དེ་རིང་ནི2024ལོའི་ཟླ12པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

ཐུའུ་ཅ་རིགས།

2022-12-29 16:39:28   |   1101

ཐུའུ་ཅ་རིགས(土家族)ཀྱིས་རང་ལ“པུས་ཚི་ཁ”ཞེས་ཟེར་ཞིང་། རྒྱ་ཡིག་ཏུ“ཐུའུ་ཅ”ཟེར་བ་ནི་ཆིང་རྒྱལ་རབས་ཀྱི་དུས་མཇུག་ནས་བཟུང་དཔེ་གཞུང་དུ་བྱུང་། ཁོ་ཚོ་ནི་གཙོ་བོ་ཧུའུ་ནན་ཞིང་ཆེན་གྱི་བྱང་ཕྱོགས་དང་ཧུའུ་པེ་ཞིང་ཆེན་གྱི་ཨུན་ཧྲི་ས་ཁུལ། སི་ཁྲོན་ཞིང་ཆེན་གྱི་ཤར་ཕྱོགས་སུ་འདུས་སྡོད་བྱས་ཡོད། ཁྱོན་སྡོམ་མི་གྲངས8353910ལྷག་ཡོད་པ་དང་ཁོ་ཚོར་ཡི་གེ་མེད་པས་ཡོངས་ཁྱབ་ཏུ་རྒྱ་ཡིག་བཀོལ་བཞིན་ཡོད། ཐུའུ་ཅ་རིགས་ལ་རྒྱ་རིགས་ཀྱི་ཤུགས་རྐྱེན་ཐེབས་ནས་གྱོན་ཆས་ཡང་རྒྱ་རིགས་དང་ཕལ་ཆེར་འདྲ། མཐའ་འཁོབ་ཀྱི་ས་ཁུལ་ཁ་ཤས་སུ་ད་དུང་རང་མི་རིགས་ཀྱི་གྱོན་པའི་ཁྱད་ཆོས་སོར་བཞག་བྱས་ཡོད། སྐྱེས་པ་ཚོས་གཞུང་གཤགས་ལྭ་ཐུང་དང་ཁོག་སྨད་དུ་མདོག་སྔོན་པོ་དང་ལྗང་ཁུའི་རྐང་སྣམ་གོན་ཞིང་རྣ་ལུང་དང་སྐེ་རྒྱན་སོགས་འདོགས་པར་དགའ། 

ཐུའུ་ཅ་རིགས་ཀྱི་རྩོམ་རིག་ལ་དོན་བརྗོད་སྙན་ངག་དང་། རི་གླུ་སོགས་ཡོད། དེར་མི་རིགས་ཀྱི་ཁྱད་ཆོས་འབུར་ཐོན་ཡིན། དེའི་རྐྱེན་གྱིས་ཐུའུ་ཅ་རིགས་ཀྱི་ས་ཁུལ་ལ“གླུའི་རྒྱ་མཚོ”ཞེས་བསྔགས་བཞིན་ཡོད། ཐུའུ་ཅ་རིགས་ལག་གཡུག་ཞབས་བྲོ་དང་། རི་གླུ་ནི་མིང་གྲགས་ཆེ། ལག་གཡུག་ཞབས་བྲོ་ལ་གནའ་རབས་ཀྱི་ཁྱད་ཆོས་ཅུང་ལྡན་ཞིང་དེའི་ནང་དུ་རི་དྭགས་རྔོན་པ་དང་དམག་དོན། ཞིང་ལས། གསོལ་སྟོན་སོགས་སྣ་བདུན་ཅུ་ལྷག་གི་ཉམས་འགྱུར་ལྡན།  ཐུའུ་ཅ་རིགས་ཀྱི་ཞི་ལན་ཁ་ཕུ(རང་ས་ལས་ཐོན་པའི་རས་ཤིག)ལ་ཡུན་རིང་གི་ལོ་རྒྱུས་ཡོད་པ་དང་། བཅིངས་འགྲོལ་བཏང་རྗེས་རྒྱུན་ཆད་མེད་པར་ལེགས་བཅོས་བྱས་པས། རྒྱལ་ཁབ་ཕྱི་ནང་གི་མི་དམངས་ཚོ་ཧ་ཅང་དགའ་བའི་སྒྱུ་རྩལ་ཞིག་དང་མཛེས་ཆོས་ཤིག་ཏུ་གྱུར་ཡོད། 

ཐུའུ་ཅ་རིགས་ཀྱི་འབྲུ་རིགས་གཙོ་བོ་ནི་འབྲས་དང་མ་རྨོས་ལོ་ཏོག་སོགས་ཡིན། ཁོ་ཚོ་སི་པན་ཟ་བར་དགའ་བས་ནམ་རྒྱུན་གྱི་ཟས་རིགས་ནང་སི་པན་ཆད་མི་རུང་། ཐུའུ་ཅ་རིགས་ལ་ལུགས་རྙིང་གི་ཟླ1པོའི་ཚེས1ཉིན་བཀྲ་མི་ཤིས་པའི་སྐད་ཆ་བཤད་མི་ཆོག་པ་དང་ལྷག་པར་དུ་ཟས་གཡོ་སྐོལ་བྱེད་སའི་ཐབ་ཀའི་ཐོག་བགོམ་མི་རུང་ལ། སྒོའི་ཕྱི་རུ་ཤི་བའི་འདབ་ཆགས་ཀྱི་རིགས་ཁྱིམ་དུ་ཁྱེར་མི་ཆོག་པ་སོགས་ཀྱི་ལུགས་སྲོལ་རབས་དང་རིམ་པ་ཡོད། ཐུའུ་ཅ་རིགས་ལ་ལོ་གསར་གཉིས་ཡོད་པ་སྟེ། དེ་ནི་ལུགས་རྙིང་གི་ཟླ12པའི་ཚེས29དང30གཉིས་ཡིན། ཁོ་ཚོས་ལོ་གསར་གཉིས་རོལ་བར་གཏམ་རྒྱུད་ཐུང་ཐུང་ཞིག་ཡོད་དེ། གནའ་སྔ་མོ་ཞིག་ལ་ཐུའུ་ཅ་མི་དམངས་ཀྱིས་ལོ་གསར་བར་གྲ་སྒྲིག་བྱེད་སྐབས་དགྲ་ཡོང་རྒྱུའི་བཀྲ་མི་ཤིས་པའི་གཏམ་ངན་ཞིག་ཚོར་བས་ལོ་སར་ཉིན་གཅིག་སྔོན་ལ་བསྣུར་ནས་རོལ་པ་དང་ཕྱི་ཉིན་དགྲ་བསླེབས་ཤིང་འཐབ་པས་ཐུའུ་ཅ་མི་དམངས་རྒྱལ་བས་སླར་ཡང་དགའ་སྟོན་རྟེན་འབྲེལ་གྱི་ལོ་གཉིས་པ་སར། དེ་ནས་བཟུང་ཐུའུ་ཅ་རིགས་ལ་ལོ་གཉིས་སར་བའི་སྲོལ་ཆགས། ཐུའུ་ཅ་རིགས་ཀྱི་ལུས་རྩལ་བྱ་འགུལ་ལ་དབྱུག་པ་འཕྱར་བའི་སྲོལ་མཆིས། དེ་ནི་སྔོན་ཆད་འབྲུ་རིགས་ལ་བྱ་བྱིའུ་དང་རི་དྭགས་ཀྱིས་མི་གནོད་པར་སྲུང་སྐྱོབ་བྱེད་པའི་ཆེད་དུ་དབྱུག་པ་འཕྱར་བ་ཡིན། དེང་སང་རིམ་བཞིན་འགྱུར་ནས་ལུས་རྩལ་བྱ་འགུལ་དུ་གྱུར་ཡོད།


མཉམ་སྤྱོད།