དེ་རིང་ནི2026ལོའི་ཟླ04པའི་ཚེས07ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་མོའི་ལྷོ་བྱང་འོད་ཀྱིས་སྦྲེལ། ལྷ་ཆབ་ཁུག་ཏུ་གཟི་དཔལ་འབར།

2026-04-07 09:34:13   |   72

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


མཚོ་སྔོན་པོའི་ས་ཁོངས་ཡོངས་ཀྱི་གནས་སྐོར་གྱི་བརྗིད་ཉམས་ལྡན་པའི་པར་རིས་ཁྲོད། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གིས་གཞན་ལས་ཁྱད་དུ་འཕགས་པའི་གནས་བབ་གལ་ཆེན་ཞིག་བཟུང་ཡོད། ལྷོ་རུ་གླང་ཆེན་མཆེ་བའི་ལྗོངས་ཁུལ་ཡོད་ལ་བྱང་དུ་ལྷ་ཆབ་ཁུག་གི་ཁྱད་མཚར་གནས་སྐོར་ལྗོངས་ཁུལ་ཆགས་ཡོད། མཛེས་ལྗོངས་ཆེན་མོ་འདི་གཉིས་ནི་མཚོའི་གཡས་རི་དང་གཡོན་རི་ནས་འགྱིང་ངེར་ལངས་ཡོད་ལ་ཕན་ཚུན་རམ་འདེགས་བྱེད་བཞིན་ཡོད། ལྷོ་བྱང་གཉིས་སུ་རྣམ་པ་གཉིས་ཀྱིས་མཛེས་ལྗོངས་ཀྱི་ཉམས་འགྱུར་མངོན་ཡོད་ལ་ཕན་ཚུན་ཆར་བ་ཆུ་གྲོགས་སུ་སོང་ནས་མཉམ་དུ་མཚོ་སྔོན་པོའི་འགྲམ་ངོགས་ཀྱི་ཆེས་མཛེས་པའི་གནས་སྐོར་སྤྱི་ཁོག་ཅིག་བྲིས་ཡོད།

ལྷོ་ངོས་ཀྱི་གླང་ཆེན་མཆེ་བའི་ལྗོངས་ཁུལ་ལ་འདུ་འཛི་ཆེ་བས་དེ་ནི་མཚོ་སྔོན་པོའི་གནས་སྐོར་གྱི་ཚད་ལྡན་གནས་རྟགས་ཤིག་ཡིན། ཡིན་ནའང་བྱང་ངོགས་རྐང་ཚའི་ས་ཁོངས་ཀྱི་ལྷ་ཆབ་ཁུག་ནི་གདོད་མའི་སྐྱེ་ཁམས་རྣམ་པ་མ་དོར་བའི་ཡུལ་ལྗོངས་ཁྱད་པར་བ་ཞིག་ཡིན། འདི་གར་ཁུ་སིམ་ལྷིང་འཇགས་དང་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་། བསིལ་ཞིང་འཇམ་པའི་རླུང་བུ་ལས་གཞན་ཚད་ལས་བརྒལ་བའི་ཚོང་ཁྲོམ་གྱི་འུར་ཟིང་མེད་པར་མཐོ་སྒང་གི་ཕང་བ་རུ་སྔོ་སྟེམས་མེར་འཁྱིལ་བའི་མཚོ་མོའི་རླབས་རྒྱུན་དང་རང་བྱུང་ཁམས་ཀྱི་མཛེས་པར་རོལ་མྱོང་བྱས་ཆོག་པས།  མི་རྣམས་ལ་མཚོ་སྔོན་པོར་གནས་སྐོར་བྱེད་པའི་བག་ཆགས་རྐྱང་པ་དེ་གཏོར་ནས་མཚོ་སྔོན་པོའི་འགྲམ་རྒྱུད་ཀྱི་ཁྱད་ཆོས་ལྡན་པའི་རིན་པོ་ཆེའི་གནས་སྐོར་གནས་མཆོག་ཅིག་ཏུ་གྱུར་ཡོད།

1.jpg

ལྷ་ཆབ་ཁུག་སྐྱེ་ཁམས་ཉམས་ལེན་ཁུལ་ནི་རྐང་ཚ་རྫོང་གི་འཐུས་ཚབ་རང་བཞིན་གྱི་ལྗོངས་ཁུལ་ཞིག་ཡིན་པའི་ཆ་ནས། དེ་རུ་རང་བྱུང་ཁམས་ཀྱི་ཁྱད་མཚར་མཛེས་ལྗོངས་དང་སྐྱེ་ཁམས་ཀྱི་རྨང་གཞི། ཡུལ་སྲོལ་གོམས་གཤིས་སོགས་གཞི་གཅིག་དུ་འདུས་ཡོད། དྭངས་ཤིང་བསིལ་བའི་མཐོ་སྒང་གི་མཁའ་དབུགས་དང་རྔམ་བརྗིད་ལྡན་པའི་མཚོ་མཐའི་ཡུལ་ལྗོངས། གཞུང་དྲང་བབ་ཆགས་ཀྱི་ཡུལ་སྲོལ་གོམས་གཤིས་སོགས་ནི་མཚོ་སྔོན་པོའི་བྱང་ངོགས་ན་ལྷམ་མེར་འཚེར་བཞིན་པའི་སྐྱེ་ཁམས་ཀྱི་མུ་ཏིག་རྡོག་གཅིག་ཡིན་ལ། “རྐང་ཚའི་སྦས་མི་ཐུབ་པའི་མཐོ་སྒང་གི་བསིལ་རླུང”ཕྱོགས་བཞིར་ཁྱབ་པ་དང་མི་སེམས་རབ་ཏུ་བཀུག་ཡོད།

ས་ཁོངས་ཀྱི་ཆ་ནས་བལྟས་ན། རྐང་ཚ་རྫོང་ནི་མཚོ་སྔོན་པོའི་བྱང་ངོགས་དང་མདོ་ལ་རིང་མོའི་ལྷོ་འདབས་སུ་གནས་ཡོད་ལ། མཚོ་སྔོན་པོ་སྐོར་བའི་གནས་སྐོར་གྱི་ས་ཚིགས་གལ་ཆེན་ཞིག་ཡིན། ལྷ་ཆབ་ཁུག་ནི་མཚོ་འཁྱིལ་ཡུལ་ཚོའི་མངའ་ཁོངས་སུ་ཆགས་ཡོད། རྒྱལ་ལམ315དང་ཐག་ཉེ་བས་འགྲིམ་འགྲུལ་སྟབས་བདེ་བ་དང་ས་བབ་ལེགས་པ། མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ལྟེ་བའི་ས་ཁོངས་སུ་གནས་པ་དང་བྱང་ངོགས་ནི་མཐོང་དཀོན་པའི་གདོད་མའི་སྐྱེ་ཁམས་མཚོ་གཟིགས་གནས་མཆོག་ཅིག་རེད། འདི་གར་ཚད་ལས་བརྒལ་བའི་ཚོང་ལས་གསར་སྤེལ་མེད་ལ། ཡོད་ཚད་ནི་མཚོ་མོའི་མདངས་དང་རང་བྱུང་གི་མཛེས་པ་ཁོ་ན་ཡིན་པས། མཚོ་སྔོན་པོའི་གསང་བའི་ཁོར་ཡུག་འཚོལ་ཞིབ་དང་གདོད་མའི་སྐྱེ་ཁམས་ཀྱི་མཛེས་སྡུག་མྱོང་རོལ་་བྱེད་པའི་གདམ་ག་དང་པོ་དེ་ཡིན།

2.jpg

གནམ་གཤིས་བསིལ་བ་ནི་ལྷ་ཆབ་ཁུག་གི་ཡིད་དབང་འཕྲོག་པའི་ཁྱད་ཆོས་ཤིག་ཡིན་ལ“རྐང་ཚའི་སྦས་མི་ཐུབ་པའི་མཐོ་སྒང་གི་བསིལ་རླུང”ཞེས་པའི་མི་སེམས་སྒུལ་བའི་མཚོན་བྱེད་ཅིག་ཀྱང་ཡིན། མཛེས་ལྗོངས་ཁུལ་ཡོངས་ཆ་སྙོམས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི3300ལས་བརྒལ་བས། མཐོ་སྒང་གི་གནམ་གཤིས་དང་མཚོ་སྔོན་པོ་ཡོད་པའི་རྐྱེན་གྱིས་ལོ་ཧྲིལ་བོར་དྲོད་གྲང་སྙོམས་ལ་མཁའ་དབུགས་དྭངས་ཤིང་གཙང་། དབྱར་གཞུང་གི་དུས་སུ་ནང་ལོག་ནས་ཚ་གདུག་བཟོད་དཀའ་ནའང་གནས་འདི་གར་ཆ་སྙོམས་དྲོད་ཚད་ཧྲེ་ཧྲི་ཏུའུ15℃ཙམ་ལས་མེད་ལ། མཚོ་རླུང་བསིལ་མོས་མི་རྣམས་སྐྱིད་ལ་འགོད། “བསིལ་བའི་རླུང་ལ་རོལ་འདོད་ན་ལྷ་ཆབ་ཁུག་ཏུ་ཕེབས་རོགས”ཞེས་པའི་མཚན་སྙན་མིང་དོན་དང་མཚུངས། དབྱར་དུས་ཀྱི་ཚ་བ་སེལ་བ་དང་ལུས་སེམས་ལྷོད་ལ་འབབ་ཐུབ་པས་ངོ་གནོང་མི་དགོས་པའི་མཐོ་སྒང་གི་རང་བྱུང་ཚ་གཡོལ་གནས་མཆོག་ཅིག་ཡིན།

ཡུལ་ལྗོངས་མཛེས་པ་ནི་ལྷ་ཆབ་ཁུག་གི་ཆེས་དཀོན་པའི་མཐོང་ཚོར་གྱི་སྟོན་མོ་ཡིན། མཛེས་ལྗོངས་ཁུལ་གྱིས་མཚོ་གཟིགས་ལྟེ་བར་འཛིན་པ་དང་། སྨི་བཅུ་ལྷག་གི་གཡང་གཟར་ནི་གྲི་ཡིས་གཞོག་པ་དང་འདྲ་བར་མཚོ་ཡི་གཏིང་ལ་ཟུག་ཅིང་བརྗིད་ཉམས་ལྡན། ཡུལ་ལྗོངས་ལ་ལྟ་སའི་སྟེགས་བུའི་ཐོག་ལངས་ནས་རྒྱང་ལྟ་བྱས་ཚེ། མཚོ་སྔོན་པོ་དྭངས་ཤིང་གཙང་བ་དང་ནམ་མཁའ་སྔོ་ཞིང་དྭངས་པས་གཞི་གཅིག་དུ་སྦྲེལ་ཡོད་པ་དང་མཚུངས་ལ། མཚོ་རླུང་གིས་དར་ལྕོག་བསྐྱོད་པའི་བརྗིད་ཉམས་ལྡན་པའི་རང་བྱུང་རོལ་དབྱངས་ལེ་ཚན་ཞིག་ཏུ་གྱུར་ཡོད། ཞོགས་པར་སྤྲིན་སྨུག་འཁྲིགས་པ་དང་ཕྱི་དྲོར་རླབས་རིས་ཀྱིས་ཁེངས་ཤིང་། ས་སྲོས་སུ་མཚོ་མོ་དང་རི་བརྒྱུད་གསེར་གྱིས་བྱུགས་པ་དང་འདྲ་བས། ཉིན་གཅིག་ལ་ཡུལ་ལྗོངས་གསུམ་དང་དུས་བཞི་ལ་རོལ་མྱོང་ཐུབ་པའི་མཐོ་སྒང་གི་ངོ་མཚར་བའི་ས་གཤིས་དང་མཚོ་མོའི་ཡུལ་ལྗོངས་མཉམ་དུ་མངོན་ཡོད།

3.jpg

སྐྱེ་ཁམས་ཀྱི་དབྱངས་རྟ་ཡིས་ལྷ་ཆབ་ཁུག་ལ་སྐྱེ་སྟོབས་ཀྱི་དཔལ་འབར་དུ་བཅུག་ཡོད། མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོང་གི་ལྟེ་བའི་ཁུལ་ཡིན་པའི་ཆ་ནས་འདི་གར“ཆུ-རྩྭ-ཉ-བྱ”བཅས་མཉམ་དུ་གནས་པའི་མཐོ་སྒང་སྐྱེ་ཁམས་ཀྱི་མ་ལག་ཅིག་ཆགས་ཡོད་ལ། ལོ་རེའི་ཟླ6པ་ནས8པའི་བར་གསེར་ཉ་ཕྱིར་རྒྱུ་བའི་གནས་ཚུལ་ངོ་མཚར་ཅན་ཏེ“ཕྱེད་ཀ་ཆུ་དང་ཕྱེད་ཀ་ཉ”ཞེས་པའི་ཚེ་སྲོག་གི་མཛེས་ལྗོངས་བཏོད་ཡོད། ཁྲུང་ཁྲུང་སྐེ་ནག་དང་ངང་བ། ཁྲུང་ཁྲུང་མགོ་ཁྲ་སོགས་བྱ་རིགས་རྩ་ཆེན་བཅུ་ཕྲག་ཁ་ཤས་དེ་གར་འཚོ་སྡོད་དང་འཕུར་ལྡིང་བྱེད་བཞིན་ཡོད་པ་དང་། མཐའ་འཁོར་གྱི་རྩྭ་ཐང་དུ་སྐབས་འགར་དགོ་དམར་བག་ཡངས་སྒོས་འགྲོ་བཞིན་ཡོད་ལ། རི་བོའི་གཟུགས་མཚོ་མོར་ཤར་བའི་བརྗིད་ཉམས་ཀྱི་མཛེས་ལྗོངས་ཡོད་པས། ཡིད་དབང་ཅིག་ཅར་འཕྲོག་པའི་རྐང་ཚའི་སྐྱེ་ཁམས་སྲུང་སྐྱོང་གི་གྲུབ་འབྲས་མངོན་ཡོད།

མི་ཆོས་རིག་གནས་ཀྱིས་ལྷ་ཆབ་ཁུག་ལ་རིག་གནས་ཀྱི་ནང་དོན་ཟབ་མོ་བསྣན་ཡོད། གནས་འདི་ནི་མཚོ་སྔོན་པོའི་དམངས་སྲོལ་རིག་གནས་རྒྱུན་འཛིན་བྱེད་ས་གཙོ་བོ་ཡིན་ལ། རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་མཚོ་སྔོན་པོའི་མཚོ་མཆོད་མཛད་སྒོ་ད་ལྟའི་བར་སྤེལ་བཞིན་ཡོད། ས་གནས་འདིའི་མང་ཚོགས་ཀྱིས་རང་བྱུང་ཁམས་ལ་བཀུར་བསྟི་བྱས་ནས་ཕ་ཡུལ་ལ་གཅེས་སྐྱོང་གི་སྲོལ་རྒྱུན་རིག་གནས་དང་དམངས་སྲོལ་གོམས་གཤིས་རྒྱུན་འཛིན་བྱས་ཡོད། གནས་འདིའི་རི་ཀླུང་ཆུ་གསུམ་དང་ཡུལ་སྲོལ་གོམས་གཤིས་ཀྱིས་གནས་སྐོར་བ་རྣམས་ཀྱི་ཡིད་དབང་ཅིག་ཅར་ཏུ་འཕྲོག་ཅིང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་འདུ་ཤེས་རོལ་མྱོང་བྱེད་ཐུབ།

དུས་བཞིའི་འཁོར་བསྐྱོད་ཀྱིས་ལྷ་ཆབ་ཁུག་ལ་གཞན་ལས་ལྷག་པའི་མཐོ་སྒང་གི་ཡུལ་སྲོལ་གོམས་གཤིས་ཤིག་ཆགས། དཔྱིད་ཀྱི་རྒྱལ་མོ་སླེབས་ནས་དར་དང་ཆབ་རོམ་ཞུ། དུས་བྱ་བྱང་དུ་ལོག་པས་ཕྱོགས་བཞིར་གསོན་ཤུགས་རྒྱས། དབྱར་དུས་བསིལ་ཞིང་འཇམ་ལ་མེ་ཏོག་སྣ་བརྒྱ་བཞད། གསེར་ཉའི་འཁྱུག་འགྲོས་བར་ནས་བདེ་སྐྱིད་དཔལ་ལ་རོལ། སྟོན་ཟླ་བརྒྱད་པ་སླེབས་དུས་མཚོ་མོ་དྭངས་ཤིང་གསལ། གསེར་མདོག་རྩྭ་ཐང་སྟེང་ནས་ཡིད་སེམས་བདེ་ལ་བབ། དགུན་གྱི་ལྷག་རླུང་ཁྲོད་ནས་མཚོ་མོས་ན་བཟའ་བནབས། ཁ་བའི་ཡུལ་ལྗོངས་འདི་རུ་རི་ཆུའི་མཛེས་པ་ངོམས། དུས་བཞི་མངོན་པར་གསལ་བས་ཕྱོགས་བཞིའི་མགྲོན་པོ་བཀུག ལྷ་ཆབ་ཁུག་གི་ཡིད་འཕྲོག་མཛེས་ལྗོངས་ཀྱིས་རྐང་ཚར་གསོན་ཤུགས་གསར་བ་བསྩལ།

རྐང་ཚའི་ལྷ་ཆབ་ཁུག་མིང་བྱང་དུ་བྱས་ཏེ་མཐོ་སྒང་གི་དྭངས་ཤིང་བསིལ་བའི་མཁའ་དབུགས་དང་རང་བྱུང་ཁམས་ཀྱི་མཛེས་པ། སྐྱེ་ཁམས་དང་སྤྱི་ཚོགས་ཀྱི་རིག་གནས་སོགས་མཉམ་འདྲེས་བྱས་ནས་མཚོ་སྔོན་པོའི་བྱང་ངོགས་ཀྱི་གནས་སྐོར་གནས་མཆོག་ཞིག་བསྐྲུན་ཡོད། སྦས་མི་ཐུབ་པའི་མཐོ་སྒང་གི་བསིལ་རླུང་། བལྟས་མི་ཚར་བའི་ལྷ་ཆབ་ཁུག་གི་ཡུལ་ལྗོངས་ལ་བརྟེན་ནས་རྐང་ཚས་ཕྱོགས་བཞི་མཚམས་བརྒྱད་ཀྱི་གནས་སྐོར་བ་ལྷག་བསམ་ཟོལ་མེད་ཀྱིས་གདན་དྲངས་ཏེ་མཐོ་སྒང་གི་རྔམ་བརྗིད་དང་བླ་མཚོའི་མཛེས་ལྗོངས་ལ་རོལ་མྱོང་བྱེད་དུ་བཅུག་ཡོད།



མཉམ་སྤྱོད།