དེ་རིང་ནི2024ལོའི་ཟླ09པའི་ཚེས08ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

​མདའ་བཞི་རྫོང་གིས་ཁེ་དབང་སྲུང་སྐྱོང་དང་གཅེས་སྐྱོང་ལ་གཞི་ཚུགས་ནས་མ་བུ་བདེ་སྲུང་དྲ་བ་དམ་པོ་བཟོས་པ།

2024-05-22 09:44:34   |   1571

རྩོམ་སྒྲིག ཀླུ་མོ་མཚོ།      ཡོང་ཁུངས། མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།     བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་ཆར“དམངས་འཚོ་ཞིབ་བཤེར་སྲུང་སྐྱོང”དང“བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་གི་གྱོད་གཞི་ཐོ་འགོད་ལྟ་སྐུལ”གྱི་ཆེད་དོན་བྱ་སྤྱོད་དོན་འཁྱོལ་གཏིང་ཟབ་བྱ་ཆེད། བུད་མེད་དང་བྱིས་པའི་ཁེ་དབང་ཁྲིམས་འཛིན་འགན་ལེན་ལ་ཤུགས་སྣོན་བརྒྱབ་ཡོད། ཉེ་ལམ་མདའ་བཞི་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་བྱེད་ཐབས་མང་པོ་སྤྱད་དེ་བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་འགན་ལེན་བྱེད་སྒོ་སྤེལ།

ལྟ་སྐུལ་ནན་པོ་བྱས་ནས་བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་བྱ་དགོས། སྤྱི་བདེ་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས། སློབ་གསོ། དམངས་སྲིད། གུང་གཞོན་ཚོགས་པའི་ཨུ་ཡོན་ལྷན་ཁང་སོགས་འབྲེལ་ཡོད་འགན་ནུས་སྡེ་ཚན་དང་འབྲེལ་གཏུག་བྱེད་ཤུགས་ཆེ་རུ་བཏང་ནས་ལས་རིགས་ཀྱི་བཀག་རྒྱ་གཏོད་པ། ཁུངས་སྣེ་སྐྱེལ་སྤྲོད་བྱེད་པའི་ཐབས་ལམ་ཤར་གཏོང་བཅས་བྱ་དགོས། དེའི་ནང་སྤྱི་བདེ་ལས་ཁུངས་དང་མཉམ་འབྲེལ་བྱས་ནས་བསྒྲུབས་པའི་ཉེས་དོན་གྱོད་གཞི་དང་སྲིད་འཛིན་བདེ་འཇགས་གྱོད་གཞིའི་ནང་བུད་མེད་དང་བྱིས་པའི་ཁེ་དབང་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་ཡོད་མེད་ལ་ལྡོག་ཞིབ་བྱེད་དགོས། ཆགས་སྤྱོད་བཙན་འཛུལ་རིགས་དང་ཁྱིམ་ཚང་གཏུམ་སྤྱོད་རིགས་ཀྱི་ཉེས་གསོག་ལ་དམིགས་ཏེ་གཉེན་སྒྲིག་ཁྱིམ་ཚང་དང་དྲ་སྦྲེལ་དྲ་རྒྱ། རོལ་རྩེད་གནས་དང་མགྲོན་ཁང་གི་ཞག་སྡོད་སོགས་དམིགས་བསལ་ལས་རིགས་ཁྱབ་ཁོངས་གཙོ་གནད་དུ་འཛིན་དགོས།

བྱམས་བརྩེའི་སྒོ་ནས་བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་བརྟན་པོ་བྱ་དགོས། ལས་སྒོའི་སྡེ་ཚན་གྱི་མཉམ་ལས་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་སྟེ་གྱོད་གཞི་སྣ་ཚོགས་ལ་ཁྲིམས་འཛིན་རོགས་སྐྱོབ་ཀྱི་ཁུངས་སྣེ་གྱོད་གཞི་རེ་རེ་བཞིན་གྲོས་ཞིབ་བྱ་རྒྱུ་མཐའ་འཁྱོངས་དང་། ལྷག་པར་དུ་ནར་མ་སོན་པའི་སྐྱེ་བོ་དང་དཀའ་ངལ་ཡོད་པའི་བུད་མེད་སོགས་གནོད་འཚེ་ཕོག་པའི་མི་ཚོགས་གཙོ་གནད་ལ་ཆད་ལུས་མེད་པའི་འགན་ལེན་བྱ་རྒྱུ་དང་། 12309ཞིབ་དཔྱོད་ཞབས་ཞུའི་ལྟེ་གནས་སུ“བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང”གི་ཆེད་སྤྱོད་སྣེ་ལེན་སྒེའུ་ཁུང་བཙུགས་ནས་བུད་མེད་དང་བྱིས་པའི་ཁེ་དབང་ལ་གནོད་འཚེ་གཏོང་བའི་ཞུ་གཏུག་དང་ཐེར་འདོན་བཅས་བདག་སྤྲོད་བྱས་ཏེ། བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་ལས་དོན་གཏིང་ཟབ་ཏུ་གཏོང་དགོས། བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་དམངས་སྲིད་སོགས་མཉམ་འབྲེལ་བྱས་ཏེ། གཉེན་སྒྲིག་དང་ཁྱིམ་ཚང་གི་འགལ་བའམ་རྩོད་གཞི། གཞིས་སྲུང་བྱིས་པ། དཀའ་ངལ་ཡོད་པའི་བྱིས་པ་སོགས་ཀྱི་གནས་ཚུལ་ལ་ཞིབ་བཤེར་བྱས་ནས་བུད་མེད་དང་བྱིས་པར་སེམས་ཁམས་ཀྱི་ཁྲིད་སྟོན་དང་ཁྲིམས་ལུགས་ཁྱབ་གདལ་སློབ་གསོར་ཐུན་མོང་ཐོག་ཤུགས་སྣོན་རྒྱག་དགོས། མིག་སྔའི་བར་བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་གི་ཡིག་སྐུར་ངོ་གཏུག་དོན་ཚན་གཅིག་དང་ལེན་བྱས་པ་དང་། གྱོད་དོན་གཅིག་གྲུབ་འབྲས་ཐོབ་པའི་ངང་ཐག་གཅོད་བྱས་པ། གཏུག་ཞི་བཅར་འཇོག་གི་ཁས་ལེན་ཡི་གེ་གཅིག་བྲིས་བ། ཁྲིམས་འཛིན་རོགས་སྐྱོབ་གྱོད་གཞི་གཅིག་དང་མི་གཅིག་བསྒྲུབས་པ། ཁྲིམས་འཛིན་རོགས་སྐྱོབ་མ་དངུལ་སྒོར་ཁྲི2སྤྲད་ཡོད།

དྲིལ་སྒྲོག་ཁྲོད་བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་བྱེད་པའི་རྨང་གཞི་བརྟན་དུ་གཏོང་དགོས། “དམངས་འཚོ་ཞིབ་བཤེར་སྲུང་སྐྱོང”དང“བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་གྱོད་དོན་ཐོ་འགོད་ལྟ་སྐུལ”སོགས་ཀྱི་ཆེད་དོན་བྱ་སྤྱོད་དང་ཟུང་འབྲེལ་བྱས་ཏེ། ཝང་ལུའོ་པིན་རིག་གནས་ཐང་ཆེན་དང་ཆ་སྒྲིག་སྡེ་ཁུལ། སྦྲེལ་མཐུད་གྲོང་ཚོ་སོགས་སུ་བསྐྱོད་དེ་གཅིག་སྡུད་ཁྲོད་དྲིལ་སྒྲོག་སློབ་གསོའི་བྱེད་སྒོ་སྤེལ་ཞིང་།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བུད་མེད་ཁེ་དབང་འགན་སྲུང་བཅའ་ཁྲིམས》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནར་མ་སོན་པའི་མི་སྲུང་སྐྱོང་གི་བཅའ་ཁྲིམས》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ། ཁྲིམས་སྐྱོང་དྲིལ་སྒྲོག་དང་ཁེ་དབང་སྲུང་སྐྱོང་གི་ཞབས་ཞུ་མང་ཚོགས་གམ་དུ་བསྐྱལ་ཡོད། དེའི་རིང་མང་ཚོགས་ཀྱིས་བློ་འདྲི་བྱས་པའི་བཟའ་ཚང་ཁ་བྲལ་རྩོད་གཞི་དང་ཁྱིམ་ཚང་གི་གཏུམ་སྤྱོད། བུ་ཕྲུག་གསོ་སྐྱོང་སོགས་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་བཅའ་ཁྲིམས་ཀྱི་གནད་དོན་ལ་ངང་རྒྱུད་རིང་པོས་ལན་བཏབ་པ་དང་། ཡུལ་དངོས་སུ་བཅའ་ཁྲིམས་ཀྱི་བློ་འདྲི་མི་ཐེངས10ལྷག་ཙམ་དང་ལེན་བྱས་པ་དང་བཅའ་ཁྲིམས་ཀྱི་གནད་དོན3ལ་ལན་བཏབ་ཡོད། “ཁྲིམས་སྐྱོང་སློབ་སྤྱི་གཞོན་པ”དང་“ཁྲིམས་སྐྱོང་ཟུར་ཁྲིད་པ”བཅས་ཀྱི་འགན་འཁྲི་གང་ལེགས་བསྒྲུབས་ནས་དུས་བཀག་ལྟར་ཁོངས་གཏོགས་ཁུལ་གྱི་སློབ་གྲྭའི་བདེ་འཇགས་ཞིབ་བཤེར་དང“ཁྲིམས་སྐྱོང་སློབ་རར་འཛུལ་བའི”དྲིལ་སྒྲོག་བྱེད་སྒོ་སྤེལ་ཏེ་ནར་མ་སོན་པའི་སྐྱེ་བོ་རྣམས་ལ་ཁྲིམས་ལུགས་སློབ་སྦྱོང་དང་ཁྲིམས་ལུགས་ཤེས་པ། ཁྲིམས་ལུགས་སྤྱོད་པ་བཅས་ལ་སློབ་གསོ་དང་ཁྲིད་སྟོན་བྱས་ཡོད། མིག་སྔར་སློབ་གྲྭའི་བདེ་འཇགས་ཞིབ་བཤེར་ཐེངས9དང་། “ཁྲིམས་སྐྱོང་སློབ་གྲྭར་འཛུལ་བ”ཡི་ཆེད་དོན་འཆད་ཁྲིད་ཐེངས4དང་། སྡེ་བ(སྡེ་ཁུལ)དུ་དྲིལ་སྒྲོག་ཐེངས8བྱས་ནས་དྲིལ་སྒྲོག་དཔྱད་ཡིག་ཁག2500ལྷག་ཙམ་སྤྲད་ཡོད།

བུད་མེད་དང་བྱིས་པའི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱ་རྒྱུ་ནི་ཀྲུང་གོའི་དེང་རབས་ཅན་གྱི་ནང་དོན་གལ་ཆེན་ཞིག་ཡིན་ལ“དམངས་འཚོ་སྲུང་སྐྱོང་བྱ་རྒྱུའི”དོན་སྙིང་ཞིག་ཀྱང་ཡིན། མདའ་བཞི་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་དམངས་དོན་གྱི་ཁྲིམས་འཛིན་དམིགས་ཡུལ་ལག་ལེན་བསྟར་ནས“བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་གྱོད་དོན་ཐོ་འགོད་ལྟ་སྐུལ”སོགས་ཆེད་དོན་བྱ་སྤྱོད་གོ་སྐབས་སུ་བྱས་ཏེ། སྡེ་ཚན་མང་པོའི་མཉམ་ལས་ཐུན་མོང་ཐོག་བཅོས་སྐྱོང་གི་ལེགས་ཆ་གང་ལེགས་སྤྱད་དེ་བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་ལ་དམིགས་ནས། ཁྲིམས་ལྟར་རང་འགུལ་ངང་འགན་འཁྲི་སྒྲུབ་པ་བཅས་བྱས་ཏེ། ཁོངས་གཏོགས་ཁུལ་གྱི་བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་ལས་དོན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད།


མཉམ་སྤྱོད།