དེ་རིང་ནི2026ལོའི་ཟླ03པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་རྐང་ཚས་དཔྱིད་དུས་སུ་ནགས་ཚལ་དང་རྩྭ་ཐང་ལ་ཞིབ་ཚགས་དོ་དམ་སྲུང་སྐྱོང་བྱས་ཏེ་སྐྱེ་ཁམས་བདེ་འཇགས་ཀྱི་རྨང་གཞི་སྲ་བརྟན་དུ་བཏང་།

2026-03-30 09:32:51   |   42

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་བའི་ལོ་ཤས་རིང་རྐང་ཚ་རྫོང་གིས་དཔྱིད་དུས་སུ་ནགས་ཚལ་དང་རྩྭ་ཐང་ལ་ཞིབ་ཚགས་ཅན་གྱི་དོ་དམ་སྲུང་སྐྱོང་བྱ་རྒྱུ་དེ་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲ་བརྟན་དུ་གཏོང་བ་དང་། རྫོང་ཁོངས་ཀྱི་སྐྱེ་ཁམས་མཛེས་ལྗོངས་ལེགས་སུ་གཏོང་བའི་གཞི་རྩ་ཡིན་པར་གཞིགས་ནས་དོ་དམ་སྲུང་སྐྱོང་གི་ལས་དོན་སོ་སོར་བཀོད་སྒྲིག་དང་ལག་བསྟར་ཞིབ་ཚགས་བྱས་པས། ནགས་ཚལ་དང་རྩྭ་ཐང་གི་སྐྱེ་ཁམས་མ་ལག་བདེ་བླག་ངང་འཕེལ་རྒྱས་སུ་འགྲོ་བར་སྒུལ་ནུས་གསར་པ་བསྣན་ཏེ་སྔོ་ཞིང་དྭངས་བའི་རི་ཀླུང་ཆུ་གསུམ་ཁྲོད་མང་ཚོགས་ལ་དོན་དངོས་ཀྱི་སྐྱིད་སྣང་དང་བདེ་སྣང་ཐོབ་པར་འབད།

རྐང་ཚ་རྫོང་ཁོངས་ཀྱི་ནམ་ཟླའི་ཁྱད་ཆོས་དང་དུས་ཚིགས་ཀྱི་ཆོས་ཉིད་དང་ཟུང་འབྲེལ་བྱས་ཏེ་དཔྱིད་ཆུ་འདྲེན་པའི་དུས་སྐབས་གཏན་འཁེལ་བྱས་པ་དང་། རྨོ་བསྐྱུར་ནགས་འདེབས་དང་རྫོང་མཁར་གྱི་གཞུང་ལམ་གཙོ་ཕལ་གྱི་ལྗང་བསྒྱུར་ཁུལ་དང་མཐའ་འཁོར་སྤྱི་གླིང་གི་ལྗང་བསྒྱུར་ཁུལ་སོགས་ལྟེ་བའི་ས་ཁོངས་སུ་ཆེད་ལས་དོ་དམ་སྲུང་སྐྱོང་དཔུང་ཁག་སྒྲིག་འཛུགས་བྱས་པ་དང་། ཆུ་གཏོང་སྒྲིག་ཆས་བཀོད་སྒྲིག་བྱས་ཏེ་ཆུ་གཏོང་བའི་ལས་དོན་ལག་བསྟར་བྱས། ད་ཐེངས་ཀི་དཔྱིད་ཆུ་འདྲེན་པར་སྤྱིའི་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི143.7ཟིན་པ་དང་། ས་ཁོངས་ཡོངས་སུ་འོས་ཤིང་འཚམ་པའི་ཆུ་བཏང་བར་བརྟེན་ནས་སྐྱེད་ཚལ་གྱི་རྩི་ཤིང་ལ་མྱུ་གུ་འབུས་ཚད90%ཟིན་པ་དང་སྡོང་ཕྲུག་གསར་པ་གསོན་ཤུགས་རྒྱས་ཚད90%ཡན་ཁེག་ཐག་བྱས་ཡོད། དེ་དང་ཆབས་ཅིག་ཆུ་འདྲེན་སྦུག་དྲའི་སྲུང་སྐྱོང་དང་ཆུ་སིམ་ཚད་ལ་ལྟ་ཞིབ་ཚད་ལེན་བྱས་པ་དང་ཆུ་འདྲེན་བརྒྱུད་རིམ་ཇེ་ལེགས་བཏང་། ཞིང་ལས་ཆུ་འདྲེན་འགན་ལེན་དང་སྐྱེ་ཁམས་རིམ་སྤོར་ལ་ལྟ་རྟོག་བྱས་ཏེ་དཔྱིད་དུས་རྩི་ཤིང་གི་སྐྱེ་འཚར་ལ་ཆུ་འདང་ངེས་གསོག་འཇོག་བྱས་ཏེ་གྲོང་ཁྱེར་ཡུལ་ལྗོངས་ཀྱི་ཕན་འབྲས་དང་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་མངོན་གསལ་སྒོས་ཇེ་ལེགས་སུ་སོང་ཡོད།

རྐང་ཚ་རྫོང་གིས་དཔྱིད་དུས་ནགས་ཚལ་དང་རྩྭ་ཐང་གི་མེ་དགྲ་སྔོན་འགོག་ལ་བསམ་གཞིགས་ཟབ་མོ་བཏང་ནས“སྔོན་འགོག་གཙོར་འཛིན་དང་། མེ་གསོད་པར་འབད་པ། ཚེ་སྲོག་བླ་རུ་བཀུར་བ། བདེ་འཇགས་དང་པོར་འཇོག་པའི”བྱ་བའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཤིང་། དོ་དམ་སྲུང་སྐྱོང་བྱེད་པ་ནི་ཡུལ་ཚོ་དང་གྲོང་རྡལ། སྡེ་བ་དང་རུ་ཁག་གི་འགན་འཁྲི་གཙོ་བོ་ཡིན་པར་གསལ་འགྲེལ་བྱས་ཏེ་རྩྭ་ཐང་དང་ནགས་ཚལ་ལ་རྒྱུན་རྣམ་ཅན་གྱི་ཉེན་ཟོན་སྐོར་ཞིབ་བྱེད་པ་དང་། ནགས་ཚལ་དང་རྩྭ་ཐང་། མཁར་གྲོང་གི་ལྗང་བསྒྱུར་ཁུལ་སོགས་གཙོར་བཟུང་ནས་གཙང་བཤེར་བྱས་ཏེ་སྐྱེ་ཁམས་དོ་དམ་སྲུང་སྐྱོང་པའི་སྐོར་ཞིབ་ལམ་ལུགས་འཐུས་ཚང་དང་མེ་སྐྱོན་འཕྲལ་སྡོམ་ཐག་གཅོད་ནུས་པ་འཛུགས་སྐྱོང་བྱེད་པར་ཤུགས་སྣོན་བཏང་། སྐྱེ་ཁམས་ཕྱུགས་འགོག་གི“ཀུན་གསལ་བྱང་བུ”བཀྲམ་པ་དང<<ནགས་ཚལ་དང་རྩྭ་ཐང་གི་མེ་དགྲ་སྔོན་འགོག་མེ་གསོད་སྲོལ་ཡིག>>དྲིལ་སྒྲོག་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་ནས་མེ་དགྲ་སྔོན་འགོག་གི་ཤེས་བྱ་དང་འཕྲལ་སྡོམ་རྩལ་ནུས་ཁྱབ་གདལ་བཏང་སྟེ། མང་ཚོགས་རང་རྟོགས་ཀྱིས་མེ་དགྲ་སྔོན་འགོག་གི་ཁྲོད་ཞུགས་རྒྱུར་ཁྲིད་སྟོན་བྱས་ནས“མི་ཚང་མར་འགན་འཁྲི་ཡོད་པ་དང་། མི་ཚང་མས་འགན་འཁྲི་སྒྲུབ་པའི”མེ་དགྲ་སྔོན་འགོག་གི་གནས་སྟངས་ཞིག་བཙུགས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས། སྐྱེ་ཁམས་ཐོན་ཁུངས་ཀྱི་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས།

རྐང་ཚ་རྫོང་གིས“གནད་དོན་ཕྱོགས་སྟོན་དུ་འཛིན་པ་དང་མ་ལག་བཅོས་སྐྱོང་། ཕུགས་ཕན་དོ་དམ་སྲུང་སྐྱོང”བཅས་ཀྱི་བྱ་བའི་བསམ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་སྤྱང་ཚང་གཏེར་དོང་དང་པོ་དང་ཚེ་ཐར། ཧེ་རྡག་ལུང་པ་སོགས་གཏེར་ཁུལ་གྱི་སྐྱེ་ཁམས་སླར་གསོ་བཅོས་སྐྱོང་ཁུལ་གྱི་ལྗང་བསྒྱུར་ལ་ཡུན་རིང་ལྟ་ཞིབ་ཚད་ལེན་དང་དོ་དམ་སྲུང་སྐྱོང་བྱེད་ཚད་མཐོ་རུ་བཏང་ལ། དུས་ཐོག་ཏུ་གསབ་འདེབས་དང་ཆུ་འདྲེན་ལུད་འཇོག་སོགས་ཀྱི་ལས་དོན་སྤེལ་ནས་སྐྱེ་ཁམས་སླར་གསོ་རྒྱུན་འཛིན་དང་ལྟ་ཞིབ་ཚད་ལེན་བྱེད་ཚད་མཐོ་རུ་བཏང་། དེ་དང་ཆབས་ཅིག་ནགས་ཚལ་དང་རྩྭ་ཐང་གི་ལས་གྲྭའི་སྙན་ཞུ་ཕུལ་བ་དང་ཚོང་འགུགས། ལག་བསྟར་བཅས་ཀྱི་བརྒྱུད་རིམ་ཡོངས་ལ་ཞིབ་བཤེར་ནན་མོ་བྱས་ཏེ། ལས་གྲྭའི་བརྒྱུད་རིམ་ཡོངས་ལ་ལྟ་སྐུལ་དོ་དམ་བྱེད་པའི་ལམ་སྲོལ་བཙུགས་ནས་ལས་གྲྭ་བདེ་བླག་ངང་ལེགས་འགྲུབ་འབྱུང་བར་ཁག་ཐེག་བྱེད་པ་དང་།  ཚན་རིག་དང་མཐུན་པའི་སྒོ་ནས་ལག་བསྟར་བྱས་ཏེ།  ཕན་འབྲས་མངོན་གསལ་ཐོབ་པར་འགན་ལེན་བྱས་ཡོད།



མཉམ་སྤྱོད།