དེ་རིང་ནི2024ལོའི་ཟླ09པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདོ་དབུས་མཐོ་སྒང་སྟེ། འཛམ་གླིང་ཐོག་འོད་འཕྲོའི་དུས་ཚོད་ཆེས་རིང་བའི་མཐོ་སྒང་།

2024-09-10 10:17:20   |   162

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས།  བཤེར་འབེབས།  རིན་ཆེན་ཚེ་རིང་།


5.jpg

ཁོད་ཡངས་ཤིང་ངོ་མཚར་ཆེ་བའི་ས་ཆ་གང་ཞིག་བརྗིད་ཆགས་པའི་རི་ཚོགས་དང་མཛེས་སྡུག་ལྡན་པའི་འཁྱགས་ཀླུང་ལ་བརྟེན་ནས་སྐད་གྲགས་ཆོད་ཡོད་པར་མ་ཟད། དམིགས་བསལ་གྱི་ནམ་ཟླའི་ཆ་རྐྱེན་ལ་བརྟེན་ནས་གཞན་ལས་ཁྱད་དུ་འཕགས་ཡོད། དེ་ལ་འཛམ་གླིང་ཐོག་ཆེས་རིང་བའི་འོད་འཕྲོའི་དུས་ཚོད་ཀྱང་ལྡན་ཏེ། ལོ་ཧྲིལ་བོའི་འོད་འཕྲོའི་དུས་ཚོད་ནི་ཆུ་ཚོད3100-3400བར་ཡིན། ཉི་འོད་རབ་ཏུ་འཕྲོས་པས་གནས་དེའི་སྐྱེ་ཁམས་མ་ལག་དང་ས་རྒྱུའི་གྲུབ་ཚུལ་ལ་དམིགས་བསལ་གྱི་གསོན་ཤུགས་བསྩལ་ཡོད་དེ། གནས་དེ་ནི་མདོ་དབུས་མཐོ་སྒང་རེད། ང་ཚོ་མཉམ་དུ་ཉི་འོད་རབ་ཏུ་འཕྲོ་བའི་གནས་དེར་བསྐྱོད་དེ། འོད་འཕྲོའི་དུས་ཚོད་ཀྱིས་མདོ་དབུས་མཐོ་སྒང་ལ་ཐེབས་པའི་གཏིང་ཟབ་པའི་ཤུགས་རྐྱེན་དང་། རང་བྱུང་དང་དུས་ཚོད་ཀྱི་ངོ་མཚར་བའི་མཉམ་འདུས་ལ་འཚོལ་ཞིབ་ཐེངས་གཅིག་བྱ། 

མདོ་དབུས་མཐོ་སྒང་གི་འོད་འཕྲོའི་དུས་ཚོད་རིང་བའི་རྒྱུ་རྐྱེན། 

1.ས་ཁམས་གནས་བབ། མདོ་དབུས་མཐོ་སྒང་ནི་བྱང་གི་འཕྲེད་ཚད་ཏུའུ30ཡི་ཉེ་འགྲམ་དུ་ཡོད་པས་ཚ་ཁུལ་ཕལ་བའི་ས་ཁུལ་དུ་གཏོགས། ཁྱད་པར་དུ་དབྱར་ཁར་ཉི་མའི་མཐོ་ཚད་ཟུར་ཆེ་ཞིང་ཉི་མའི་འོད་ཐིག་དང་ས་ངོས་བར་གྱི་བཙུར་ཟུར་ཡང་ཅུང་ཆེ་བས། འོད་འཕྲོའི་དུས་ཚོད་མངོན་གསལ་གྱིས་ཇེ་རིང་དུ་འགྲོ་ལ་ཉིན་མོའི་དུས་ཚོད་ཅུང་རིང་བ་ཡིན། 

2.མཚོ་འཕགས་མཐོ་བ། མདོ་དབུས་མཐོ་སྒང་གི་ཆ་སྙོམས་མཚོ་འཕགས་སྨི4500ལས་བརྒལ་ཡོད་ལ། མཚོ་འཕགས་མཐོ་བའི་རྐྱེན་གྱིས་མཁའ་དབུགས་ཅུང་སྲབ་ཅིང་སྤྲིན་རིམ་ཉུང་བ་དང་། ཉི་འོད་བརྟོལ་འཕྲོ་བྱེད་སླ་བས་ཉི་འོད་དྲང་འཕྲོའི་དུས་ཚོད་རིང་བ་ཡིན། 

3.ས་དབྱིབས་དང་ས་བྱད། མདོ་དབུས་མཐོ་སྒང་གི་ས་དབྱིབས་རྙོག་འཛིང་ལྡན་ལ་རི་རྒྱུད་སྣོལ་མར་བསྡེབས་ཡོད་པས། ཉི་འོད་ས་དབྱིབས་མི་འདྲ་བའི་ཐོག་ཏུ་འཕྲོ་དུས་ཀྱི་ཀྱོག་འཕྲོ་དང་ལྡོག་འཕྲོའི་བྱེད་ནུས་ཀྱིས་འོད་འཕྲོའི་དུས་ཚོད་གོམ་གང་མདུན་སྤོས་སྒོས་ཇེ་རིང་ལ་བཏང་ཡོད། ཁོད་ཡངས་ཤིང་སྙོམས་པའི་ས་དབྱིབས་ཀྱིས་འོད་འཕྲོ་སྐབས་ཀྱི་བཀག་འགོག་བྱེད་ནུས་ཇེ་ཆུང་དུ་བཏང་ཡོད་པས། ཉི་འོད་ཆ་སྙོམས་སྒོས་ས་ཁོངས་ཧྲིལ་བོར་འཕྲོ་ཐུབ། གཞན་མཐོ་སྒང་གི་མཚེའུ་དང་ཆུ་བོ་སོགས་ཆུ་ཕུང་གི་ཉི་འོད་ལྡོག་འཕྲོའི་ནུས་པས་ཀྱང་འོད་འཕྲོའི་དུས་ཚོད་ཇེ་རིང་ལ་བཏང་ཡོད། 

4.ནམ་ཟླའི་རྒྱུ་རྐྱེན། མདོ་དབུས་མཐོ་སྒང་གི་ནམ་ཟླ་སྐམ་ཤས་ཆེ་ལ་ཆར་ཆུ་ཉུང་བ་དང་སྤྲིན་ཡང་ཉུང་བས། གནམ་དྭངས་པའི་ཉིན་མོ་མང་ལ་འོད་འཕྲོའི་དུས་ཚོད་རང་བཞིན་གྱིས་ཅུང་རིང་བར་ཡོད། གཞན་མདོ་དབུས་མཐོ་སྒང་ནི་ནུབ་རླུང་རྒྱུད་ཀྱི་ཤུགས་རྐྱེན་ཐེབས་སླ་བའི་ས་ཁོངས་སུ་ཡོད་པ་དང་། ནུབ་རླུང་རྒྱུད་ཀྱི་རླུང་རྒྱུན་དྲག་པོས་ཆུ་རླངས་མང་པོ་ཁྱེར་ཏེ་མཐོ་སྒང་ས་ཁུལ་དུ་ཆར་ཆུ་ཉུང་ཞིང་གནམ་དྭངས་དུས་མང་དུ་བཅུག་ཡོད་པས་འོད་འཕྲོའི་དུས་ཚོད་རིང་བ་རེད།   

5.མཁའ་དབུགས་གཙང་བ།  མིའི་རིགས་ཀྱི་བྱེད་སྒོ་ལྟོས་བཅས་ཀྱིས་ཉུང་བས་མཁའ་དབུགས་ལ་སྦགས་བཙོག་ཐེབས་ཚད་ཅུང་དམའ། དེ་བས་ཉི་འོད་ཐད་ཀར་འཕྲོ་ཐུབ། དེ་མིན་དྭངས་གཙང་གི་མཁའ་དབུགས་ཀྱིས་ཉི་འོད་ཐོར་འཕྲོ་དང་བསྡུ་ལེན་བྱེད་ཚད་ཇེ་ཉུང་ལ་བཏང་བས། ས་ངོས་ཀྱི་འོད་འཕྲོའི་དྲག་ཚད་ཇེ་ཆེར་བཏང་ཡོད། 

མདོ་དབུས་མཐོ་སྒང་གི་འོད་འཕྲོའི་དུས་ཚོད་རིང་བའི་ཤུགས་རྐྱེན། 

1.ས་གཤིས་ཁོར་ཡུག འོད་འཕྲོའི་དུས་ཚོད་རིང་ལ་ཉིན་མཚན་དྲོད་ཚད་ཀྱི་ཧེ་བག་ཆེ་བ་དང་། བྲག་རྡོའི་ངོས་ཡང་དང་བསྐྱར་དུ་ཚ་སྦོས་གྲང་འཁུམ་བྱས་པའི་དབང་གིས་བྲག་རྡོ་གས་པ་དང་། གཏེར་དངོས་ཞུ་བ་དང་རླུང་ཟད་འབྱུང་བའི་འགྲོས་ཚད་ཇེ་མགྱོགས་སུ་ཕྱིན་ཏེ་ས་དབྱིབས་ས་བྱད་ཀྱི་གནས་སྟངས་ལ་འགྱུར་ལྡོག་དང་བསྐྱར་བཟོ་བྱེད་པ། 

2.སྐྱེ་ཁམས་ཁོར་ཡུག མདོ་དབུས་མཐོ་སྒང་གི་འོད་འཕྲོའི་དུས་ཚོད་རིང་བ་དེ་རྩི་ཤིང་གི་འོད་སྦྱོར་བྱེད་ནུས་ལ་ཕན་ཞིང་། འཚར་སྐྱེ་དང་སྐྱེ་འཕེལ་རྒྱུན་འཁྱོངས་བྱེད་དུ་འཇུག་ཐུབ། ས་ངོས་ཀྱི་ས་རྒྱུའི་དྲོད་ཚད་ཡར་འཕགས་ན་ས་རྒྱུའི་སྐྱེ་དངོས་ཕྲ་རབ་ཀྱི་འགུལ་སྐྱོད་དང་སྐྱེ་ལྡན་རྒྱུའི་དབྱེ་འབྱེད་ལ་ཕན་པ་དང་། མཐོ་སྒང་གི་སྐྱེ་ཁམས་མ་ལག་བརྟན་འཇགས་ཡོང་བར་ཕན། ཡིན་ནའང་འོད་འཕྲོ་ཚད་ཚད་ལས་བརྒལ་ཚེ་ས་ངོས་ཆུའི་རླངས་འགྱུར་ཚབས་ཇེ་ཆེར་གྱུར་ནས་ས་རྒྱུ་སྐམ་ཤས་སུ་འགྱུར་བ་དང་ས་རྒྱུའི་གྲུབ་ཚུལ་དང་སྔོ་ཁེབས་སྐྱེ་བར་ཤུགས་རྐྱེན་ཐེབས་སྲིད། 

3.ནུས་ཁུངས་བེད་སྤྱོད། དུས་ཡུན་རིང་བོར་ཉི་འོད་འཕྲོས་པ་ཡིས་གནས་འདིའི་སྡོད་དམངས་ལ་ཉི་འོད་ནུས་པའི་ཐོན་ཁུངས་ཕུན་སུམ་ཚོགས་པ་འདོན་སྤྲོད་བྱས། ཉི་འོད་ནུས་པའི་གློག་རྫས་དང་ཉི་འོད་ནུས་པའི་ཆུ་སྐོལ་ཆས་སོགས་ཀྱི་སྒྲིག་ཆས་མདོ་དབུས་མཐོ་སྒང་ནས་རྒྱ་ཆེར་སྤྱད་པས། རྡོ་སོལ་དང་རྡོ་སྣུམ་སོགས་སྲོལ་རྒྱུན་ནུས་ཁུངས་ལ་བརྟེན་ཚད་ཇེ་ཉུང་དུ་བཏང་། དེ་ཁོར་ཡུག་སྲུང་སྐྱོབ་དང་རྒྱུན་མཐུད་འཕེལ་རྒྱས་ལ་ཕན་ཞིང་། ལྗང་མདོག་ནུས་ཁུངས་འཕེལ་རྒྱས་ལ་སྐུལ་འདེད་དང་ཐཱན་རྩེར་སོན་དང་ཐཱན་སྙོམ་སྒྲིག་གི་དམིགས་ཚད་མངོན་འགྱུར་བྱེད་པར་ཡང་ཕན། 

དུས་ཡུན་རིང་བོར་ཉི་འོད་འཕྲོས་པ་ཡིས་གནས་འདིའི་དམིགས་བསལ་ས་གཤིས་ཁོར་ཡུག་བསྐྲུན་པར་མ་ཟད། སྐྱེ་ཁམས་མ་ལག་དང་མིའི་རིགས་ཀྱི་བྱེད་སྒོར་ཡང་ཤུགས་རྐྱེན་གཏིང་ཟབ་ཐེབས་ཡོད། རང་བྱུང་ཐོན་ཁུངས་རྩ་ཆེན་འདི་ལ་ཞིབ་འཇུག་གཏིང་ཟབ་དང་བེད་སྤྱོད་ལུགས་མཐུན་བྱས་པ་བརྒྱུད། ང་ཚོས་སྔར་ལས་ལྷག་པའི་སྒོ་ནས་མདོ་དབུས་མཐོ་སྒང་ལ་སྲུང་སྐྱོབ་དང་འཕེལ་རྒྱས་བཏང་སྟེ། ས་ཁོངས་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་དང་སའི་གོ་ལ་ཧྲིལ་བོའི་ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏད་འཇལ་བར་བློ་གྲོས་དང་སྟོབས་ཤུགས་ཕུལ་ཆོག 


མཉམ་སྤྱོད།