དེ་རིང་ནི2026ལོའི་ཟླ04པའི་ཚེས16ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་རྐང་ཚས་ཚན་རྩལ་ནུས་པར་བརྟེན་ནས་ཕྱུགས་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་།

2026-04-16 10:27:13   |   59

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


ད་ལོ་ནས་བཟུང་། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གིས་ཚན་རྩལ་ནུས་པར་བརྟེན་ནས་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐུལ་འདེད་གཏོང་རྒྱུ་གཞི་འཛིན་སར་བྱས་ཏེ། རིག་ནུས་ཕྱུགས་ལས་ཀྱི་གཞི་གྲངས་ཆེན་མོའི་སྟེགས་བུར་བརྟེན་ནས་ཕྱུགས་ཟོག་གསོ་སྤེལ་དང་ལས་སྣོན། ཟོང་འགྲུལ། ཉོ་ཚོང་སོགས་སྦྲེལ་ཐག་ཚང་མར་གཞི་གྲངས་ཅན་གྱི་དོ་དམ་མ་ལག་བཙུགས་པས། སྲོལ་རྒྱུན་ཕྱུགས་ལས་ཀྱི་དོ་དམ་རགས་ལས་ཡིན་པ་དང་གཞི་གྲངས་ཁ་ཐོར་ཡིན་པ། ལྟ་སྐུལ་རྗེས་ལུས་ཡིན་པའི་དཀའ་གནད་སེལ། ཕྱུགས་ལས་ཕྱོགས་སྒྱུར་རིམ་སྤོར་ལ་ཚན་རྩལ་གྱི་སྒུལ་ནུས་ཆེན་པོ་བསྩལ།

དྲ་བ་གཅིག་གིས་གཅིག་གྱུར་དོ་དམ་དང་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་ཐོན་ལས་ཀྱི་བདེ་འཇགས་སྲུང་ཡོལ་ཇེ་བརྟན་དུ་བཏང་། རིག་ནུས་ཕྱུགས་ལས་ཀྱི་གཞི་གྲངས་ཆེན་མོའི་སྟེགས་བུའི་སྦྲེལ་ཐག་ཧྲིལ་པོའི་གཞི་གྲངས་བསྡུ་སྒྲིག་གི་ལེགས་ཆར་བརྟེན་ནས་སྲོལ་རྒྱུན་ཕྱུགས་ལས་ཀྱི་ལྟ་སྐུལ་དོ་དམ་ཁ་ཐོར་ཅན་དང་གཞན་དབང་ཅན་གྱི་དཀའ་ངལ་མེད་པར་བཟོས་ཏེ། ལྟ་སྐུལ་དོ་དམ་བྱེད་སྟངས་གནད་ལ་འཁེལ་བ་དང་རང་འགུལ་ཅན་དུ་འགྱུར་རྒྱུར་སྐུལ་འདེད་བཏང་། ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་ལས་སྟེགས་བརྒྱུད་ནས་དུས་ཐོག་ཏུ་འདྲི་རྩད་བྱེད་པ་དང་འགུལ་རྣམ་ལྟ་ཞིབ་ཚད་ལེན། གསོ་སྤེལ། ལས་སྣོན། ཟོང་འགྲུལ་བཅས་ལྷུ་ཚིགས་ཁག་གི་འཁོར་སྐྱོད་གཞི་གྲངས་ལ་བརྟེན་ནས་སྒྲིག་འགལ་བཀོལ་སྤྱོད་དང་། ཁོར་ཡུག་ཚད་ལོན་མེད་པ། ཐོན་རྫས་སྤུས་ཚད་ཀྱི་མངོན་མེད་རྐྱེན་ངན་སོགས་ཀྱི་གནད་དོན་གནད་ལ་འཁེལ་བའི་སྒོ་ནས་གྲལ་བཤེར་བྱས་ཏེ་སྲོག་ཆགས་ཀྱི་རིམས་ནད་ཚབས་ཆེན་མཉམ་འགོག་མཉམ་བཅོས་དང་ཞིང་ཕྱུགས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཀྱི་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་དོ་དམ་བྱེད་པར་རོགས་རམ་བྱས་ནས། ཉེན་ཁ“སྔ་མོ་ནས་ཤེས་པ་དང་སྔ་མོ་ནས་ཉེན་བརྡ་གཏོང་བ། སྔ་མོ་ནས་ཐག་གཅོད་བྱེད་པ”མངོན་འགྱུར་བྱུང་ནས་ལྟ་སྐུལ་དོ་དམ་གྱི་ལས་ཆོད་དང་གནད་ལ་འཁེལ་ཚད་ཆེས་ཆེར་མཐོ་རུ་བཏང་། མིག་སྔའི་བར་ལས་སྟེགས་དེ་གསོ་སྤེལ་ར་བ25དང་འབྲེལ་ཡོད་ཁེ་ལས། དེ་བཞིན་ནོར་ལུག་ཕྱིར་འཚོང་ཚོང་ཁང18ནང་འཇུག་བྱས་པ་དང་། རིམ་རྩིས་བྱས་ན་གློག་རྡུལ་ནད་ཡམས་ཞིབ་བཤེར་ལག་ཁྱེར3600ལྷག་ཙམ་སྒྲུབ་ནས་ཐོན་ལས་བདེ་འཇགས་ལ་སྲུང་སྐྱོང་ནན་མོ་བྱས།

བརྒྱུད་རིམ་ཧྲིལ་བོར་ནུས་པ་ཆེན་པོ་ལྡན་པ་དང་། གྲངས་ཀའི་དོ་དམ་སྦྲེལ་ཐག་ཇེ་རིང་དུ་བཏང་། ལས་སྟེགས་ཀྱི་རིག་ནུས་སྒྲིག་ཆས་སྣ་ཚོགས་ལ་བརྟེན་ནས་གསོ་སྤེལ་དང་ཉོ་ཚོང་། ལས་སྣོན་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོའི་འགག་རྩའི་གཞི་གྲངས་དུས་ཐོག་ཏུ་འཚོལ་བསྡུ་བྱས་ཏེ་ཕྱུགས་ལས་ཀྱི་ལྷུ་ཚིགས་ཧྲིལ་པོ་གཞི་གྲངས་ཅན་དང་ཚད་ལྡན་ཅན་གྱི་དོ་དམ་ཚོད་འཛིན་ཐུབ་པར་བྱས། གསོ་སྤེལ་ལྷུ་ཚིགས་ཀྱིས་ཆུ་ཚོད24ཡི་རིག་ནུས་ལྟ་ཞིབ་ཚད་ལེན་བྱས་པ་བརྒྱུད་ཕྱུགས་རིགས་སྐྱེ་འཚར་དང་སྤྱིལ་ཁྱིམ་ཁུལ་གྱི་ཁོར་ཡུག་ཞུགས་གྲངས་ཁྲི9.8ལས་བརྒལ། གནད་ལ་འཁེལ་བའི་གཞི་གྲངས་ལ་བརྟེན་ནས་ཚན་རིག་དང་མཐུན་པའི་སྒོ་ནས་གཟན་ཆས་སྟེར་བ་དང་རིམས་འགོག་བཤས་གཏོང་སོགས་ཀྱི་འགག་རྩའི་བརྒྱུད་རིམ་ལེགས་སུ་བཏང་སྟེ་གཟན་ཆས་སྤྱོད་ཚད15%མར་ཆག་པ་དང་། རིམས་འགོག་གི་མ་རྩ10%ཆག་པས། ཕྱུགས་རིགས་ཀྱི་གསོན་ཚད8%མཐོ་རུ་འགྲོ་བར་སྐུལ་འདེད་བཏང་སྟེ། མ་རྩ་གྲོན་ཆུང་བྱས་ཏེ་ཕན་འབྲས་ཆེ་རུ་གཏོང་བ་དང་ཚན་རིག་གི་ལམ་ནས་གསོ་སྤེལ་བྱེད་པ་གཉིས་མཉམ་རྒྱལ་བྱུང་ཡོད།  ལས་སྣོན་གྱི་བརྒྱུད་རིམ་ཧྲིལ་པོའི་གཞི་གྲངས་ཅན་གྱི་ཁུངས་འདེད་མ་ལག་བཙུགས་ཏེ། ཐོན་རྫས་ཀྱི་ཐེངས་གྲངས་ཆ་འཕྲིན100%ཞིབ་བཤེར་ཐུབ་པ་དང་ཁུངས་འདེད་ཐུབ་པར་བྱས་ཏེ་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ལ་འགན་ལེན་བྱས་ཡོད། ཉོ་ཚོང་ལྷུ་ཚིགས་ཀྱི་ཉོ་ཚོང་གྲངས་གཞི9400ལས་བརྒལ་བས། ཉོ་ཚོང་བརྒྱུད་རིམ་ཁ་གསལ་ཚད་ལྡན་ཅན་མངོན་འགྱུར་བྱུང་བས། ཁྲོམ་ར་ཞིབ་འཇུག་དང་བརྡར་ཤ་གཅོད་པ། ཐོན་ལས་འཆར་འགོད། སྲིད་ཇུས་བཟོ་བ་བཅས་ལ་གཞི་གྲངས་ཀྱི་འདེགས་སྐྱོར་མཁོ་འདོན་བྱས་ཡོད།

དཔེ་རིས་གཅིག་གིས་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་ཤུགས་ཆེ་རུ་བཏང་ནས་བཅོས་སྐྱོང་ཞིབ་ཚགས་བྱེད་པའི་རྣམ་པ་ཞིག་བསྐྲུན། “གསོ་སྤེལ་དོ་དམ་གྱི་པར་རིས་གཅིག+ཁོར་ཡུག་ལྟ་ཞིབ་ཚད་ལེན་གྱི་པར་རིས་གཅིག”གི་པར་རིས་གཉིས་མཐོང་ཐུབ་པའི་དོ་དམ་མ་ལག་གསར་གཏོད་བྱས་ནས་ས་ཁོངས་ཡོངས་སུ་གསོ་སྤེལ་རྟེན་གཞི་དང་དེ་བཞིན་རྩྭ་ར25བསྐྲུན་ནས། གསོ་སྤེལ་རྟེན་གཞིའི་ཁྱབ་ཚུལ་དང་རྩྭ་རའི་ཐོན་སྐྱེད་ནུས་ཤུགས། སྒོ་ཕྱུགས་དང་ཁྱིམ་བྱའི་སྐྱེ་འཚར་གྱི་བརྒྱུད་རིམ། ཁོར་ཡུག་གི་འགྱུར་ལྡོག་སོགས་རྨང་གཞིའི་ཆ་འཕྲིན་ཐད་ཀར་མངོན་པ་དང་བལྟས་པ་ཙམ་གྱིས་རྟོགས་ཐུབ། མ་ལག་དེས་རྫོང་ཡོངས་ཀྱི་གསོ་སྤེལ་ཁྱིམ་ཚང1000ལྷག་ཙམ་ལ་ཚན་རིག་དང་མཐུན་པའི་སྒོ་ནས་གསོ་སྤེལ་འཆར་གཞི་བཟོ་བ་དང་། ཐོན་ཁུངས་བཀོད་སྒྲིག་ལུགས་མཐུན་བྱེད་པ། ཐོན་སྐྱེད་བརྒྱུད་རིམ་ལེགས་སུ་གཏོང་རྒྱུར་གནད་ལ་འཁེལ་བའི་གཞི་གྲངས་ཀྱི་དཔྱད་གཞི་མཁོ་འདོན་བྱས་ཏེ་གསོ་སྤེལ་ཐོན་སྐྱེད་ཀྱི་མུན་འཐོམས་རང་བཞིན་གྱི་གནད་དོན་སེལ་ནས་གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་དོན་འཁྱོལ་དང་ཕྱུགས་ལས་ཐོན་ལས་རིམ་སྤོར་ལ་འདེགས་སྐྱོར་ནུས་ལྡན་བྱས་ཡོད།



མཉམ་སྤྱོད།