དེ་རིང་ནི2024ལོའི་ཟླ12པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

དབའ་རིགས།

2022-12-29 16:41:05   |   1117

དབའ་རིགས(佤族)ནི་གཙོ་བོ་ཡུན་ནན་ཞིང་ཆེན་ཀྲིན་ཁང་དང་ཡུན་ཏུག  གུན་མ། ཚང་ཡོན། ལན་ཚང་། ཞི་མིན་བཅས་སུ་འདུས་སྡོད་བྱ་ཡོད་ཅིང་། ས་ཆ་སོ་སོ་རུ་རང་མི་རིགས་ལ་འབོད་ཚུལ་མི་འདྲ་ཡང་ཕལ་ཆེར“རི་ནས་སྡོད་པའི་མི”ཞེས་པའི་དོན་ཡིན། ཀྲུང་གོ་གསར་བ་དབུ་བརྙེས་རྗེས་གཅིག་མཐུན་གྱིས་དབའ་རིགས་ཞེས་འབོད། མི་གྲངས429700ལྷག་ཡོད་པ་དང་ཡུལ་སྐད་གསུམ་ཤོད་བཞིན་ཡོད། 1957ལོར་ལ་ཏིང་གསལ་བྱེད་ཀྱིས་གྲུབ་པའི་དབའ་རིགས་ཡི་གེ་དེར་དབའ་རིགས་མི་དམངས་ཀྱིས་དགའ་བསུ་ཐོབ་པར་མ་ཟད། རིམ་བཞིན་ཁྱབ་སྤེལ་གཏོང་བཞིན་ཡོད། 

དབའ་རིགས་ཀྱི་གྱོན་ཆས་ལ་ས་ཆ་སོ་སོའི་བར་ཁྱད་པར་ཆེ་ནའང་། གཙོ་ཆེར་སྐྱེས་པས་གོང་མེད་སྟོད་ཐུང་གོན་པ་དང་རྐང་སྣམ་ཐུང་ཞིང་ཞེང་ཆེ་དང་རས་ནག་དང་རས་དམར་མགོ་ལ་དཀྲི། བུད་མེད་ཚོས་སྟོད་ལྭ་ཕུ་ཐུང་དང་སྨད་གཡོགས་ཐུང་ཐུང་གོན་ལ། ཕལ་ཆེ་བས་སྐྲ་རིང་འཇོག་ཅིང་དངུལ་གོང་གིས་བརྒྱན་པ། དེ་མིན་དངུལ་གྱི་རྣ་ལུང་དང་སྐེ་རྒྱན་སོགས་འདོགས་པར་དགའ། 

དབའ་རིགས་ཀྱི་རྩོམ་རིག་ནི་གཙོ་བོ་ངག་ཐོག་རྩོམ་རིག་ཡིན། འཇིག་རྟེན་སྐྲུན་པའི་ལྷ་སྒྲུང《ཞི་གང་ལིས》ཞེས་པ་ལས་དབའ་རིགས་མི་དམངས་ཀྱིས་རང་བྱུང་ཁམས་ཀྱི་དོན་དངོས་ལ་འགྲེལ་བཤད་བྱས་ཡོད་པས། ལོ་རྒྱུས་རྒྱུ་ཆའི་རིན་ཐང་ངེས་ཅན་ཞིག་ལྡན། ཁོ་ཚོའི་རྩོམ་རིག་ཁྲོད་ཀྱི་སྲོག་ཆགས་སྐྱེ་དངོས་ལ་སྦྱར་བའི་གཏམ་རྒྱུད་དེ་དག་ནང་དོན་ཟབ་ཅིང་འཇིག་རྟེན་ཁམས་དང་མི་ཚེའི་སྐོར་གྱི་གནས་ལུགས་ཕུན་སུན་ཚོགས་པ་ཡོད་པས། དེ་ལས་དབའ་རིགས་མི་དམངས་ཀྱིས་བཙན་འཛུལ་ལ་རྒོལ་བ་དང་མེས་རྒྱལ་མཐའ་མཚམས་སྲུང་སྐྱོབ་བྱེད་པའི་དཔའ་ངར་ལྡན་པའི་འཐབ་རྩོད་སྙིང་སྟོབས་མཚོན། དབའ་རིགས་མི་དམངས་ཆང་ལ་དགའ་ཞིང་། དོན་དག་ཆེ་ཆུང་གང་ཞིག་ཡིན་རུང་ཆང་གིས་སྣེ་ལེན་དང་ཆང་མེད་ཚེ་མགྲོན་ལ་རྩིས་ཆེན་མེད་པར་བཤད། དེ་མིན་ཁོ་ཚོ་ད་དུང་ཇ་རྒོད་འཐུང་བར་དགའ་ཞིང་འཐུང་ཐེངས་རེར་ཇ་སྤས་མོ་གང་རེ་བཏབ་ནས་འཐུང་ལ། དེ་འཐུང་རྗེས་ཉིན་གང་བོར་ཆུ་མ་འཐུང་ནའང་སྐོམ་པའི་སྣང་བ་མི་འདུག  དབའ་རིགས་ཀྱི་གཉེན་དོན་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡོད། སྐྱེས་པ་ཚོ་ནར་སོན་དུས་གཞོན་ནུ་མའི་ཁྱིམ་དུ་སོང་ནས་ཁ་བརྡ་བྱས་ཆོག་ལ་ཕ་མས་དེར་བཀག་འགོག་མི་བྱེད། གཞན་ཡང་ཁྱིམ་དུ་ཡོང་མ་ཐག གཞོན་ནུ་མས་ཐོག་མར་སྐྱེས་པ་དེར་སྐྲ་ཤད་ཅིང་། སྐྲ་ཤད་པའི་གོ་སྐབས་དང་བསྟུན་ནས་ཕོ་མོ་གཉི་གས་ཕན་ཚུན་བར་གྱི་བརྩེ་དུངས་མངོན་པ་དང་ཡིད་མཐུན་བྱུང་ཚེ་བར་བ་མངགས་ནས་གཉེན་སློང་དུ་འགྲོ་བ་རེད། 



མཉམ་སྤྱོད།