དེ་རིང་ནི2024ལོའི་ཟླ09པའི་ཚེས18ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

འགྲོགས་འདྲིས་དང་དཔེ་ཀློག་དང་གོམས་གཤིས་བཅས་ནི་ཁྱིམ་ཚང་སློབ་གསོའི་གནད་གསུམ་ཡིན།

2024-09-10 10:57:13   |   136

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  མཚོ་སྔོན་བོད་ཡིག་གསར་འགྱུར་ཚགས་པར།  བཤེར་འབེབས།  རིན་ཆེན་ཚེ་རིང་།


ཁྱིམ་ཚང་སློབ་གསོ་ནི་ཁྱིམ་བདག་གི་དམིགས་ཅན་གྱི་བསླབ་བྱའི་སློབ་སྟོན་དང་མངོན་མེད་ཀྱི་ཁྱིམ་སྲོལ་ཁྲོད་ཀྱི་བྱིས་པའི་གོ་བསྐོན་སློབ་གསོའི་བསམ་སྤྱོད་ཅིག་ལ་གོ་བ་དང་། ཁྱིམ་ཚང་སློབ་གསོ་ནི་བྱིས་པའི་མི་ཚེའི་ཆེས་ཐོག་མའི་སློབ་གསོ་ཡིན་ཞིང་། དེས་བྱིས་པའི་འཇིག་རྟེན་ལྟ་བ་དང་རིན་ཐང་ལྟ་བ། མི་ཚེའི་ལྟ་བར་ཤུགས་རྐྱེན་ཟབ་མོ་འཇོག་ངེས་ཡིན།

འོན་ཀྱང་འབྲེལ་ཡོད་བརྟག་དཔྱད་ལས་མངོན་པ་ལྟར་ན། 50%ལ་ཉེ་བའི་ཁྱིམ་བདག་ཕལ་ཆེ་བ་བྱིས་པའི་སློབ་གསོ་གཏོང་ཐབས་ལ་རྨོངས་ཡོད། འདིར་ང་ཚོས་མཉམ་དུ་ཁྱིམ་བདག་རྣམས་ཀྱིས་བྱིས་པར་སློབ་གསོ་གཏོང་བའི་གོ་རིམ་ཁྲོད་དུ་དོ་སྣང་ཆེས་ཆེར་བྱེད་དགོས་པའི་གནད་འགའ་ཞིག་གླེང་བར་བྱ་སྟེ།

གཅིག་ནས་འཛིན་གྲྭའི་དགེ་རྒན་དང་ཁྱིམ་བདག་རྣམས་སློབ་གྲྭ་དང་ཁྱིམ་ཚང་གི་ཁ་བརྡ་དང་འབྲེལ་འདྲིས་སུ་མཉམ་ཞུགས་བྱས་ཏེ། དགེ་རྒན་གྱིས་བྱིས་པའི་སློབ་གྲྭའི་ནང་གི་སློབ་སྦྱོང་དང་འཚོ་བའི་གནས་ཚུལ་སྐད་འཕྲིན་སོགས་བརྒྱུད་ནས་ཁྱིམ་བདག་ལ་ཤེས་སུ་འཇུག་པ་དང་ཁྱིམ་བདག་གིས་ཀྱང་དུས་ཐོག་ཏུ་ཕྱིར་ལན་སྤྲོད་དགོས། གཉིས་ནས་འཛིན་བདག་དང་སློབ་ཁྲིད་དགེ་རྒན་ཕུད་པའི་འཛིན་གྲྭའི་ཁྱིམ་བདག་སོ་སོས་སྐད་འཕྲིན་གྱི་ཚོགས་པ་བཙུགས་ནས་ཕན་ཚུན་བར་ལ་སློབ་གསོའི་ཉམས་མྱོང་བརྗེ་རེས་བྱེད་དགོས།

གནས་ལུགས་ལྟར་ན་འདི་ནི་དོན་དག་ལེགས་པོ་ཞིག་ཡིན་མོད། ཁྱིམ་བདག་རྣམས་ཏག་ཏག་ཡི་མུག་པའི་གནས་སུ་བསྐྱལ་འོང་བའི་གནས་ཚུལ་ཡང་ཡིན་འདུག ཡི་མུག་དགོས་པའི་རྒྱུ་མཚན་ཆེ་ཤོས་ནི་ཕན་ཚུན་བར་ལ་སྡུར་རེས་བྱེད་པ་སྟེ། བྱིས་པ་ཞིག་གི་སྦྱངས་འབྲས་ལེགས་པའི་སྐབས་སུ་ཁྱིམ་བདག་མང་པོ་ཞིག་མཚར་སྣང་སྐྱེས་ཏེ། བྱིས་པ་དེ་ཟུར་ཁྲིད་ལ་ཞུགས་ཡོད་མེད་དང་ཡང་ན་ཁྱིམ་ཚང་སློབ་གསོའི་མན་ངག་འདྲ་ཡོད་མེད་སོགས་ལ་རྩད་གཅོད་པར་བྱེད།

དོན་དངོས་སུ་ཁྱིམ་ཚང་སློབ་གསོ་ལ་མན་ངག་ཅི་ཡང་མི་འདུག་སྟེ། དེའི་གནད་གཙོ་བོ་གཤམ་གྱི་གནད་ཚིག་འདི་གསུམ་ལ་འབྲེལ་བ་ཤིན་ཏུ་ཟབ་བོ།

གཅིག  འགྲོགས་འདྲིས། ཕ་མ་རྣམས་ལས་ཀར་བྲེལ་བ་ཇི་ལྟར་ཆེ་ཡང་བྱིས་པར་འགྲོགས་འདྲིས་བཟང་པོ་བྱེད་དགོས།

1 ཕ་མ་དང་བྱིས་པས་མཉམ་དུ་ཟ་མ་ཟ་བ་དང་མཉམ་དུ་ཁ་བརྡ་བྱེད་པ་ནི་འབྲེལ་འདྲིས་དང་སློབ་སྦྱོང་གི་གོ་རིམ་ཡིན། སེམས་ཁམས་རིག་པའི་ཞིབ་འཇུག་ལས་ཤེས་གསལ་ལྟར་ན་བྱིས་པའི་མིང་བརྡའི་གསོག་འཇོག་གི་ཚད་དང་ཕ་མའི་ཁྱིམ་ཚང་གི་འབྲེལ་འདྲིས་སམ། སྒོས་སུ་ཟ་མ་ཟ་སྐབས་ཀྱི་འབྲེལ་འདྲིས་མིང་བརྡ་དང་ཐད་ཀར་འབྲེལ་བ་ཡོད་པར་མངོན།

2 ཕ་མ་རྣམས་ཀྱིས་ཆབ་སྲིད་ཀྱི་སྐོར་གླེང་བ་མང་ཚེ་བྱིས་པ་ནར་སོན་རྗེས་ཆབ་སྲིད་ལ་སྤྲོ་སྣང་ཇེ་ཆེར་འགྲོ་ཞིང་། ཕ་མས་རྒྱུན་པར་འཁང་ར་ལེ་བདའ་བྱས་ཚེ། བྱིས་པར་ཡང་འཁང་ར་ལེ་བདའ་བྱེད་འདོད་ཀྱི་སེམས་ཁམས་འབྱུང་། ཕ་མ་མང་པོ་ཞིག་གིས་བྱིས་པར་ཁ་བརྡ་མང་པོ་བྱེད་པར་དོན་སྙིང་ཆེར་མེད་པར་བསམ་མོད། དོན་དངོས་སུ་ཕ་མས་བཤད་པའི་སྐད་ཆ་གནས་སྐབས་སུ་བྱིས་པས་གོ་དཀའ་ཡང་། སྐད་ཆ་དེ་དག་བྱིས་པའི་ཀླད་པའི་གྲུབ་ཆ་གལ་ཆེན་ཞིག་ཏུ་འགྱུར་ཤ་སྟག་ཡིན། དེ་ལས་ཀྱང་གལ་ཆེ་བ་ནི་འགྲོགས་འདྲིས་དང་མཉམ་དུ་འཚོ་བ་རོལ་བས་ཁྱིམ་ཚང་དེ་ལ་ཐུན་མོང་གི་ལས་དབང་ཡོད་མེད་ལ་སྟངས་འཛིན་བྱེད།

3 ཁེ་ལས་པ་ཡིན་པའི་ཁྱིམ་བདག་ཞིག་ལ་རྒྱུན་པར་ལས་བྲེལ་ཤིན་ཏུ་ཆེ་སྟབས། ཟས་ཆང་གི་མགྲོན་ཁ་ནས་ཁོམ་པའི་གླགས་རྙེད་དཀའ་བའི་གནས་སུ་གྱུར་བས་རང་གི་བྱིས་པར་འབྲེལ་འདྲིས་ཀྱི་དུས་ཚོད་ཧ་ཅང་ཉུང་། བུ་ཕྲུག་སློབ་ཆུང་འགྲིམས་པའི་རྗེས་སུ་སློབ་གསོ་གསར་པའི་ཚོད་བཤེར་ལ་ཞུགས་དགོས་ཤིང་། སློབ་གསོ་གསར་པའི་དགེ་རྒན་གྱིས་གཟའ་རེར་དུས་ལྟར་བྱིས་པའི་ཕ་མ་ལ་འཕྲིན་ཡིག་རེ་འབྲི་དགོས། དེའི་ཁྲོད་ཀྱི་རྣམ་གྲངས་གཅིག་ནི་ཁྱིམ་བདག་གིས་བྱིས་པ་དང་མཉམ་དུ་དཔེ་ཆ་ཀློག་རྒྱུ་དེ་རེད། ཨ་མས་དཔེ་ཀློག་བྱེད་དགོས་པར་མ་ཟད། ཨ་ཕས་ཀྱང་དཔེ་ཀློག་བྱེད་དགོས་རྐྱེན། བྱིས་པ་དེའི་ཕ་ཡིས་ལོ་ལྔའི་ནང་དུ་བྱིས་པ་དང་མཉམ་དུ་ཁྱོན་སྡོམ་དཔེ་དེབ184ལྷག་བཀླགས་ཟིན་པ་རེད། ཁོས་བཤད་པར་ཐོག་མར་དཔེ་ཆ་ལ་སྤྲོ་སྣང་ཆེར་མི་འདུག་མོད། ཟླ་ངོ་གཅིག་རིང་གི་དཔེ་ཀློག་བརྒྱུད་རྗེས། ཆང་རག་དང་བསྡུར་ན་དོན་སྙིང་ཆེ་བ་རྟོགས་པས་རང་འགུལ་གྱིས་བྱིས་པ་དང་མཉམ་དུ་དཔེ་ཀློག་བྱེད་མགོ་བརྩམས། ཁོས་བཤད་རྒྱུར་འདས་པའི་ལོ་ངོ་ལྔའི་རིང་ལ་བུ་ཆུང་སློབ་ཆུང་འགྲིམས་ཤིང་། ང་རང་སློབ་ཆེན་འགྲིམ་ཐུབ་སོང་ཟེར། ཕྱིས་སུ་ཁོང་བྱིས་པ་དང་མཉམ་དུ་དཔེ་ཀློག་ལ་གོམས་པར་གྱུར། ཕ་མ་རྣམས་ལས་བྲེལ་ཅི་འདྲ་ཆེ་ཡང་ཅི་ནུས་ཀྱིས་བྱིས་པ་དང་འགྲོགས་འདྲིས་བྱེད་དགོས་ཤིང་། ཕྱིར་རང་ཁྱིམ་དུ་ལོག་རྗེས་ཕ་མ་འགའ་ཤས་ཀྱིས་རོལ་རྩེད་ལ་གཡེང་བ་དང་བརྙན་འཕྲིན་ལ་ལྟ་བ་སོགས་ནི་རྒྱུན་ལྡན་ཞིག་ཡིན་ཡང་ངེས་པར་ཐབས་ཤེས་སྣ་ཚོགས་ལ་བརྟེན་ནས་བྱིས་པ་དང་ཉེ་བར་བཅར་དགོས།

གཉིས། དཔེ་ཀློག དཔེ་ཀློག་བྱས་ཏེ་ཨ་མར་ཉན་དུ་འཇུག་དགོས།

1 དཔེ་ཀློག་གི་ས་བོན་ནི་རང་ཁྱིམ་ནས་བཏབ་པ་རེད།《གྱེར་འདོན་ལག་དེབ》ཞེས་པའི་དེབ་དུ་སྙན་ངག་ཅིག་དྲངས་ཡོད་དེ“ཁྱོད་ལ་རིན་ཆེན་གསེར་དངུལ་གྱི་རྒྱུ་ནོམ་མཐའ་མེད་པ་ཡོད་ཀྱང་སྲིད་མོད། འོན་ཀྱང་ངའི་རྒྱུ་ནོར་གྱི་དོ་ཟླ་མ་ཡིན་ཏེ། ངས་དཔེ་ཀློག་བྱས་ནས་ཨ་མར་ཉན་དུ་འཇུག་བཞིན་ཡོད”ཅེས་པ་ལྟར་དཔེ་ཀློག་ནི་བྱིས་པའི་བསམ་པའི་ཕུན་ཚོགས་ཀྱི་འབྱུང་ཁུངས་ཡིན། དཔེ་ཀློག་གི་ནུས་པ་དང་སྤྲོ་སྣང་གི་གོམས་གཤིས་གསོ་སྐྱོང་བྱེད་པ་ནི་རང་ཁྱིམ་ནས་མགོ་རྩོམ་དགོས།

2 ལོ་ཆུང་བྱིས་པའི་དུས་ཀྱི་གསང་བ་མང་པོ་ང་ཚོས་ཡེ་ནས་མི་རྟོགས་ཤིང་། བྱིས་པའི་དཔེ་ཀློག་གི་རིན་ཐང་ཡང་གཏན་ནས་ཤེས་མྱོང་མེད།  བྱིས་དུས་ཀྱི་དཔེ་ཀློག་ནི་མཛེས་སྡུག་ཡི་གར་འོང་བ་ཞིག་སྟེ། འཇམ་ཅག་གེར་མི་སྣ་དང་རི་དྭགས་གང་ཞིག་གི་ལས་དབང་གི་ཁྲོད་དུ་གནས་བཅས་ཤིང་། དེ་དག་ལ་བརྟེན་ནས་བྱིས་པའི་རིན་ཐང་ལྟ་བའང་ཆགས་པ་ཡིན།

3 ཆེས་ཐོག་མའི་དཔེ་ཀློག་ནི་ཕ་མ་དང་བུ་ཕྲུག་བར་གྱི་མཉམ་ཀློག་ཡིན་ཏེ། བྱིས་པས་ཐོག་མར་ཡི་གེ་མི་ཤེས་པའི་སྐབས་སུ་ཕ་མས་དཔེ་ཆ་བཀླགས་ནས་བྱིས་པར་ཉན་དུ་འཇུག་དགོས་པ་དང་། དཔེ་ཀློག་ནི་ཐོག་མར་རི་མོར་ལྟ་བ་ནས་མགོ་རྩོམ་དགོས་ཏེ། བྱིས་པས་ཆེས་ཐོག་མར་རི་མོར་བལྟས་ནས་འཇིག་རྟེན་ངོས་འཛིན་བྱེད་པ་ཡིན། དེ་ལས་ཀྱང་གལ་བ་ཆེ་ནི་བྱིས་དུས་སུ་དཔེ་ཀློག་ལ་གོམས་ན་རྗེས་སོར་རང་རྟོགས་ཀྱིས་དཔེ་ཀློག་ལ་གོམས་པ་ཡིན།

4 དཔེ་ཀློག་ནི་ཟས་ཀྱི་ཡི་ག་དང་འདྲ་སྟེ། ཐོག་མ་ཉིད་ནས་བྱིས་པར་ཁེན་ཏི་བྱ་ཤ་དང་མའེ་ཏང་ལའོ་ཟ་རུ་བཅུག་པ་ཡིན་ན། རིམ་བཞིན་ཟས་རིགས་གཞན་ཟ་བའི་ཡི་ག་མེད་པར་གྱུར་ནས་ཁེན་ཏི་བྱ་ཤ་དང་མའེ་ཏང་ལའོ་གཅིག་པུར་སྤྲོ་སྣང་ཡོད་པ་ལས། འཇིག་རྟེན་དུ་ད་དུང་ཟས་མཆོག་གཞན་ཡོད་པ་ཤེས་མི་སྲིད། དཔེ་ཀློག་ཡང་དེ་དང་འདྲ་བར་དཔེ་ཆ་སྤྱིར་བཏང་བར་བལྟས་པ་ན་ཕུལ་བྱུང་གི་དཔེ་དེབ་མྱོང་རོལ་གྱི་ནུས་པ་ཞན་པར་འགྱུར་བ་ཡིན།

གསུམ། གོམས་གཤིས། སློབ་གསོ་ལེགས་འགྲུབ་འབྱུང་མིན་དེ་གོམས་གཤིས་ལེགས་པོ་ཞིག་ཡོད་མེད་ལ་རག་ལས།

1 ལུས་རྩལ་ནི་སུ་མཐོ་སུ་མགྱོགས་འགྲན་པ་ཙམ་མ་ཡིན་པར། ལུས་སྦྱོངས་ཀྱི་གོམས་གཤིས་ལེགས་པོ་ཞིག་ལོབས་ཡོད་མེད་ལ་གོ་དགོས་པ་རེད། དཔེར་ན། ལུས་རྩལ་གྱི་སྦྱངས་འབྲས་བཟང་ནའང་ཟ་ལོག་འཐུང་ལོག་བྱེད་པ་ལས་ལུས་ཕུང་སྦྱོང་བརྡར་མི་བྱེད་པ། ལུས་པོ་ཡང་བདེ་ཐང་མིན་པ་ཞིག་ལ་ལུས་རྩལ་སློབ་གསོ་ལེགས་པོ་ཞིག་འཁྱོངས་པར་ངོས་འཛིན་མི་རིགས།

2 དོན་ངོ་མར་སློབ་གསོ་ནི་འཚར་སྣང་གི་བློ་ལ་གོམས་སུ་བཅུག་ནས། རང་འགུལ་ངང་མུ་མཐུད་དུ་སློབ་སྦྱོང་དང་རང་ཉིད་འཕེལ་རྒྱས་གཏོང་བ་དེ་ཡིན། སློབ་གཉེར་སྐབས་སུ་སྦྱངས་འབྲས་སྐར་མ་བརྒྱ་བླངས་ཀྱང་། སྤྱི་ཚོགས་ལས་སྒོར་ཞུགས་ན་དཔེ་དེབ་རྒྱབ་ཏུ་གཡུག་པ་ཞིག་བྱ་མི་རུང་།

3 སློབ་གསོ་གསར་མའི་རྣམ་གཞག་གིས་ཟླ་རེར་དོན་གཅིག་ཅེས་པའི་ལས་འགུལ་ཞིག་བཏོན་འདུག་སྟེ། བྱིས་པར་ཟླ་བ་རེར་དོན་དག་གཅིག་རེ་བསྒྲུབ་པ་གོམས་སུ་འཇུག་དགོས་པ་སྟེ། དཔེར་ན། ཟླ་བ་འདིར་ཟ་མ་ཟ་ཤེས་སུ་འཇུག་པའམ། ཟ་མ་ཟ་སྐབས་གོམས་གཤིས་ལེགས་པོ་ཞིག་ཆགས་སུ་འཇུག་པ། དེ་ནི་གུས་ལུགས་ཙམ་མ་ཡིན་པར་ད་དུང་གོམས་གཤིས་དང་འབྲེལ་བའི་དོན་དག་མང་པོ་ཞིག་ཡོད། དཔེར་ན་གོམ་པ་སྤོ་ཤེས་པ། གོམ་པ་སྤོ་སྐབས་གོམས་གཤིས་ལེགས་པོ་ཞིག་གི་རྒྱུན་སྐྱོང་བ། གོམས་གཤིས་འདི་དག་གི་རྒྱབ་ཏུ་ད་དུང་སྒྲིག་སྲོལ་རང་བཞིན་གྱི་དོན་དག་མང་པོ་ཡོད། ང་ཚོས་དུས་རྒྱུན་དུ་གློག་དམར་བརྒལ་མི་རུང་ཟེར། དེའི་ནང་དོན་ནི་འགྲིམ་འགྲུལ་སྒྲིག་ལམ་སྲུང་བ་ཡིན་ཞིང་དེ་ཡང་གོམས་གཤིས་ཤིག་ཡིན།

4 དཔེར་ན། ང་ལ་མཚོན་ན། ངའི་ཕ་ལགས་ཀྱིས་ང་ལ་གནང་བའི་རྩ་ཆེ་བའི་ལེགས་སྐྱེས་ནི་ནངས་སྔ་མོར་ལངས་བའི་གོམས་གཤིས་ཤིག་བསྩལ་ཡོད་པ་དེ་རེད། ཁོས་ང་ལ་ཞོགས་པར་ཆུ་ཚོད་ལྔའི་སྟེང་ཡར་ལངས་ཏེ་སྤུ་མྱུག་ཡིག་གཟུགས་སྦྱོངས་ཞེས་སྐུལ་མ་བྱེད། སྤུ་སྨྱུག་ཡིག་གཟུགས་ལེགས་པོ་ཞིག་འབྲི་མ་ཐུབ་མོད། ཞོགས་པར་ཆུ་ཚོད་ལྔའི་སྟེང་མལ་ལས་ལངས་པ་ནི་ངའི་མི་ཚེ་འདིའི་གོམས་གཤིས་སུ་གྱུར་ཡོད། ད་ལྟ་ང་རང་ཞོགས་པའི་ཆུ་ཚོད་བརྒྱད་ཡས་མས་སུ་ཁྱིམ་ནས་ལས་ཚོགས་སུ་སོང་བ་ཡིན་ཞིང་། འདིའི་བར་གྱི་ཆུ་ཚོད་གསུམ་རིང་དཔེ་ཀློག་དང་རྩོམ་འབྲི་བྱེད་ཐུབ།

5 སྐུ་ཞབས་ཡེ་ཧྲེང་ཐའོ་ལགས་ཀྱིས་གསུངས་པ་ནང་བཞིན།  “སློབ་གསོ་ནི་གོམས་གཤིས་ལེགས་པོ་ཞིག་གསོ་སྐྱོང་བྱེད་པ་སྟེ། སློབ་གསོའི་ཚད་ཤིང་ནི་གོམས་གཤིས་ལེགས་པོ་ཞིག་འཁྱོངས་ཡོད་མེད”ལ་ལྟ་རྒྱུ་དེ་ཡིན།


མཉམ་སྤྱོད།