དེ་རིང་ནི2026ལོའི་ཟླ03པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྐང་ཚ་རྫོང་གིས་སྐྱེ་ཁམས་གནས་སྐོར་ལ་བརྟེན་ནས་ཞིང་འབྲེལ་ཞིང་ཁྲིད་ཀྱི་ཕྱུག་འགྱུར་ཐབས་ལམ་གསར་པ་བཙལ།

2026-03-31 14:38:58   |   22

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


དཔྱིད་དཔལ་མཐོ་སྒང་ཡུལ་ལ་སླེབས། བླ་མཚོའི་དར་གོས་ཕུད་ལ་ཉེ། མཚོ་སྔོན་པོའི་དར་གོས་མི་འགྱང་བར་ཕུད་ལ་ཉེ་ཞིང་། མཚོ་མོའི་མཛེས་ལྗོངས་ངོམས་པའི་སྐབས་འདི་དང་བསྟུན་ནས། རྐང་ཚ་རྫོང་གིས་མཚོ་སྔོན་པོའི་ཞལ་སྒོ་འབྱེད་པའི་ཕྲེང་བསྟར་བྱེད་སྒོར་བརྟེན་ནས་ཞིང་ཆེན་ཡོངས་དང་ཐ་ན་རྒྱལ་ཡོངས་ལ་སྙན་པའི་གྲགས་པ་འབར་བའི“ཉ་དང་བྱ་ཡི་ཞིང་ཁམས། མཚོ་ངོགས་བོད་མཁར་རྐང་ཚའི”སྐྱེ་ཁམས་ཀྱི་དབྱངས་རྟ་དང་དམངས་ཕྱུག་གི་བགྲོད་ལམ་གཏོད། ཉེ་བའི་ལོ་ཤས་རིང་རྐང་ཚ་རྫོང་གིས་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་ས་གཏན་འཁེལ་བྱས་ཏེ་མཚོ་སྔོན་པོའི་དཔེ་སྟོན་ཁུལ་བསྐྲུན་ཏེ་སྔོ་ཞིང་དྭངས་བའི་རི་ཀླུང་ཆུ་གསུམ་རོང་འབྲོག་མང་ཚོགས་ཀྱི“བདེ་སྐྱིད་ཀྱི་རྒྱབ་རི”དངོས་ལ་བསྒྱུར་ཡོད།

མཐོ་སར་འགོས་ནས་རྒྱང་ལ་ལྟ་བ་དང་། སྐྱེ་ཁམས་དམངས་ཕྱུག་གི་འཆར་གཞི་གསར་པ་བཀོད་ཡོད། རྐང་ཚ་རྫོང་གིས“ཆེས་ཆེ་ཤོས་གསུམ”གྱི་ཞིང་ཆེན་གནས་བབ་དངོས་ལ་གཞི་ཚུགས་ནས་ཞིང་ཆེན་ཡོངས་ཀྱི“དཀྱིལ་སྙིང་གཅིག་དང་མཐའ་འཁོར་གཅིག སྣ་མང་ཁྱད་ལྡན་ཐོན་རྫས”ཀྱི་གནས་སྐོར་བཀོད་པའི་ནང་རང་འགུལ་ངང་ཞུགས་ཏེ། “གསར་སྤེལ་ཆེན་པོ་མི་བྱེད་སྲུང་སྐྱོང་ཆེན་པོ་བྱེད”ཅེས་པ་གཞི་རྩར་བཟུང་ནས་སྐྱེ་ཁམས་སྲུང་སྐྱོང་དང་དམངས་ཚིས་ལེགས་བཅོས་མཉམ་འདྲེས་གཏིང་ཟབ་བྱས་ཡོད། རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ཚད་གཞི་མཐོན་པོའི་སྒོ་ནས་སྐྱེ་ཁམས་གནས་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་འཆར་འགོད་བཟོས་ཏེ་དཔྲལ་བའི་མིག་འབྲས་ལ་སྲུང་སྐྱོང་བྱེད་པ་ཇི་བཞིན་མཚོ་སྔོན་པོའི་སྐྱེ་ཁམས་ལ་སྲུང་སྐྱོང་བྱས་ནས“ཁོར་ཡུག་བཅོས་སྒྲིག་ཆེན་པོ་དང་ཞབས་ཞུ་མཐོར་འདེགས་ཆེན་པོའི”སྲ་ཞིང་བརྟན་པའི་བྱེད་ཐབས་བརྒྱད་གསར་གཏོད་བྱས་ཏེ་མཚོ་མོའི་བྱང་ངོགས་ཀྱི་སྐྱེ་ཁམས་སྲུང་ཡོལ་ཇེ་བརྟན་དུ་བཏང་བ་དང་ཆབས་ཅིག“ཏང་འཛུགས་སྐྱོང་དང་སྐྱེ་ཁམས། གནས་སྐོར། རིག་གནས”བཅས་ཀྱི་གྲོང་གསེབ་དར་སྤེལ་གྱི་ཐབས་ལམ་གསར་པ་ཞིག་འཚོལ་ཞིབ་བྱས་ལ། སྐྱེ་ཁམས་ཀྱི་དགེ་མཚན་དེ་འཕེལ་རྒྱས་ཀྱི་རྣམ་པར་བསྒྱུར་ཡོད།

བཀག་རྒྱ་གཏོར་ནས་ཇུས་གསར་བཙུགས་ཏེ། ཞིང་འབྲེལ་ཞིང་ཁྲིད་ཀྱི་ལམ་སྲོལ་གསར་པ་གསར་གཏོད་བྱས། རྐང་ཚ་རྫོང་གིས་སྲོལ་རྒྱུན་གྱི་ཕྱུགས་འཚོ་བའི་ཐབས་ལམ་གཅིག་པུ་ལ་མི་བརྟེན་པར“མཛེས་ལྗོངས་ཁུལ་དང་སྡེ་བའི་ཐུན་མོང་། འབྲོག་ཁྱིམ”བཅས་ཀྱི་ཁེ་ཕན་མཉམ་ཐོབ་ཀྱི་ཐབས་ལམ་བསྐྲུན། ལྷ་ཆབ་ཁུག་དང་ཧུང་ཡུས་གཞིས་ཁྱིམ་སོགས་དཀྱིལ་སྙིང་ལྗོངས་ཁུལ་དུ“རྩྭ་ར་མ་རྐང་ནང་ཞུགས་པ་དང་གླ་ཕོགས་ལས་ཞུགས། སྒེར་ཚུགས་ལས་གཉེར”བཅས་བྱེད་སྟངས་གསུམ་ཁྱབ་གདལ་བཏང་ནས་སྡེ་བ་ཡོངས་ཀྱིས་རྩྭ་རའི་ཐོན་ཁུངས་མ་རྐང་ལ་བཞག་རྗེས་མཛེས་ལྗོངས་ཁུལ་ལ་བརྟེན་ནས་ཁེ་སྤོགས་བགོ་བྱ་རྒྱག་རྒྱུ་མངོན་འགྱུར་བྱུང་བ་དང་། རོང་འབྲོག་མང་ཚོགས་སྐྱེ་ཁམས་འགྲེལ་བཤད་པ་དང་གཙང་སྦྲ་བྱེད་མཁན་དུ་བསྒྱུར་ནས་ལས་ཞུགས་བརྟན་པོ་བྱུང་བ་དང་། རྟ་བའི་རུ་དཔུང་དང་བོད་ཟས་རོལ་མྱོང་། རིག་གནས་གསར་གཏོད་བྲིན་ཚོང་སོགས་མང་ཚོགས“སྦྱིན་བདག”དུ་གྱུར་ཡོད། མིག་སྔར་སྐྱེ་ཁམས་མཛེས་ལྗོངས་ཁུལ4ཡིས་མི320ལྷག་ཙམ་ལས་ཞུགས་ཐུབ་པར་ཐད་ཀར་སྐུལ་ཁྲིད་བྱས་པ་དང་མཐའ་འཁོར་མང་ཚོགས9400ལྷག་ཙམ་ལ་ཕན་ཁེ་ཐོབ་ནས“ཐོན་ཁུངས་རྒྱུ་ནོར་དུ་འགྱུར་བ་དང་འབྲོག་པ་རྐང་འཛིན་པར་འགྱུར་བའི”རྣམ་པ་ཆགས་ཡོད།

གཡུར་དུ་ཟ་བའི་གྲུབ་འབྲས་མངོན་གསལ་བླངས་ཏེ་བོད་མཁར་རྐང་ཚར་མཚན་སྙན་གསར་པ་ཐོབ། ཡག་མོ་སྡེ་བའི་ཚོང་ཟོག་ཚོང་ཁང་ནས་ལོ་རེའི་ཡོང་འབབ་སྒོར་ཁྲི5འཕར་བའི་རྒན་པོ་ཤེས་རབ་སྐྱིད་དང་རྟ་རྐྱང་དམར་ཁྲིད་ནས“གནས་སྐོར་ཟ་མ”ལོངས་སྤྱོད་བྱེད་བཞིན་པའི་ལྷ་རྒྱལ་དགྲ་འདུལ། ཕྱིར་ཕ་ཡུལ་དུ་ལོག་ནས་ལས་ཞུགས་བྱེད་པའི་སློབ་ཆེན་སློབ་མ་དར་མོ་སྐྱིད་སོགས་ཀྱི་གསོན་ཉམས་དོད་པའི་ཡོང་འབབ་འཕར་སྣོན་གྱི་གཏམ་རྒྱུད་རེ་རེས“རི་བོ་གཉིས”རྐང་ཚའི་ལག་ལེན་དུ་བསྒྱུར་བ་དངོས་སུ་ར་སྤྲོད་བྱས་ཡོད། 2025ལོར་སྔོན་དཔག་བྱས་ན་རྫོངཡོངས་ཀྱིས་གནས་སྐོར་བ་མི་ཐེངས་ཁྲི187.2ལ་སྣེ་ལེན་ཞུས་ཤིང་། གནས་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར6.45ལས་བརྒལ་བས། དུས་མཚུངས་ལས25.82%དང24.18%སོ་སོར་འཕར་ཡོད། རོང་འབྲོག་པ་མི་རེར་ཆ་སྙོམས་འབབ་འཕར་སྒོར་ཁྲི1ལྷག་ཙམ་བྱུང་ནས་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ་སྒོར་ཁྲི་བརྒྱ་ལས་བརྒལ་ཡོད།“གཡུ་ཡི་མཎྡལ་བཤམས་འདྲའི་མཚོ་སྔོན་པོ། མདོ་ལ་རིང་མོའི་འདབས་ཀྱི་ཕྱུགས་ར་བཟང་པོའི”ཟོང་རྟགས་ཀྱི་མཚན་སྙན་སྔར་ལས་མཐོ་ལ། “གཡུ་མདོག་བླ་མཚོ། བོད་མཁར་རྐང་ཚའི”སྙན་གྲགས་མུ་མཐུད་དུ་ཇེ་མཐོར་སོང་ཡོད།

མགོ་འཛུགས་ས་གསར་པ་ཞིག་ལ་རྐང་བཙུགས་ཏེ། རྐང་ཚ་རྫོང་གིས་ཐེངས་འདིའི་མཚོ་སྔོན་པོའི་ཞལ་སྒོ་འབྱེད་པའི་དུས་ཚིགས་གོ་སྐབས་སུ་བཟུང་ནས“སྐྱེ་ཁམས+”ཡི་རྩོམ་ཡིག་ཡག་པོ་འབྲི་བ་དང་རིག་གནས་གནས་སྐོར་མཉམ་འདྲེས་གཏིང་ཟབ་ཏུ་གཏོང་བ། ཞིང་འབྲེལ་ཞིང་ཁྲིད་ཀྱི་ལམ་སྲོལ་འཐུས་ཚང་དུ་བཏང་ནས་རོང་འབྲོག་མང་ཚོགས་མང་པོ་ཞིག་གིས“སྐྱེ་ཁམས་ཀྱི་དཀར་ཡོལ”བཏེགས་ཏེ“གནས་སྐོར་གྱི་ཟ་མ”ལོངས་སྤྱོད་ཐུབ་པར་བྱས་ཏེ་མཚོ་སྔོན་པོའི་འགྲམ་དུ་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་དང་མཉམ་དུ་ཕྱུག་འགྱུར་ཡོང་བའི་ལེའུ་གསར་པ་ཞིག་འབྲི་རྒྱུ་རེད།



མཉམ་སྤྱོད།