གསོག་ཚད་ཏུན་ཁྲི12.75བར་ཇེ་མང་དུ་སོང་བ་དང་། ཐོག་མའི་སྲུང་སྐྱོང་གི་དུས་དང་བསྡུར་ན་ལྡབ49འཕར་ཡོད་པར་མ་ཟད། མིའི་ཐབས་ལ་བརྟེན་ནས་འཕར་ཚད་དུང་ཕྱུར2.1ཟིན་ཡོད། བྱ་རིགས281བར་ཇེ་མང་དུ་སོང་བ་དང་ཆུ་བྱ་སྡོམ་འབོར་ཁྲི60.6སླེབས་པས། 2007ལོར་ལྟ་ཞིབ་ཚད་ལེན་བྱས་ཚུན་གྱི་རིན་ཐང་ཆེ་ཤོས་སུ་སླེབས་ཡོད། རི་སྐྱེས་དགོ་དམར་གྱི་གྲངས་འབོར་དེ་ལྟ་ཞིབ་ཚད་ལེན་བྱས་མ་ཐག་པའི300ཡང་ཟིན་མེད་པ་ནས་ད་ལྟ3700ལྷག་བར་སླར་གསོ་བྱུང་བས་ལྡབ12ཙམ་འཕར་ཡོད།

“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”སྐབས་སུ། ཁྱོན་མ་དངུལ་སྒོར་ཁྲི25536.89བཏང་ནས་ཆུའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་དང་རྒྱལ་ཁབ་ས་ཆ་སྔོ་འགྱུར་མཐོར་འདེགས་གཏོང་བ། རྩྭ་སའི་སྐྱེ་ཁམས་བཅོས་སྐྱོང་སོགས་གལ་ཆེའི་སྐྱེ་ཁམས་ཁོར་ཡུག་སླར་གསོ་བཅོས་སྐྱོང་ལས་གྲྭ་གཅིག་གྱུར་འཆར་འགོད་ལག་བསྟར་བྱས་ཏེ། རྩྭ་སའི་སྐྱེ་ཁམས་བཅོས་སྐྱོང་མུའུ་ཁྲི1370.83ཁྱོན་ཡོངས་ནས་ལེགས་སྒྲུབ་བྱས་པ་དང་། མིའི་ཐབས་ལ་བརྟེན་ནས་སྡོང་ཕྲུག་མུའུ5600གསར་སྣོན་བྱས་པས་གྲོང་ཁྱེར་དང་གྲོང་རྡལ་གྱི་སྔོ་འགྱུར་ཁེབས་ཚད39.2%ཟིན། རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཁེབས་ཚད70.68%ཟིན། བརླན་ས་སྲུང་འཛིན་གྱི་ཚད་ས་མུའུ་ཁྲི215.66ཟིན། ནགས་ཚལ་གྱི་ཁེབས་ཚད4.51%ཟིན། སྐྱེ་ཁམས་སྲུང་སྐྱོང་གི་མཐའ་མཚམས་སྤྱི་ལེ1835.52དབྱེ་འབྱེད་གཏན་འབེབས་བྱས། སྐྱེ་ཁམས་སླར་གསོ་ཁུལ་གཙོ་བོའི་སྐྱེ་ཁམས་སྤུས་ཚད་ལེགས་བཅོས་ནུས་ལྡན་བྱས་པས“རྩྭ―ཆུ་བོ― མཚེའུ།― ཉ།― བྱ”བཅས་ཀྱི་མཉམ་གནས་ཀྱི་རི་མོ་ཞིག་བྲིས་ཡོད།

ཟླ་བཞི་པ་དབྱར་གྱི་མགོ་མ་ཡིན་ལ། སྐྱེ་དངོས་ཡོད་ཚད་ལ་སྐྱེ་སྟོབས་ཀྱི་དཔལ་འབར་བའི་དུས་ཚིགས་ཞིག་ཀྱང་ཡིན། མཚོ་སྔོན་པོའི་ཞལ་སྒོ་འབྱེད་པའི་བྱེད་སྒོ་ནི་རང་བྱུང་ཁམས་ཀྱིས་མཐོ་སྒང་ལ་བྲིས་པའི་སྙན་ངག་ཞིག་དང་། མཚོ་སྔོན་གྱིས་འཛམ་གླིང་ལ་ཁ་ཕྱོགས་པའི་སྐྱེ་ཁམས་ཀྱི་མཛེས་པ་དང་རིག་གནས་ཀྱི་དབྱངས་རྟ། འཕེལ་རྒྱས་ཀྱི་སྟོབས་ཤུགས་ངོམས་སའི་གར་སྟེགས་དེ་བས་ཀྱང་ངོ། རྐང་ཚ་རྫོང་གིས“སྐྱེ་ཁམས་སྲུང་ཡོལ”གྱི་འདུ་ཤེས་བརྟན་དུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་ཞལ་སྒོ་འབྱེད་པའི་རྣམ་པའི་ཐོག་ནས་སྐྱེ་ཁམས་དང་རིག་གནས་གནས་སྐོར་གསོན་ཤུགས་གསར་བ་ཞིག་བསྣན་པ་རེད།



མཉམ་སྤྱོད།