དེ་རིང་ནི2026ལོའི་ཟླ04པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདའ་བཞི་རྫོང་གིས་ཤེས་ལྡན་མི་སྣ་ནང་འདྲེན་བྱས་ནས་སྐྱེ་དངོས་ཚན་རྩལ་གྱི་ཐོན་ལས་འཕེལ་རྒྱས་བཏང་བ།

2026-04-21 16:17:02   |   129

རྩོམ་སྒྲིག ཀླུ་མོ་མཚོ།  ཡོང་ཁུངས། མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་ཆར། ཀྲུང་གོ་གསར་འགྱུར་དྲ་བའི་མཚོ་སྔོན་གསར་འགྱུར་གྱིས་སྤེལ་བའི་གློག་འཕྲིན་ལྟར་ན། ཉེ་བའི་ལོ་འགའི་རིང་། མཚོ་བྱང་ཁུལ་མདའ་བཞི་རྫོང་གི་སྐྱེ་དངོས་ཚན་རྩལ་ཐོན་ལས་ཀྱི་འཕེལ་རྒྱས་ཐད་ཚད་བརྒལ་རང་བཞིན་གྱི་འཕེལ་རྒྱས་བྱུང་ཡོད་པ་དང་། མཚོ་བྱང་དབྱི་ཧའེ་སྐྱེ་དངོས་ལག་རྩལ་ཚད་ཡོད་སྤྱི་གཉེར་གྱིས་ཆུ་སྔོ་ཕྲ་མོའི་ཐོན་ལས་གསར་སྤེལ་བྱས་ཏེ། ཆར་སྐྱེས་ཆུ་སྔོ་དམར་པོ་གསོ་སྐྱོང་དང་རང་བྱུང་ཉའི་སྔོ་རྒྱུ་དབྱེ་ལེན་བྱས་པ་བརྒྱུད་ཁྱད་ལྡན་སྐྱེ་དངོས་ཐོན་ལས་འཕེལ་རྒྱས་ཀྱི་ཐབས་ལམ་ཞིག་བདེ་བླག་ངང་འཚོལ་ཞིབ་བྱས་ནས། མཚོ་སྔོན་ཞིང་ཆེན་གྱི་ཆུ་སྔོ་ཕྲ་མོའི་ཚན་རྩལ་ཁྱབ་ཁོངས་ཀྱི་སྟོང་ཆ་བསྐངས་ནས་རྫོང་ཁོངས་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་གསོན་ཤུགས་གསར་བ་བསྣན་ཡོད།

མཚོ་བྱང་དབྱི་ཧའེ་སྐྱེ་དངོས་ལག་རྩལ་ཚད་ཡོད་སྤྱི་གཉེར་བཙུགས་མ་ཐག་པའི་དུས་སུ་འཕྲད་པའི་ཤེས་ལྡན་མི་སྣ་དཀོན་པ་དང་། ལག་རྩལ་ཐད་ཀྱི་ཞན་ཆ་སོགས་ཀྱི་དཀའ་ངལ་ལ་དམིགས་ནས་རང་རྟོགས་ངང་མདུན་བསྐྱོད་བྱེད་པ་དང་གནད་འཁེལ་ཞབས་འདེགས་ཞུ་བ། “ཁུ་ནུ་ཤེས་ལྡན་མི་སྣའི”འཆར་གཞི་དང་དེ་བཞིན་ཁ་གཏད་རོགས་སྐྱོར་གྱི་ལེགས་ཆའི་ཐོན་ཁུངས་ལ་བརྟེན་ནས། ཀྲུང་ཧྲན་སློབ་ཆེན་གྱི་ཐོན་ལས་ལག་རྩལ་ཁྱབ་ཁོངས་ཀྱི་རིགས་གཅིག་ཆེད་མཁས་པ་ཉིའུ་ཅིན་དང་། དེ་བཞིན་དེའི་ཞིབ་འཇུག་ཚོགས་པ་གདན་འདྲེན་བྱས་ཏེ་མཐོ་སྒང་གི་ཆུ་སྔོ་ཕྲ་མོའི་ཐོན་ལས་ས་གནས་ཅན་དུ་བསྒྱུར་བའི་གསོ་སྐྱོང་དང་སྐྱེ་དངོས་ལེན་པའི་ལག་རྩལ་རིམ་སྤོར། ཐོན་ལས་ཅན་དུ་འགྱུར་བ་སོགས་ཀྱི་ལྟེ་བའི་དམིགས་འབེན་ལ་ཕྱོགས་ཡོངས་དང་ཆེད་ལས་ཅན་གྱི་ལག་རྩལ་མཛུབ་ཁྲིད་བྱས་ཏེ། ཁེ་ལས་འཕེལ་རྒྱས་ཀྱི་འགག་རྩའི་ལག་རྩལ་དཀའ་གནད་བདེ་བླག་ངང་སེལ་ནས། ཁེ་ལས་བདེ་བླག་ངང་གཉེར་སྐྱོང་བྱེད་མགོ་བརྩམས་པ་དང་གོམ་སྟབས་བརྟན་པོའི་ངང་འཕེལ་རྒྱས་བཏང་ཡོད། མིག་སྔར་མཚོ་བྱང་དབྱི་ཧའེ་སྐྱེ་དངོས་ལག་རྩལ་ཚད་ཡོད་སྤྱི་གཉེར་གྱིས་ཚད་ལྡན་ཅན་གྱི་ཆུ་སྔོ་ཕྲ་མོའི་གསོ་སྤེལ་རྟེན་གཞི་དང་དེང་རབས་ཅན་གྱི་ཐོན་སྐྱེད་སྒྲུབ་རིམ་བསྐྲུན་ནས་ཐོན་ལས་ཀྱི་ཐད་འཕེལ་རྒྱས་ཆེན་པོ་བྱུང་ཡོད། 

2025ལོར་སྤྱི་གཉེར་གྱི་ལོ་རེའི་ཡོང་འབབ་སྒོར་ཁྲི500ལ་སླེབས་ཡོད་པ་དང2026ལོར་སྔོན་དཔག་ལྟར་ན་ཐོན་སྐྱེན་རིན་ཐང་སྒོར་ཁྲི2000ལྷག་ཙམ་མངོན་འགྱུར་ཡོང་ཐུབ་པ་དང་། མ་འོངས་པར་ཐོན་ནུས་རྒྱུན་མཐུད་ངང་ཕྱིར་འདོན་བྱེད་པ་དང་བསྟུན་ནས། ཁྲོམ་ར་རྒྱུན་ཆད་མེད་པར་རྒྱ་སྐྱེད་ཐུབ་པ་དང་ཆབས་ཅིག་ཐོན་ལས་རིན་ཐང་བརྟན་པོའི་ངང་འཕར་རྒྱུ་ཡིན་པ་རེད། ཁེ་ལས་རྒྱུན་ལྡན་གྱི་ལམ་དུ་བསྐྱོད་རྗེས། དམངས་ཕན་གྱི་ཐོག་མའི་བསམ་འདུན་ཐོག་མཐའ་བར་གསུམ་དུ་བརྟན་སྲུང་བྱས་ཏེ། གསེར་ཐང་ཡུལ་ཚོའི་སྡེ་བ6དང་རང་རྟོགས་སྒོས་ཞིང་འབྲེལ་ཞིང་ཁྲིད་ཀྱི་གྲོས་མཐུན་བཞག་སྟེ། ཐོན་ལས་འཕེལ་རྒྱས་ཀྱི་ཁེ་སྤོགས་མཐའ་འཁོར་གྱི་མང་ཚོགས་ལ་གནད་ལ་འཁེལ་བའི་སྒོ་ནས་ཁྱབ་སྤེལ་བྱས་ནས། རིམ་རྩིས་བྱས་ན་སྡེ་བ་ཐུན་མོང་གི་སྒོར་ཁྲི90ལྷག་ཙམ་བགོ་བཤའ་རྒྱག་པའི་དམིགས་འབེན་མངོན་འགྱུར་བྱེད་ཐུབ། དེ་ལས་གཞན་མི་ཐེངས358ལ་ལས་ཞུགས་སྐུལ་ཁྲིད་བྱས་ཡོད་པ་དང་དབུལ་ཐར་ཁྱིམ་ཚང241གི་མི723ལ་གནད་འཁེལ་རོགས་སྐྱོར་བྱས་ཏེ། “རྩེར་སོན་ཤེས་ལྡན་མི་སྣ་གཅིག་ནང་འདྲེན་དང་ཁྱད་ལྡན་རྣམ་གྲངས་གཅིག་དོན་འཁྱོལ་བྱས་ཡོད། ཐོན་ལས་སྦྲེལ་ཐག་གཅིག་སྣུར་སྲིང་བྱེད་པ་དང་ས་ཕྱོགས་གཅིག་གི་མང་ཚོགས་ཕྱུག་པོར་འགྱུར་བ”བཅས་ཀྱི་འཕེལ་རྒྱས་འཁོར་རྒྱུག་བཟང་པོའི་དམིགས་འབེན་མངོན་འགྱུར་བྱུང་ཡོད། 

རྣམ་གྲངས་དོན་འཁྱོལ་བྱས་པར་བརྟེན་ནས་མང་ཚོགས་ཀྱིས“སྒོ་འགྲམ་དུ་ལས་ཞུགས”བྱེད་པའི་འདུན་པ་མངོན་འགྱུར་བྱུང་ཡོད་ལ། མཚོ་བྱང་དབྱི་ཧའེ་སྐྱེ་དངོས་ལག་རྩལ་ཚད་ཡོད་སྤྱི་གཉེར་གྱི་ལས་མི10ཡི་ནང་ནས་ལས་མི7ནི་ས་སྐྱེས་རྡོ་སྐྱེས་ཀྱི་མདའ་བཞིའི་མི་ཡིན་པ་དང་ཟླ་རེར་ཡོང་འབབ་སྒོར་བཞི་སྟོང་དང་ལྔ་སྟོང་ཡོད་པ་མ་ཟད། འབུམ་རམས་པ་ཉིག་ཅིན་སོགས་ཆེད་མཁས་པ་རྩེ་གྲས་དང་མཉམ་དུ་མདུན་གྲལ་སྐྱེ་དངོས་ཚན་རྩལ་ལག་རྩལ་སློབ་སྦྱོང་བྱེད་པ་མངོན་འགྱུར་བྱས་ཡོད། 

“ཁྱིམ་སྒོའི་བྱ་བ་ལེགས་པོ”འདིས་ས་གནས་འདིའི་མང་ཚོགས་ལ་སྐྱིད་སྣང་དང་ཐོབ་སྣང་བྱིན་པར་མ་ཟད། མདའ་བཞི་རྫོང་གི“ཤེས་ལྡན་མི་སྣ་ནང་འདྲེན་དང་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པ”མཉམ་འདྲེས་གཏིང་ཟབ་བྱེད་པའི་ལས་དོན་བྱེད་སྟངས་སྔར་ལས་གསོན་ཉམས་ལྡན་པའི་སྒོ་ནས་གསལ་བཤད་བྱས་པ་སྟེ། རིམ་པ་མཐོ་བའི་ཤེས་ལྡན་མི་སྣས་གློག་སྒྲོན་ལྟར་ཐོན་ལས་འཕེལ་རྒྱས་ཀྱི་ཁ་ཕྱོགས་ལ་སྣེ་ཁྲིད་བྱས་པ་མ་ཟད། ས་གནས་ཀྱི་ཤེས་ལྡན་མི་སྣ་ཆེད་ལས་ཀྱི་སྣེ་ཁྲིད་འོག་འཚར་ལོངས་བྱུང་ནས་རྫོང་ཁོངས་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ས་གནས་ཀྱི་སྟོབས་ཤུགས་སྐྱེད་སྲིང་བྱས་ཡོད།



མཉམ་སྤྱོད།