དེ་རིང་ནི2025ལོའི་ཟླ07པའི་ཚེས25ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདའ་བཞི་རྫོང་སྤྱི་བདེ་ཅུས་མངའ་ཁུལ་གྱི་རྒྱ་ཆེའི་མང་ཚོགས་རྣམས་ལ་སྤྲིང་བའི་ཆུར་བྱིང་བར་སྔོན་འགོག་བྱ་དགོས་པའི་སྐོར་གྱི་ཡི་གེ།

2025-07-17 18:23:08   |   478

རྩོམ་སྒྲིག ཁོན་ཐར་ཚེ་རིང་། ཡོང་ཁུངས། མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


མདའ་བཞི་རྫོང་གི་མི་དམངས་མང་ཚོགས་དང་ལྟ་སྐོར་བ་རྣམ་པ།

སྐུ་ཁམས་བཟང་། དབྱར་དུས་སླེབས་པ་དང་བསྟུན་ནས་དྲོད་ཚད་རིམ་བཞིན་ཇེ་མཐོར་ཕྱིན་པ་དང་ཆུར་ལྷུང་བའི་དོན་རྐྱེན་ཡང་མང་དུ་འབྱུང་བཞིན་ཡོད་པ་རེད། ང་ཚོ་གནས་སའི་ས་ནི་མཐོ་སྒང་ས་ཁུལ་ཡིན་པ་དང་དམིགས་བསལ་གྱི་ས་ཁམས་ཁོར་ཡུག་དང་ཆར་ཆུའི་གནས་ཚུལ་རྒྱུན་ལྡན་མིན་པ་སོགས་ཀྱི་དབང་གིས་ཆུར་ལྷུང་བའི་ཉེན་ཁར་དེ་ལས་ལྷག་པའི་རྙོག་འཛིང་རང་བཞིན་དང་དམིགས་བསལ་རང་བཞིན་ཡོད། དེ་བས་ཚང་མས་ཚེ་སྲོག་བདེ་འཇགས་ལ་འགན་འཁུར་པ་དང་ཆུར་ལྷུང་བར་སྔོན་འགོག་བྱེད་པའི་འདུ་ཤེས་མཐོར་འདེགས་གཏང་ཆེད། འདིར་མདའ་བཞི་རྫོང་སྤྱི་བདེ་ཅུས་རྒྱ་ཆེའི་མང་ཚོགས་རྣམས་ལ་བདེ་འཇགས་སློབ་གསོའི་སྐོར་གྱི་དམིགས་བསལ་འཕྲིན་ཡིག་འདི་སྤྲིངས་པ་ལགས་སོ།།

ཐོག་མར་ཚང་མས་ཤེས་དགོས་པ་ཞིག་ནི། རང་ཅག་གནས་སའི་མཐོ་སྒང་ས་ཁུལ་འདིའི་ཆུ་བོ་དང་མཚེའུ། ཆུ་མཛོད་སོགས་ནི་ཕྱི་ནས་བལྟས་ན་ལྷིང་འཇགས་མཛེས་སྡུག་གི་ཚུལ་དུ་མངོན་མོད། ཡིན་ནའང་གཟབ་གཟབ་མ་བྱས་ན་ཉེན་ཁའང་འབྱུང་སྲིད་དེ། མཐོ་སྒང་ས་ཆའི་ཆུའི་དྲོ་ཚད་ཤིན་ཏུ་དམའ་བས་ཆུ་ནང་དུ་བརྒལ་ན་ལུས་ཀྱི་རྩ་འཐེན་འགྲོ་བའི་གནས་ཚུལ་སོགས་འབྱུང་ངེས་ལ། དེ་བས་ཀྱང་མཁའ་དབུགས་སྲབ་སེང་ཡིན་པས་ཆུར་རྐྱལ་བའི་སྐབས་སུ་མཁའ་དབུགས་ཀྱིས་མི་འདིང་བ་དང་ལུས་ཕུང་ཐང་ཆད་སླ་བ་སོགས་ཀྱི་གནས་ཚུལ་འབྱུང་སྲིད་པ་ཡིན། དེའི་རྐྱེན་ཚང་མས་ངེས་པར་དུ་གཤམ་གྱི་དོན་ཚན་དག་ཡིད་ལ་དམ་པོར་འཛིན་དགོས་ཏེ།

གཅིག རང་ཉིད་གཅིག་པུའམ་ཡང་ན་མཉམ་རོགས་བྱས་ནས་རྒྱུས་མངའ་མེད་པའི་ཆུ་ནང་དུ་ཆུ་རྐྱལ་བྱེད་པའམ་ཡང་ན་རྩེད་མོ་རྩེད་མི་རུང་། གལ་ཏེ་ཆུ་རྐྱལ་འདོད་ན་བདེ་འཇགས་འགན་སྲུང་ཡོད་པའི་ཆུ་རྐྱལ་གནས་སུ་འགྲོ་དགོས་ཤིང་། སྲོག་སྐྱོབ་པའི་ལྟ་སྐྱོང་ཡོད་པའི་གནས་ཚུལ་འོག་ཏུ་ད་གཟོད་ཆུ་རྐྱལ་ན་ལེགས།

གཉིས། ཁྱིམ་བདག་རྣམ་པས་བྱིས་པར་ལྟ་སྐུལ་བྱེད་པའི་འགན་འཁྲི་དང་དུ་བླངས་ནས་བྱིས་པ་གཅིག་པུ་དང་ཡང་ན་གྲོགས་པོ་ཆུང་ཆུང་དག་དང་ལྷན་དུ་རང་དགར་ཆུ་རྐྱལ་བྱེད་དུ་འགྲོ་མི་ཉན་པའི་ཁ་ཏ་སློབ་གསོ་བྱ་དགོས་ཤིང་། ལྷག་པར་དུ་དུས་ཆེན་དང་དབྱར་གནང་གི་སྐབས་སུ་སློབ་མའི་བདེ་འཇགས་ལ་མཉམ་འཇོག་བྱེད་ཤུགས་ཆེ་རུ་གཏོང་དགོས།

གསུམ།  གལ་ཏེ་ཁྱེད་རང་ཆུ་འགྲམ་དང་མཚེའུ་འགྲམ་སོགས་སུ་འགྲོ་དུས། ཉེན་ཁ་ཡོད་པའི་ཆུ་བོ་དང་རྒྱང་ཐག་རིང་དུ་གཏོང་དགོས་ལ། ཆུའི་ནང་ཆུར་རྩེད་དང་ཆུའི་ནང་གི་དངོས་པོ་ལེན་པ་སོགས་གཏན་ནས་བྱ་མི་རུང་།

བཞི། གལ་ཏེ་མི་གཞན་ཆུའི་ནང་དུ་ལྷུང་བ་མཐོང་ཚེ་གྲ་སྒྲིག་ཅི་ཡང་མེད་པར་ཆུ་ནང་དུ་ལྡིང་མི་རུང་ལ། དེ་མ་ཐག་ཏུ་ཉེན་རྟོག་པར་ཁ་པར་བཏང་སྟེ་ཆེད་ལས་ཀྱི་རོགས་སྐྱོབ་འབོད་དགོས།

ལྔ། རྨང་གཞིའི་རང་སྐྱོབ་དང་ཕན་ཚུན་སྐྱོབ་པའི་ཤེས་བྱར་སློབ་སྦྱོང་བྱ་དགོས་པ་སྟེ། དཔེར་ན་ཆུར་ལྷུང་བའི་སྐབས་སུ་འཚུབ་ཆ་མི་ལངས་པར་ལུས་སེམས་ཅི་ནུས་ཀྱིས་ལྷོད་ལ་འབབ་པ་དང་མགོ་བོ་ཆུའི་ཕྱི་རུ་བུད་དེ་རོགས་སྐྱོབ་བྱེད་དུ་ཡོང་བར་སྒུག་དགོས།

ཚེ་སྲོག་ནི་ཐེངས་གཅིག་ལས་མེད་པས་ང་ཚོ་ཐུན་མོང་གིས་ཆུར་བྱིང་བར་སྔོན་འགོག་བྱེད་པའི་བདེ་འཇགས་སློབ་གསོར་ཤུགས་སྣོན་དང་རང་སྐྱོབ་འདུ་ཤེས་མཐོར་འདེགས་བཏང་སྟེ། ཆུར་འཐིམ་པའི་དོན་རྐྱེན་མི་འབྱུང་བར་ཤུགས་སྣོན་དགོས།

མདའ་བཞི་རྫོང་སྤྱི་བདེ་ཅུ།

2025ལོའི་ཟླ7པའི་ཚེས16ཉིན།


མཉམ་སྤྱོད།