དེ་རིང་ནི2025ལོའི་ཟླ04པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

བོད་སྐད་ཀྱི་མིང་གི་ཚོགས་པའི་སྡོང་འགྲེམས་སྐོར་ལ་ཐོག་མར་དཔྱད་པ།

2025-04-07 15:55:19   |   372

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། བོད་ལྗོངས་ཞིབ་འཇུག། བཤེར་འབེབས། རིན་ཆེན་ཚེ་རིང་། 


ཁྲི་ཤར་བསོད་ནམས་ཚེ་རིང་། མདོ་སྨད་ཁྲི་ཀའི་ཡུལ་དུ་སྐྱེས། ད་ལྟ་མཚོ་སྔོན་དགེ་འོས་སློབ་ཆེན་རྒྱལ་ཁབ་རིམ་པའི་བོད་ཡིག་ཆ་འཕྲིན་དངོས་བཤེར་ཁང་གི་དགེ་རྒན་ཆེན་མོ་གཞོན་པ་དང་། བོད་ཡིག་ཆ་འཕྲིན་དང་ཉེར་སྤྱོད་སྐད་བརྡ་རིག་པའི་ཁ་ཕྱོགས་གཉིས་ཀྱི་ཤེས་རམས་ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན། ཞིབ་འཇུག་གི་ཁ་ཕྱོགས་གཙོ་བོ་ནི་བོད་ཡིག་ཆ་འཕྲིན་དང་དེང་རབས་སྐད་བརྡ་རིག་པའི་སྐོར་ཡིན། སྔ་ཕྱིར་མཚོ་ལྷོ་ཁུལ་མི་རིགས་དགེ་འོས་སློབ་གྲྭ་དང་། མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་། ནུབ་བྱང་མི་རིགས་སློབ་ཆེན་བཅས་འགྲིམས་ཤིང་། ཨ་རི་དང་དབྱིན་ཇི་སོགས་ལ་དུས་ཐུང་སློབ་སྦྱོང་དང་རིག་གཞུང་ཚོགས་འདུར་ཞུགས། བོད་ཀྱི་རིག་གནས་དང་བོད་ཡིག་ཆ་འཕྲིན། རྩིས་འཁོར་སྐད་བརྡ་རིག་པ་སོགས་ལ་སློབ་གཉེར་བྱས་ཏེ། རྩིས་འཁོར་སྐད་བརྡ་རིག་པའི་འབུམ་རམས་པའི་བསླབ་གནས་བླངས། སྔ་རྗེས་སུ་བོད་རྒྱ་ཡིག་རིགས་གཉིས་ཀྱི་ལམ་ནས་《ཀྲུང་གོའི་བོད་རིག་པ་》དང་།《བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་དེབ་》གཙོས་རིག་གཞུང་དུས་དེབ་ཆེ་གྲས་ཁག་ཏུ་དཔྱད་རྩོམ་བཞི་བཅུ་ལྷག་སྤེལ་ཅིང་། རིག་གཞུང་ཆེད་དེབ་ལ་《བོད་ཡིག་ཆ་འཕྲིན་ཞིབ་འཇུག་དབྱངས་གསལ་མཛེས་རྒྱན་》དང་《བོད་ཡིག་ཆ་འཕྲིན་དང་བོད་ཀྱི་སྐད་ཡིག་གླེང་བ་དུས་ཀྱི་འོད་སྣང་》《རང་བྱུང་སྐད་བརྡ་སྒྲིག་གཅོད་ལ་བརྟེན་ནས་བོད་སྐད་ཚིག་ཕྲད་ལ་དཔྱད་པ་ཆ་འཕྲིན་དུས་ཀྱི་རང་སྒྲ་》བཅས་བརྩམས་ཆོས་དེབ་གསུམ། གཙོ་སྒྲིག་གནང་བའི་《བོད་ཡིག་ཆ་འཕྲིན་ལག་རྩལ་གྱི་ཞིབ་འཇུག་གནས་བབ་》ཅེས་པ་པར་སྐྲུན་གནང་ཡོད།  ཞིང་ཆེན་དང་རྒྱལ་ཁབ་རིམ་པའི་ལས་གཞི་ཆེ་ཁག་ཉི་ཤུ་ལྷག་ལ་ཞུགས་པར་མ་ཟད། རྒྱལ་ཁབ་རིམ་པའི་ལས་གཞི་གསུམ་གཙོ་སྐྱོང་གནང་། སྔ་གཞུག་ཏུ་མཚོ་སྔོན་ཞིང་ཆེན་གྱི་ཤེས་ལྡན་མི་སྣ་སྟོང་གི་འཆར་གཞིའི་གྲས་སུ་ཚུད་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ཚན་རྩལ་ཡར་ཐོན་བྱ་དགའ་ཨང་དང་པོ། མཚོ་སྔོན་ཞིང་ཆེན་གྱི་ཚན་རྩལ་གྲུབ་འབྲས་ཅན་གྱི་དཔུང་སྡེའི་བྱ་དགའ་གཅིག་བཅས་ཐོབ་མྱོང་།     

      2.jpg

 ནང་དོན་གནད་བསྡུས། དེང་གི་དུས་རབས་ནི་ཆ་འཕྲིན་སྤྱི་ཚོགས་ཀྱི་དུས་རབས་ཤིག་ཡིན་པས།  རྒྱལ་ཁབ་ཁག་གི་མི་རིགས་མི་ཉུང་བས་དུས་རབས་ཀྱི་འགྲོས་དང་བསྟུན་ཏེ།  རང་རང་གི་སྐད་ཡིག་ཆ་འཕྲིན་ཅན་དང་འཕྲུལ་ཆས་ཅན་དུ་འཕེལ་སླད་འབད་པ་བྱེད་བཞིན་མཆིས་ལ།  ཆ་འཕྲིན་འཕེལ་རྒྱས་ཀྱིས་ཕྱོགས་ངེས་ཅན་ཞིག་ནས་སྐད་ཆ་དང་ཡི་གེ་ཡོད་པའི་མི་རིགས་གང་གི་གོང་འཕེལ་གྱི་གནས་སྟངས་ངེས་ཅན་ཞིག་མཚོན་གྱི་ཡོད། རྩོམ་ཡིག་འདིར་བོད་སྐད་ཀྱི་མིང་གི་ཚོགས་པའི་གོ་དོན་དང་དབྱེ་བ་རྨང་གཞིར་བྱས་ཤིང་།  བོད་ཡིག་ཆ་འཕྲིན་ལག་རྩལ་གྱི་དགོས་མཁོར་གཞིགས་ཏེ།  རྩིས་འཁོར་དུ་རང་འགུལ་གྱིས་དབྱེ་ཞིབ་དང་སྒྲིག་གཅོད་བྱེད་པའི་ཐབས་ལམ་དང་ཟུང་དུ་སྦྲེལ་ནས།  བོད་སྐད་མིང་གི་ཚོགས་པའི་གོ་དོན་དང་།  ཁྱད་ཆོས།  དབྱེ་བ།  གྲུབ་ཚུལ།  སྡོང་འགྲེམས་བཅས་ཀྱི་སྐོར་ལ་ཐོག་མར་དཔྱད་པ་ཅུང་ཞིབ་ཙམ་བགྱིས་ཡོད།  

གནད་ཚིག བོད་ཡིག་ཆ་འཕྲིན།  མིང་གི་ཚོགས་པ།  དབྱེ་བ།  སྡོང་འགྲེམས། 

 རྩིས་འཁོར་གྱི་ལག་རྩལ་འཕེལ་རྒྱས་སུ་སོང་བ་དང་བསྟུན་ནས་ཆབ་སྲིད་དང་། དམག་དོན།  དཔལ་འབྱོར།  ལག་རྩལ།  སློབ་གསོ་ལ་སོགས་པའི་མིའི་རིགས་ཀྱི་སྤྱི་ཚོགས་ཀྱི་ཁྱབ་ཁོངས་སོ་སོར་སྔར་མེད་པའི་འགྱུར་ལྡོག་བྱུང་དང་འབྱུང་བཞིན་ཡོད་ལ།  སྒོས་སུ་མི་རིགས་རང་རང་གི་སྐད་དང་ཡི་གེ་ཆ་འཕྲིན་ཅན་གྱི་ལམ་དུ་བགྲོད་པའི་གོམ་སྟབས་ཀྱང་སྔར་ལས་ཇེ་མགྱོགས་སུ་འགྲོ་བཞིན་ཡོད། རང་རེ་བོད་ཀྱི་སྐད་དང་ཡི་གེར་མཚོན་ན།  དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུའི་སྐབས་ནས་བཟུང་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་གི་དབུ་ཚུགས་ཤིང་། རིམ་གྱིས་བོད་སྐད་ཀྱི་ཡི་གེ་དང་། མིང་།  ཚིག བརྗོད་པ་བཅས་ཀྱི་ཆ་འཕྲིན་ལག་རྩལ་དང་འབྲེལ་བའི་ཞིབ་འཇུག་གི་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། འོན་ཏེ་ད་སྔ་ཕན་ཆད་ལ།  བོད་ཡིག་ཆ་འཕྲིན་ལག་རྩལ་གྱི་འཚོལ་བཤེར་མ་ལག་དང་།  རྩིས་འཁོར་ཡིག་སྒྱུར།  ཡིག་དེབ་ཞུ་དག་སོགས་པའི་ཞིབ་འཇུག་གི་གོ་རིམ་ཁྲོད་དུ་དཀའ་ངལ་མི་ཉུང་བ་ཞིག་ཕྲད་པའི་རྐྱེན་གྱིས།  ཞིབ་འཇུག་གི་འབྲས་བུའི་ཡང་དག་ཚད་དམའ་བ་དང་།  ཞིབ་འཇུག་གི་བྱ་བ་རྒྱུན་མི་འཁྱོངས་པའི་གནས་ཚུལ་སོགས་ཐོན་མུས་ཡིན་ཞིང་།  དེ་ལྟའི་གནད་དོན་གྱི་འབྱུང་རྐྱེན་གཙོ་བོའི་གྲས་ཤིག་ནི།  བོད་ཡིག་ཆ་འཕྲིན་ལག་རྩལ་ཁྲོད་ཀྱི་མིང་དང་ཚིག་གི་བར་བརྒལ་དུ་སྣང་བའི་བོད་སྐད་ཀྱི་མིང་གི་ཚོགས་པར་སྣང་འཇོག་དང་ཉམས་ཞིབ་བྱ་རྒྱུ་མ་འདང་བའི་སྟབས་ཀྱིས།  བོད་ཡིག་ཆ་འཕྲིན་ལག་རྩལ་གྱི་རྨང་གཞིའི་ཞིབ་འཇུག་གི་གོམ་པ་བརྟན་པོ་ཞིག་སྤོ་མི་ཐུབ་པ་དང་འབྲེལ་བ་ཆེན་པོ་ཡོད་པར་སེམས། 

3.jpg

 མིང་གི་ཚོགས་པའི་ཞིབ་འཇུག་གི་ཐད་ནས་ཞུས་ན།  བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་གི་གོམ་སྟབས་ཇེ་མགྱོགས་སུ་སོང་བ་དང་བསྟུན་ནས།  བོད་ཀྱི་གཞོན་སྐྱེས་འགའ་ཞིག་གིས་དེང་རབས་ཚན་རིག་གི་ཤེས་བྱ་དང་ཐབས་ལམ་ཟུང་སྦྲེལ་སྒོས།  བོད་སྐད་མིང་གི་ཚོགས་པར་ཞིབ་འཇུག་ངེས་ཅན་བགྱིས་ཡོད་དེ།  ནུབ་བྱང་མི་རིགས་སློབ་ཆེན་གྱི་ཤེས་རམས་ཞིབ་འཇུག་སློབ་མ་ལྷ་མོ་དོན་འགྲུབ་ཀྱིས་རྒྱ་ཡིག་གི་ལམ་ནས་བྲིས་པའི་སློབ་ཐོན་དཔྱད་རྩོམ་《བརྡ་འཕྲིན་བཀོལ་སྤྱོད་ཁྲོད་བོད་སྐད་ཀྱི་མིང་གི་ཚོགས་པར་དཔྱད་པ་》①ཞེས་པར།  བོད་སྐད་ཀྱི་མིང་གི་ཚོགས་པར་ཞིབ་འཇུག་བྱེད་པའི་དགེ་མཚན་དང་།  མཚན་ཉིད།  ཚིག་གི་སྡེབ་སྦྱོར་ཐད་དུ་ཐོན་པའི་ནུས་པ་སོགས་ལ་ཞིབ་འཇུག་བྱས་ཡོད་པ་དང་།  བོད་ལྗོངས་སློབ་ཆེན་གྱི་འབུམ་རམས་པ་པད་མ་བཀྲ་ཤིས་ཀྱི་དཔྱད་རྩོམ་《ཡིག་མཛོད་བསྡོམས་རྩིས་ལ་བརྟེན་ནས་བྱ་བ་བརྗོད་པའི་མིང་གི་ཚོགས་པའི་སྒྲིག་གཞི་དང་བརྡ་སྤྲོད་བྱེད་ནུས་ལ་རགས་ཙམ་དཔྱད་པ་》②ཞེས་པར།  བོད་སྐད་མིང་གི་ཚོགས་པའི་སྒྲིག་གཞིའི་སྐོར་གསལ་པོར་བསྟན་ཡོད།  དེ་བཞིན་དུ་མཚོ་སྔོན་དགེ་འོས་སློབ་ཆེན་གྱི་དགེ་རྒན་ཚེ་གཟུངས་ཐར་བཅས་ཀྱིས་རྒྱ་ཡིག་གི་ལམ་ནས་བྲིས་པའི་དཔྱད་རྩོམ་《བོད་ཡིག་ཆ་འཕྲིན་ལག་རྩལ་ལ་གཞིགས་ནས་བོད་སྐད་ཀྱི་མིང་གི་ཚོགས་པར་རགས་ཙམ་དཔྱད་པ་》③ཞེས་པར། མིང་གི་ཚོགས་པའི་མཚན་ཉིད་དང་།  མིང་དང་མིང་གི་ཚོགས་པའི་འབྲེལ་བ།  མིང་དང་མིང་གི་ཚོགས་པའི་ཁྱད་པར།  མིང་གི་ཚོགས་པ་དང་ཚིག་གི་འབྲེལ་བ། མིང་དང་ཚིག་གི་ཁྱད་པར། མིང་གི་ཚོགས་པའི་ངོ་བོའི་འགྱུར་སྟངས་སོགས་ལ་དཔྱད་པ་བཏང་ཡོད། 

 མིང་གི་ཚོགས་པ་ཞེས་བྱ་བའི་ངོ་བོ་དང་ཁྱད་ཆོས་སོགས་ཀྱི་སྐོར་ལ་རང་རེའི་སྔ་རབས་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་སུ་འགྲེལ་བརྗོད་ཁ་གསལ་ཞིག་མ་མཆིས་མོད།  འོན་ཏེ་དེང་རབས་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་རྣམས་སུ་ཅུང་ཞིབ་གསལ་འཁོད་འདུག་པ་སྟེ།  དོར་ཞི་གདོང་དྲུག་སྙེམས་བློས། “གསེར་དང་བུམ་པ་གཉིས་ལྡོག་པ་ཐ་དད་པའི་དངོས་པོ་གཉིས་ཀྱི་མིང་ཡིན་ཡང་།  གསེར་གྱི་བུམ་པ་ཞེས་འབྲེལ་སྒྲས་མཚམས་སྦྱར་རྗེས།  གསེར་དང་བུམ་པ་ཐ་དད་པའི་རང་བཞིན་དེ་མི་སྟོན་པར།  གསེར་ལས་གྲུབ་པའི་བུམ་པ་སྟེ།  བུམ་པའི་བྱེ་བྲག་གསེར་བུམ་གྱི་དོན་གཅིག་སྟོན་པའི་མིང་གི་ཚོགས་པ་གྲུབ་པ་རེད་”④ཅེས་དང་།  མཁས་དབང་ཉན་ཤུལ་མཁྱེན་རབ་འོད་གསལ་གྱིས།“སྤྱིར་བཏང་གི་མིང་ནི་བདག་གཞན་དང་དུས་གསུམ་གྱི་དབྱེ་བ་ཅན་རྣམས་ཀྱང་མིང་རྐྱང་དངོས་དང་འདྲ་བར་མིང་གི་ཁོངས་སུ་བསྡུས་ཡོད་ཀྱང་།  འདིར་ཁོ་བོས་ནི་ཚོགས་པ་མཚུངས་པར་བྱེད་པའི་ཆེད་དུ་མིང་གི་ཚོགས་པ་ཞེས་པ་ནི་མིང་རྐྱང་དངོས་ལ་གོ་དགོས་པ་སྟེ།  ས།  ཆུ།  མེ།  རླུང་།  ནམ་མཁའ།  ཉི་མ།  རྒྱ་མཚོ་སོགས་ལ་ཆོས་ཅན་བརྗོད་པའི་མིང་རྐྱང་ངམ།  ཡང་ན་ཁྱད་གཞི་བརྗོད་པའི་མིང་རྐྱང་ཟེར་བ་དང་།  མཁྲེགས་པོ།  ཆེན་པོ། སྔོན་པོ།  དམར་པོ།  ཟབ་པོ་སོགས་ཆོས་བརྗོད་པའི་མིང་རྐྱང་ངམ།  ཡང་ན་ཁྱད་ཆོས་བརྗོད་པའི་མིང་རྐྱང་ཟེར་”⑤ཞེས་མིང་གི་ཚོགས་པ་ཡིན་ན་ཆོས་ཅན་བརྗོད་པའི་མིང་རྐྱང་ངམ་ཁྱད་གཞི་དང་ཁྱད་ཆོས་བརྗོད་པའི་མིང་རྐྱང་ཞེས་རྣམ་པ་གཉིས་ཀྱི་སྒོ་ནས་བསྟན་ཡོད་པ་ནི་བྱུང་སྔ་ཤོས་ཀྱི་མིང་གི་ཚོགས་པའི་གོ་དོན་ཡིན་པར་སྣང་།  དེའི་རྗེས་སུ་དགེ་རྒན་ལྕགས་ཐར་རྒྱལ་གྱི་ 《བོད་སྐད་བརྡ་སྤྲོད་ཀྱི་གནད་དོན་ཁ་ཤས་ལ་དཔྱད་པ་རིག་འཕྲུལ་མེ་ལོང་》ལས།“མིང་གི་ཚོགས་པ་ཞེས་པ་ནི་མིང་དང་ཚིག་གི་བར་མཚམས་སུ་གནས་པའི་སྒྲའི་སྦྱོར་བ་ཞིག་སྟེ།  མིང་དུ་མ་འདུས་ཤིང་སྐབས་དོན་རྫོགས་པར་མི་སྟོན་པར་ཚིག་གི་ཆ་ཤས་བྱེད་པའི་རྗོད་བྱེད་ཀྱི་སྒྲའི་སྡེ་ཚན་ཞིག་ལ་བྱ་ཞིང་།  དེ་ཡང་མིང་དུ་མ་འདུས་པ་ལ་རྣམ་དབྱེ་དང་ཚིག་ཕྲད་སྦྱོར་མི་སྦྱོར་ཅི་རིགས་ཡོད་པའི་རྐྱེན་གྱིས།  མིང་གི་ཚོགས་པ་དང་ཚིག་གི་ཁྱད་པར་འབྱེད་དཀའ་བ་ལྟར་སྣང་”⑥ཞེས་དེ་བས་ཁ་གསལ་བའི་སྒོ་ནས་མིང་གི་ཚོགས་པའི་ངོ་བོ་བསྟན་ཡོད་པར་མ་ཟད།  བོད་སྐད་ཀྱི་མིང་གི་ཚོགས་པར་དབྱེ་བ་བཅུ་གསར་དུ་བཏོན་པ་ནི།  མིང་གི་ཚོགས་པའི་རིགས་དབྱེ་སྟངས་ལ་དཔྱད་པ་བཏང་བའི་གྲུབ་འབྲས་ཀྱི་ཐོག་མ་དེ་ཡིན་པར་སྣང་།  དེའི་རྗེས་ 《བརྡ་སྤྲོད་གསལ་བྱེད་ངག་སྒྲོན་》ལས།  “མིང་གི་ཚོགས་པ་ནི།  དངོས་པོ་རིགས་མཐུན་པའམ་འབྲེལ་དམ་པ་གཉིས་ཡན་གྱི་མིང་དུ་མ་ལྷན་དུ་སྦྲེལ་ནས་ཕྲེང་བར་གྲུབ་པ་ཞིག་སྟེ།  སྟག་གཟིག་དོམ་དྲེད་ནི་གཅན་གཟན་གྱི་ཆ་ནས་རིགས་མཐུན་པ་”⑦ཞེས་དང་།  དེ་མིན་“ཚིག་དུམ་ནི་མིང་ངམ་མིང་ཚོམ་ལས་བསགས་ཆ་མང་བའི་ཕྱོགས་སུ་རིམ་པ་གཅིག་གིས་བརྒལ་ཡང་ཚིག་རྣལ་མའི་ཚད་ཀྱི་འདང་ཆ་ལ་ཡང་མ་བསྙེགས་པའི་དུམ་བུ་འབྲིང་མ་ཞིག་ཡིན་”⑧ཞེས་བསྟན་འདུག  གོང་གསལ་མཁས་དབང་རྣམ་པའི་བཞེད་དགོངས་གཞིར་བྱས་རང་ལུགས་སུ་མིང་གི་ཚོགས་པ་ཞེས་པ་ནི།  མིང་གཉིས་སམ་དུ་མ་འདུས་ཤིང་ཚིག་གི་བརྗོད་པའི་ཆ་ཤས་སུ་གྲུབ་པའི་མིང་ཚོམ་གྱི་སྐད་བརྡའི་སྡེ་ཚན་དེར་བརྗོད་པར་འདོད་དེ།  དཔེར་ན།  བཀྲ་ཤིས་ཀྱི་དཔེ་ཆ།  སྒྲོལ་མའི་ཞལ་རས།  རི་བོང་ཅལ་འདྲོགས།  ཁྱེད་རང་དགའ་པོ་ཡོད་པའི་ལས་ཀ་ལྟ་བུའོ། །གཞན་ཡང་མིང་གི་ཚོགས་པར་ཁྱད་ཆོས་གསུམ་ལྡན་པར་འདོད་དེ།  མིང་གཉིས་ཀྱི་ཡན་འདུས་དགོས་པ་ལ་མིང་གི་མཐར་ཁྱད་གཞི་བརྗོད་པའི་མིང་དང་།  གྲངས་ཀ་བརྗོད་པའི་མིང་།  ངེས་བཟུང་གི་མིང་བཅས་ཡོད་པ་ཞིག་དང་།  མིང་གི་མཐར་པ་པོ་བ་བོ་མ་མོ་བཅས་ཀྱི་བདག་སྒྲ་སྦྱར་རུང་བ།  དབྱངས་ཀྱི་ང་རོའི་འདེགས་འཇོག་མཚུངས་པ་བཅས་ཀྱི་ཁྱད་ཆོས་ལྡན་དགོས་པ་བཅས་སོ། ། 

  4.jpg

 མི་རིགས་སོ་སོའི་སྐད་བརྡའི་སྦྱོར་ལུགས་མི་འདྲ་བ་དང་།  ཡུལ་སྲོལ་གོམས་གཤིས། བསམ་པའི་འཁྱེར་སོ་བཅས་མི་འདྲ་བའི་དབང་གིས།  མི་རིགས་རེ་རེ་ལ་སྐད་བརྡའི་སྦྱོར་བ་དང་བརྡ་སྤྲོད་ཀྱི་གཞུང་ལུགས་རེ་ཡོད།  བོད་སྐད་མིང་གི་ཚོགས་པའི་རིགས་ཀྱི་དབྱེ་བའི་ཐད།  《བོད་ཀྱི་བརྡ་སྤྲོད་སྤྱི་རྣམ་རིག་འཕྲུལ་སྣང་མཛོད་》དུ་མིང་གི་ཚོགས་པ་སྤྱིར་བཏང་བ་དང་།  མིང་གི་ཚོགས་པ་དམིགས་བསལ་བ་གཉིས་སུ་དབྱེ་ཡོད་ཅིང་།  མིང་གི་ཚོགས་པ་སྤྱིར་བཏང་བ་ལ། “འདྲ་མཉམ་མིང་ཚོགས་དང་།  གཞི་ཆོས་མིང་ཚོགས།  གཞན་བསལ་མིང་ཚོགས།  བྱ་སྒྲུབ་མིང་ཚོགས།  དོན་མཚུངས་མིང་ཚོགས།  བགྲང་གྲངས་མིང་ཚོགས།  གཞི་གསལ་མིང་ཚོགས།  ཁ་སྐོང་མིང་ཚོགས།  ལས་ཡུལ་མིང་ཚོགས་བཅས་དབྱེ་བ་དགུ་དང་།  མིང་གི་ཚོགས་པ་དམིགས་བསལ་བ་ལ།  བརྡ་ཆད་དང་། ཆེད་མིང་།  དཔེ་ཆོས།  གོམས་བརྡ་”⑨བཅས་བཞིར་དབྱེ་ཡོད།  གཞན་ཡང་《བོད་སྐད་མིང་བརྡ་རིག་པ་ཞེས་བྱ་བ་བཞུགས་སོ་》ཞེས་པར།  ཚིག་དུམ་ལ་ཚིག་དུམ་དམིགས་བསལ་མ་དང་ཚིག་དུམ་གཏན་འཇགས་མ་གཉིས་སུ་དབྱེ་ཡོད་ཅིང་། “ཚིག་དུམ་དམིགས་བསལ་མ་ལ།  མ་འོངས་བྱེད་འགྱུར་བརྗོད་པའི་ཚིག་དུམ་དང་།  སྐུལ་ཚིག་ཚིག་གྲོགས་ཅན་གྱི་ཚིག་དུམ།  བྱ་བར་དཔེ་འགོད་བྱས་པའི་ཚིག་དུམ།  ཆོས་རྣམ་ལྷན་དུ་བརྗོད་པའི་ཚིག་དུམ།  སྟ་གོན་འགྲིག་ཚུལ་བརྗོད་པའི་ཚིག་དུམ་ཆོག་ཟློས་མ།  བྱ་བར་འཐད་མོས་བརྗོད་པའི་ཚིག་དུམ་དང་སྒྲ་ཅན།  རང་བཞིན་མཐུན་སྦྱོར་ཚིག་དུམ་ལ་སྒྲ་ཅན།  བྱ་བ་འགལ་སྦྱོར་ཚིག་དུམ་ལ་སྒྲ་ཅན།  ངང་ཚུལ་མཐུན་སྦྱོར་ཚིག་དུམ་དང་སྒྲ་ཅན།  མ་རངས་རྗོད་བྱེད་ཚིག་དུམ་ཡང་སྒྲ་ཅན།  བྱ་བའི་རྫོགས་མཐའ་བརྗོད་པའི་ཚིག་དུམ།  བྱེད་སྟབས་ཡུན་ཐུང་བརྗོད་པའི་ཚིག་དུམ།  བྱ་སྤྱོད་བརྫུས་ཚུགས་བརྗོད་པའི་ཚིག་དུམ།  གཡོལ་དབང་མེད་པ་བརྗོད་པའི་ཚིག་དུམ་བཅས་དབྱེ་བ་བཅུ་བཞི་དང་།  ཚིག་དུམ་གཏན་འཇགས་མ་ལ།  རྒྱུན་ཚིག་དང་དཔེ་ཆོས།  གཏམ་དཔེ།  ཁེད་ཚིག་”⑩བཅས་དབྱེ་བ་བཞི་ཡོད།  དེ་མིན་《དེང་རབས་བོད་སྐད་ཀྱི་ཚིག་སྦྱོར་གཞུང་ལུགས་ལ་དཔྱད་པ་》ཞེས་པར།  མིང་ཚོགས་ཀྱི་གྲུབ་ཚུལ་ལ་བརྟགས་ནས་རིགས་བཞིར་དབྱེ་དགོས་པར་འདོད་དེ།  “དངོས་མིང་མིང་ཚོགས།  རྒྱན་མིང་མིང་ཚོགས།  བྱ་མིང་མིང་ཚོགས།  ཚིག་དུམ་མིང་ཚོགས་”11བཅས་སུ་དབྱེ་ཡོད། 

 འདིར་བོད་རང་གི་བརྡ་སྤྲོད་ཀྱི་གཞུང་ལུགས་དང་བརྡ་སྤྲོད་པའི་སྦྱོར་ལུགས་གཞིར་བཟུང་བ་དང་།  བོད་སྐད་ཀྱི་མིང་གི་ཚོགས་པར་རིགས་འབྱེད་སྐབས་བརྩི་སྲུང་བྱ་དགོས་པའི་རྩ་དོན་གཉིས་ཀྱི་སྟེང་།  རྒྱ་ཡིག་དང་དབྱིན་ཡིག་ལ་སོགས་པའི་མིང་གི་ཚོགས་པའི་རིགས་ཀྱི་དབྱེ་སྟངས་ལ་ཟུར་ལྟ་གང་ཐུབ་བྱས་རྗེས།  བོད་ཡིག་ཆ་འཕྲིན་ལག་རྩལ་ལ་གཞིགས་ནས་བོད་སྐད་ཀྱི་མིང་གི་ཚོགས་པར་རིགས་ཆེ་བ་བརྒྱད་དུ་དབྱེ་ཡོད།  དེ་དག་ནི་ཁྱད་གཞི་བརྗོད་པའི་མིང་གི་ཚོགས་པ་དང་།  བྱ་བ་བརྗོད་པའི་མིང་གི་ཚོགས་པ།  ཁྱད་ཆོས་བརྗོད་པའི་མིང་གི་ཚོགས་པ།  གྲངས་ཀ་བརྗོད་པའི་མིང་གི་ཚོགས་པ།  བརྗོད་གཞི་གསལ་བར་སྟོན་པའི་མིང་གི་ཚོགས་པ།  གོམས་ལོབས་རྒྱུན་འབྱམས་ཀྱི་མིང་གི་ཚོགས་པ།  དུས་སྟོན་པའི་མིང་གི་ཚོགས་པ།  ངེས་བཟུང་གི་མིང་གི་ཚོགས་པ་བཅས་བརྒྱད་དང་།  བྱེ་བྲག་ཁྱད་གཞི་བརྗོད་པའི་མིང་གི་ཚོགས་པར་ནང་གསེས་ཀྱི་དབྱེ་བ་ལྔ་དང་།  བྱ་བ་བརྗོད་པའི་མིང་གི་ཚོགས་པར་ནང་གསེས་ཀྱི་དབྱེ་བ་ལྔ།  ཁྱད་ཆོས་བརྗོད་པའི་མིང་གི་ཚོགས་པར་ནང་གསེས་ཀྱི་དབྱེ་བ་གཉིས་བཅས་ཡོད། 

 གཅིག  ཁྱད་གཞི་བརྗོད་པའི་མིང་གི་ཚོགས་པ། 

 ཁྱད་གཞི་བརྗོད་པའི་མིང་གི་ཚོགས་པར་རིགས་འགྲུབ་བྱེད་ཀྱི་མིང་དུ་མ་ཞིག་ཡོད་མོད། གཙོ་བོ་ཁྱད་གཞི་བརྗོད་པའི་མིང་གི་རང་སྟེང་དུ་བབས་ཡོད་ཅིང་།  དེར་ཁྱད་གཞི་ལ་ཁྱད་ཆོས་སྦྱར་བའི་མིང་གི་ཚོགས་པ་དང་།  ཁྱད་གཞི་ལ་ཕྱི་རྐྱེན་སྦྱར་བའི་མིང་གི་ཚོགས་པ།  ཁྱད་གཞི་ལ་གཞན་བསལ་སྦྱར་བའི་མིང་གི་ཚོགས་པ།  ཁྱད་གཞི་མཉམ་པར་གནས་པའི་མིང་གི་ཚོགས་པ།  ཁྱད་གཞི་ལ་ཕྱོགས་སམ་གནས་སྦྱར་བའི་མིང་གི་ཚོགས་པ་བཅས་རིགས་ལྔར་དབྱེ་ཡོད།  དམིགས་བསལ་གསལ་བཤད་ཞུ་རྒྱུར།  བརྗོད་བྱ་མཚོན་པའི་དགོས་པའི་དབང་གིས།  སྐབས་འདིའི་ཁྱད་གཞི་ཞེས་པ་ཁྱད་གཞི་བརྗོད་པའི་མིང་ལ་གོ་བ་དང་།  ཁྱད་ཆོས་ཞེས་པ་ཁྱད་ཆོས་བརྗོད་པའི་མིང་ལ་གོ་བ་ཡིན། 

  ཁྱད་གཞི་ལ་ཁྱད་ཆོས་སྦྱར་བའི་མིང་གི་ཚོགས་པ། ཁྱད་གཞི་ལ་ཁྱད་ཆོས་སྦྱར་བའི་མིང་གི་ཚོགས་པའི་རིགས་ལ་དངོས་པོ་གང་ཞིག་གི་མིང་སྟོན་པའི་སྐབས་སུ།  ཁྱད་གཞི་བརྗོད་པའི་མིང་གི་རྗེས་སུ་ཁྱད་ཆོས་བརྗོད་པའི་མིང་དང་།  ཡང་ན་ཕྱོགས་སམ་ས་གནས་སྟོན་པའི་མིང་།  གསལ་བྱེད་ཀྱི་མིང་བཅས་སྦྱར་ནས་དངོས་པོ་དེའི་ཁྱད་ཆོས་བརྗོད་པར་བྱེད་པ་སྟེ།  དཔེར་ན། n+a ཁང་པ་ཆུང་ཆུང་།  ཤིང་འདྲོང་པོ།  མེ་ཏོག་དཀར་པོ་ལྟ་བུ། n+f རྨ་ཆུ་སྟོད་རྒྱུད། ཟི་ལིང་ཚུན་ཆད།  པེ་ཅིན་ཕན་ཆད་ལྟ་བུ། n+ub རྒྱན་ལྟ་བུ།  གླང་ཆེན་བཞིན།  རྒྱ་མཚོ་ལྟར་ལྟ་བུའོ། ། 

 ཁྱད་གཞི་ལ་ཕྱི་རྐྱེན་སྦྱར་བའི་མིང་གི་ཚོགས་པ།  ཁྱད་གཞི་ལ་ཕྱི་རྐྱེན་སྦྱར་བའི་མིང་གི་ཚོགས་པ་ནི།  ཁྱད་གཞི་བརྗོད་པའི་མིང་གི་རྗེས་སུ་ཅན་ལྡན་མཁན་བཅས་ཕྱི་རྐྱེན་ཅན་གྱི་མིང་སྦྱར་ནས་གྲུབ་པའི་མིང་གི་ཚོགས་པ་ཞིག་ཡིན་ཏེ། དཔེར་ན། n/v+h  ཧུར་བརྩོན་ཅན།  ཡོན་ཏན་ཅན།  དོན་གཉེར་ཅན་ལྟ་བུའོ། ། 

  ཁྱད་གཞི་ལ་གཞན་བསལ་སྦྱར་བའི་མིང་གི་ཚོགས་པ། ཁྱད་གཞི་ལ་གཞན་བསལ་སྦྱར་བའི་མིང་གི་ཚོགས་པའི་རིགས་ཀྱི་དོན་གྱི་བསྟན་བྱ་གཙོ་བོ་ཁྱད་གཞི་བརྗོད་པའི་མིང་གི་རང་སྟེང་དུ་བབས་ཡོད་ཅིང་།  དེའི་སྔ་རྗེས་སུ་མིང་གཞན་ཞིག་སྦྱར་བ་ཡིས།  ཁྱད་གཞི་བརྗོད་པའི་མིང་དེས་བསྟན་པའི་དངོས་པོའམ།  ཡང་ན་མིའམ་ཡུལ་ལ་སོགས་པའི་ཁྱད་ཡོན་བརྗོད་པའམ་ཚད་འཛིན་པར་བྱེད་པ་སྟེ།  དཔེར་ན། n+[gz]+n རི་སྐྱེས་སྲོག་ཆགས། ཆབ་འགག་སྟོབས་ལྡན། མཐོ་སྒང་གི་ས་སྲོད། ལྟ་བུ། a/r+gz+n མཛེས་པའི་མེ་ཏོག  རྒྱུ་མཐུན་གྱི་འབྲས་བུ། ངའི་དཔེ་ཆ། ལྟ་བུ། t+[gz]+n གནའ་རབས་ཡིག་རྙིང་། དེང་རབས་ཀྱི་གནས་ཚུལ། དེ་རིང་གི་ཉི་མ། ལྟ་བུ། v+gz+n བྲིས་པའི་སྦྱང་གཞི། བཞེངས་པའི་འདུ་ཁང་། བྲིས་པའི་ཐང་ཀ ལྟ་བུ། v+n འབུར་སྐུ།  བཞེངས་སྐུ།  བྲིས་ཐང་ལྟ་བུའོ། ། 

 ཁྱད་གཞི་མཉམ་པར་གནས་པའི་མིང་གི་ཚོགས་པ། ཁྱད་གཞི་མཉམ་པར་གནས་པའི་མིང་གི་ཚོགས་པ་ནི།  ཁྱད་གཞི་བརྗོད་པའི་མིང་དང་ངེས་བཟུང་གི་མིང་གཉིས་སམ་དུ་མ་མཉམ་དུ་བསྡེབས་ནས་གྲུབ་པ་ཞིག་ཡིན།  མིང་གི་བར་དུ་དང་སྒྲ་དང་།  གམ་ངམ་སོགས་ཚིག་ཕྲད་ཀྱིས་སྦྲེལ་ཡོད་པ་དང་།  ཚིག་ཕྲད་མ་སྦྱར་བར་ཐད་ཀར་གྲུབ་པ་ཡང་ཡོད། དཔེར་ན། n/r+c+n/r དཔལ་འབྱོར་དང་སྤྱི་ཚོགས།  སློབ་མའམ་དགེ་རྒན། ང་དང་ཁྱོད་ལྟ་བུ། n+n+……. རྟ་ནོར་ལུག སྐུ་གསུང་ཐུགས།  གསེར་དངུལ་ཟངས་ལྕགས་ལྟ་བུའོ། ། 

 ཁྱད་གཞི་ལ་ཕྱོགས་སམ་གནས་སྦྱར་བའི་མིང་གི་ཚོགས་པ། ཁྱད་གཞི་ལ་ཕྱོགས་སམ་གནས་སྦྱར་བའི་མིང་གི་ཚོགས་པ་ནི།  ཁྱད་གཞི་བརྗོད་པའི་མིང་གི་སྔ་རྗེས་སུ་ས་གནས་དང་ཁ་ཕྱོགས་སྟོན་པའི་མིང་སྦྱར་ནས་གྲུབ་པ་ཞིག་ཡིན།  དཔེར་ན། n+gz+f ཁང་པའི་ཤར་ཕྱོགས།  གནམ་གྱི་མཐའ།  འདུ་ཁང་གི་རྩེ་མོ་ལྟ་བུ། n+[gz]+s  སློབ་ཁང་ནང་།  འདུ་ཁང་གི་རྩེ།  ཁང་པའི་སྟེང་ལྟ་བུ། f+[gz]+n  ལྷོ་ཕྱོགས་ཀྱི་ས་ཆ།  ནུབ་བྱང་ས་ཁུལ།  བྱང་ཕྱོགས་ཀྱི་མཆོད་རྟེན་ལྟ་བུའོ། ། 

 གཉིས།  བྱ་བ་བརྗོད་པའི་མིང་གི་ཚོགས་པ། 

བྱ་བ་བརྗོད་པའི་མིང་གི་ཚོགས་པར་རིགས་འགྲུབ་བྱེད་ཀྱི་མིང་དུ་མ་ཞིག་ཡོད་ནའང་།  གཙོ་བོ་བྱ་བ་བརྗོད་པའི་མིང་གི་རང་སྟེང་དུ་བབས་ཡོད་ཅིང་།  དེར་ནང་གསེས་སུ་བྱ་བ་ལ་ཡུལ་སྦྱར་བའི་མིང་གི་ཚོགས་པ་དང་།  བྱ་བ་མཉམ་པར་གནས་པའི་མིང་གི་ཚོགས་པ།  བྱ་བ་ལ་རྒྱུ་རྐྱེན་སྦྱར་བའི་མིང་གི་ཚོགས་པ།  བྱ་བ་ལ་བྱེད་པ་པོ་སྦྱར་བའི་མིང་གི་ཚོགས་པ།  བྱ་བ་ལ་གཞན་བསལ་སྦྱར་བའི་མིང་གི་ཚོགས་པ་བཅས་རིགས་ལྔར་དབྱེ་ཡོད། 

 བྱ་བ་ལ་ཡུལ་སྦྱར་བའི་མིང་གི་ཚོགས་པ།  བྱ་བ་ལ་ཡུལ་སྦྱར་བའི་མིང་གི་ཚོགས་པ་ནི།  བྱ་བ་བརྗོད་པའི་མིང་གི་སྔ་གཞུག་ཏུ་ཡུལ་དང་།  ས་གནས།  ཁ་ཕྱོགས་སྟོན་པའི་མིང་སྦྱར་ནས་གྲུབ་པ་ཞིག་ཡིན།  དཔེར་ན། n+vt  ཡི་གེ་བྲིས་པ།  རྟ་རྒྱུགས་པ།  སློབ་སྦྱོང་བྱས་པ་ལྟ་བུ། n/r+vi རིན་ཐང་བྲལ་བ།  བློ་བཙུན་བྱ་བ།  དཀའ་བ་སྤྱད་པ་ལྟ་བུ། n/r+gl+v གློག་བརྙན་ལ་བལྟས་པ། བཤེས་གཉེན་ལ་བསྟེན་པ།  ལོ་གསར་ལ་ཐོན་པ་ལྟ་བུ། s/f+c+v  ཤར་ཕྱོགས་སུ་སྐྱོད་པ།  རི་ལས་བབས་པ། རྟ་ལས་ལྷུང་བ་ལྟ་བུའོ། ། 

 བྱ་བ་མཉམ་པར་གནས་པའི་མིང་གི་ཚོགས་པ།  བྱ་བ་མཉམ་པར་གནས་པའི་མིང་གི་ཚོགས་པ་ནི།  བྱ་བ་བརྗོད་པའི་མིང་གཉིས་སམ་དུ་མ་མཉམ་དུ་སྦྱར་ནས་གྲུབ་པ་ཞིག་ཡིན་ཞིང་།  མིང་གི་བར་དུ་ཀྱང་ཡང་འང་གསུམ་དང་།  དང་སྒྲ་སོགས་ཚིག་ཕྲད་ཀྱིས་སྦྲེལ་ཡོད་ལ།  ཚིག་ཕྲད་མ་སྦྱར་བར་ཐད་ཀར་གྲུབ་པ་ཡང་ཡོད། དཔེར་ན། v+v+…….འཆད་རྩོད་རྩོམ་གསུམ།  ཐོས་བསམ་སྒོམ་གསུམ། འགྲོ་འདུག་ཉལ་འཆག་ལྟ་བུ།  v+c+v བཤད་ཀྱང་བཤད།  འཕྲོག་པ་དང་བཅོམ་པ།  བཤད་པའམ་བྲིས་པ་ལྟ་བུའོ། །

 བྱ་བ་ལ་རྒྱུ་རྐྱེན་སྦྱར་བའི་མིང་གི་ཚོགས་པ། 

བྱ་བ་ལ་རྒྱུ་རྐྱེན་སྦྱར་བའི་མིང་གི་ཚོགས་པའི་གྲུབ་ཆ་ཚང་མ་བྱ་བ་བརྗོད་པའི་མིང་ཡིན་ལ།  དེ་ལས་གཅིག་གིས་བྱ་བ་རྩོམ་ཚུལ་སྟོན་ཞིང་།  ཅིག་ཤོས་ཀྱིས་བྱ་བ་དེའི་མཇུག་འབྲས་སྟོན་པ་ཡིན།  དཔེར་ན། v+c+v བརྩིས་ནས་བསྒྲུབས།  ཉན་ཏེ་ཤེས།  ཕྱིན་ཏེ་སླེབས་ལྟ་བུའོ།  །  

 བྱ་བ་ལ་བྱེད་པ་པོ་སྦྱར་བའི་མིང་གི་ཚོགས་པ།

 བྱ་བ་ལ་བྱེད་པ་པོ་སྦྱར་བའི་མིང་གི་ཚོགས་པ་ནི།  བྱ་བ་བརྗོད་པའི་མིང་གི་སྔོན་ལ་བྱེད་པ་པོའམ་བྱེད་པ་སྦྱར་ནས་གྲུབ་པ་ཞིག་ཡིན།  དཔེར་ན། n/r+gx+vt ངས་བྲིས་པ།  གསེར་གྱིས་བརྒྱན་པ།  ཆར་གྱིས་སྦངས་པ་ལྟ་བུ། n/r+vi  ཆར་པ་བབས་པ།  རླུང་གཡུག་པ།  རིན་ཐང་བྲལ་བ་ལྟ་བུའོ། ། 

 བྱ་བ་ལ་གཞན་བསལ་སྦྱར་བའི་མིང་གི་ཚོགས་པ།  

བྱ་བ་ལ་གཞན་བསལ་སྦྱར་བའི་མིང་གི་ཚོགས་པ་ནི།  བྱ་བ་བརྗོད་པའི་མིང་གི་སྔོན་ལ་མིང་གཞན་ཞིག་སྦྱར་ནས་བྱ་བའི་ཁྱད་ཡོན་བརྗོད་པའམ་ཚད་འཛིན་པར་བྱེད་པ་སྟེ།  དཔེར་ན། d+[gl]/[gx]+v ཤིན་ཏུ་གུས་པ།  རིམ་གྱིས་ཡལ་བ།  ངང་གིས་ནུབ་པ་ལྟ་བུའོ། ། 

 གསུམ།  ཁྱད་ཆོས་བརྗོད་པའི་མིང་གི་ཚོགས་པ། 

ཁྱད་ཆོས་བརྗོད་པའི་མིང་གི་ཚོགས་པར་ཡང་རིགས་འགྲུབ་བྱེད་ཀྱི་མིང་དུ་མ་ཞིག་ཡོད་ནའང་།  གཙོ་བོ་ཁྱད་ཆོས་བརྗོད་པའི་མིང་གི་རང་སྟེང་དུ་བབས་ཡོད་ཅིང་།  དེར་ནང་གསེས་སུ་ཁྱད་ཆོས་མཉམ་པར་གནས་པའི་མིང་གི་ཚོགས་པ་དང་།  ཁྱད་ཆོས་ལ་གཞན་བསལ་སྦྱར་བའི་མིང་གི་ཚོགས་པ་གཉིས་སུ་དབྱེ་ཡོད། 

ཁྱད་ཆོས་མཉམ་པར་གནས་པའི་མིང་གི་ཚོགས་པ། ཁྱད་ཆོས་མཉམ་པར་གནས་པའི་མིང་གི་ཚོགས་པ་ནི།  ཁྱད་ཆོས་བརྗོད་པའི་མིང་གཉིས་སམ་དུ་མ་མཉམ་དུ་སྦྱར་ནས་གྲུབ་པ་ཞིག་ཡིན་ཞིང་།  མིང་གི་བར་དུ་ཅིང་ཞིང་ཤིང་གསུམ་དང་།  ལ་སྒྲ་སོགས་ཚིག་ཕྲད་ཀྱིས་སྦྲེལ་ཡོད་ལ། ཚིག་ཕྲད་མ་སྦྱར་བར་ཐད་ཀར་གྲུབ་པ་ཡང་ཡོད། དཔེར་ན། a+c+a སྙན་ཞིང་འཇེབས། མཛེས་ཀྱང་མཛེས། ཡངས་ཤིང་མཐོ། ལྟ་བུའོ།  ། 

 ཁྱད་ཆོས་ལ་གཞན་བསལ་སྦྱར་བའི་མིང་གི་ཚོགས་པ། ཁྱད་ཆོས་ལ་གཞན་བསལ་སྦྱར་བའི་མིང་གི་ཚོགས་པ་ནི།  ཁྱད་ཆོས་བརྗོད་པའི་མིང་གི་སྔོན་ལ་མིང་གཞན་ཞིག་སྦྱར་ནས་དངོས་པོ་གང་དེའི་ཁྱད་ཡོན་བརྗོད་པའམ་ཚད་འཛིན་པར་བྱེད་པ་སྟེ། དཔེར་ན། d+a རབ་ཏུ་མཛེས། ལྷག་པར་ཞིམ། ནམ་ཡང་དམར་ལྟ་བུ།n/r/m+c(ལས)+a དེ་ལས་བཟང་། རྩིས་འཁོར་ལས་མགྱོགས།  སྨི་ལྔ་ལས་རིང་ལྟ་བུ། n/r/m+c(བས)+a དེ་བས་བཟང་།  རྟ་བས་མགྱོགས། དེ་བས་མགྱོགས་ལྟ་བུའོ། ། 

 བཞི།  གྲངས་ཀ་བརྗོད་པའི་མིང་གི་ཚོགས་པ། 

གྲངས་ཀ་བརྗོད་པའི་མིང་གི་ཚོགས་པ་ནི། འཇལ་བྱེད་ཀྱི་མིང་དང་། ཁྱད་གཞི་བརྗོད་པའི་མིང་།  ངེས་བཟུང་གི་མིང་སོགས་གྲངས་ཀ་བརྗོད་པའི་མིང་དང་སྦྱར་ནས་གྲུབ་པ་ཞིག་ཡིན། དཔེར་ན། q+m སྟོང་ཁེ་ཉི་ཤུ།  ཁྱུ་གཅིག ཚེས་གཉིས་ལྟ་བུ། m+q ༡༩༩༨ལོ། གོ་བདུན་ལོ། གྱ་བརྒྱད་ལོ་ལྟ་བུ། n/r+m དཀོན་མཆོག་གསུམ།  ལུག་གཅིག  སློབ་མ་ཞིག་ལྟ་བུ། mj+mg བཞི་བརྒྱ་ལྷག ཆིག་སྟོང་ཙམ།  བརྒྱད་ཁྲི་ཙམ་ལྟ་བུའོ། ། 

 ལྔ།  བརྗོད་གཞི་གསལ་བར་སྟོན་པའི་མིང་གི་ཚོགས་པ། 

བརྗོད་གཞི་གསལ་བར་སྟོན་པའི་མིང་གི་ཚོགས་པ་ནི།  ཁྱད་གཞི་བརྗོད་པའི་མིང་གི་རྗེས་སུ་གསལ་བྱེད་ཀྱི་མིང་སྦྱར་ནས་གྲུབ་པ་ཞིག་ཡིན།  དཔེར་ན། n+u སློབ་མ་ཡིན། དཔེ་ཆ་ཡོད། འབྲོག་པ་མིན་ལྟ་བུའོ། ། 

 དྲུག གོམས་ལོབས་རྒྱུན་འབྱམས་ཀྱི་མིང་གི་ཚོགས་པ། 

གོམས་ལོབས་རྒྱུན་འབྱམས་ཀྱི་མིང་གི་ཚོགས་པ་ནི། མིའི་རིགས་ཀྱི་འཚོ་བའི་ཁྲོད་དུ་སྐད་བརྡ་དེ་བཞིན་སྤྱོད་ལོབས་སུ་སོང་ཞིང་། གཏན་འཇགས་ཅན་གྱི་མིང་གི་ཚོགས་པ་དང་། ཡིག་ངོས་ཀྱི་དོན་དང་ཤུགས་བསྟན་གྱི་དོན་གཉིས་སྟོན་པའི་མིང་གི་ཚོགས་པ་ཞིག་སྟེ། དཔེར་ན། gp རི་བོང་ཅལ་འདྲོགས། སྐྱ་མིན་སེར་མིན། དཀར་ནག་དབྱེ་འབྱེད་ལྟ་བུའོ། ། 

 བདུན།  དུས་སྟོན་པའི་མིང་གི་ཚོགས་པ། 

དུས་སྟོན་པའི་མིང་གི་ཚོགས་པ་ནི། བྱ་བ་བརྗོད་པའི་མིང་དང་། ངེས་བཟུང་གི་མིང་སོགས་དང་དུས་སྟོན་པའི་མིང་ལྷན་ཅིག་ཏུ་སྦྱར་ནས་གྲུབ་པ་ཞིག་ཡིན། དཔེར་ན། v/r/t+[gz]+t འགྲོ་བའི་སྐབས།  སློབ་པའི་དུས།  ཕྱི་དྲོའི་དུས་ལྟ་བུ། །v/t+ ད་ནས་བཟུང་།  མགོ་བརྩམས་པ་ནས་བཟུང་། བྲིས་པ་ནས་བཟུང་ལྟ་བུའོ། ། 

 བརྒྱད།  ངེས་བཟུང་གི་མིང་གི་ཚོགས་པ། 

ངེས་བཟུང་གི་མིང་གི་ཚོགས་པ་ནི།  གཙོ་ཆེ་བར་ངེས་བཟུང་གི་མིང་དང་། ཚིག་ཕྲད་མཉམ་དུ་སྦྱར་ནས་གྲུབ་པ་ཞིག་ཡིན། དཔེར་ན། r/+ སྣང་ས་འོད་འབུམ་གྱི།  རྒྱལ་བུ་དྲི་མེད་ཀུན་ལྡན་གྱི།  ཁོང་གི་ལྟ་བུ། fh/fg/fz/fj/ce དེ་ལྟར་ན། དེ་ནི། ཅི་ཡང་། ཞེས་གསུངས། ཅེས་བཤད།  ལྟ་བུའོ། ། 

 གོང་དུ་བོད་སྐད་མིང་གི་ཚོགས་པའི་རིགས་ཀྱི་སྤྱི་དང་བྱེ་བྲག་གི་དབྱེ་བ་དཔེར་བརྗོད་དང་བཅས་དབྱེ་ཞིབ་མཚམས་སྦྱོར་ཞུས་པ་ནི།  རང་གི་མྱོང་བ་དང་སྐད་ཆའི་འགྲོས་ཙམ་ལ་བརྟེན་ནས་རང་དགར་འཆད་པ་དེ་འདྲ་མིན་པར།  གཅིག་ནས་འབྲེལ་ཡོད་རིག་པའི་གཞུང་ལུགས་ལ་ནན་ཏར་གཏུགས་ཡོད་ལ།  གཉིས་ནས་གློག་རྡུལ་ཡིག་མཛོད་ལ་བརྟེན་ཏེ་མིང་གི་ཚོགས་པར་དབྱེ་ཞིབ་དང་།  དངོས་བཤེར་གྱི་ལམ་ནས་ཚོད་ལྟ་ཐེངས་མང་བགྱིས་པ་བརྒྱུད་ནས་ཐོབ་པའི་དཔྱད་འབྲས་གཞིར་བཟུང་སྟེ།  ཞིབ་རྒྱས་སུ་སྤྲོས་ཁུལ་ཞུས་པ་ཞིག་ལགས།   

 རྩིས་འཁོར་སྐད་བརྡ་རིག་པའི་གཞུང་ལུགས་ལྟར་ན།“རྩིས་འཁོར་གྱི་ལམ་ནས་སྐད་རིགས་གང་ཞིག་ལ་དབྱེ་ཞིབ་དང་སྒྲིག་གཅོད་བྱེད་དགོས་ན་སྐད་རིགས་གང་དེའི་ཡི་གེ་དང་། མིང་།  མིང་གི་ཚོགས་པ། ཚིག་བཅས་ཀྱི་གྲུབ་ཆ་རེ་རེ་ལ་རྒྱལ་ཁབ་ཚད་ལྡན་ཅན་གྱི་གཅིག་གྱུར་གྱི་རྟགས་མཆན་འགོད་དགོས་”12པས།  བོད་སྐད་མིང་གི་ཚོགས་པར་རྟགས་མཆན་འགོད་རྒྱུ་ནི།  བོད་ཡིག་ཆ་འཕྲིན་ལག་རྩལ་རྒྱལ་ཁབ་ཚད་ལྡན་ཅན་གྱི་གཅིག་གྱུར་ལམ་བུར་བསྐྱོད་པའི་ལས་གཞི་གལ་འགངས་ཆེན་པོ་ཞིག་ཡིན།  གོང་འཁོད་དབྱིན་ཡིག་གི་ཡིག་འབྲུ་རྐྱང་མ་དེ་དག་གིས།  བོད་སྐད་མིང་གི་རིགས་མི་འདྲ་བ་དག་མཚོན་པར་བྱས་ཡོད་དེ། aཡིས་ཁྱད་གཞི་བརྗོད་པའི་མིང་དང་། vདང་། aདང་།  mདང་། qདང་། tདང་།  rདང་། uསོགས་ཀྱིས་བྱ་བ་བརྗོད་པའི་མིང་དང་། ཁྱད་ཆོས་བརྗོད་པའི་མིང་། གྲངས་ཀ་བརྗོད་པའི་མིང་། འཇལ་བྱེད་ཀྱི་མིང་། དུས་སྟོན་པའི་མིང་། ངེས་བཟུང་གི་མིང་། གསལ་བྱེད་ཀྱི་མིང་སོགས་རེ་རེ་བཞིན་མཚོན་པར་བྱེད་པ་ཡིན་ལ། དེ་བཞིན་དུ་cཡིས་ཚིག་ཕྲད་མཚོན་པ་དང་། glདང་gxཡིས་འབྲེལ་སྒྲ་དང་བྱེད་སྒྲ་མཚོན་པ་ཡིན། 

 གཞན་ཡང་རྒྱལ་སྤྱིའི་འགྲོ་ལུགས་ལྟར་ན། དབྱིན་ཡིག་བརྡ་ཆད་ཀྱི་གསལ་བྱེད་ཐོག་མའི་ཡིག་འབྲུ་ཆེ་བ་བསྡུས་ནས་འགོད་པར་བྱེད། དཔེར་ན།  ཁྱད་གཞི་བརྗོད་པའི་མིང་གི་ཚོགས་པ་NP(Noun Phrase)ཡིས་མཚོན་པ་དང་། VPདང་།  APདང་།  MPདང་།  PPདང་།  GPདང་། TPདང་། RPསོ་སོས་བྱ་བ་བརྗོད་པའི་མིང་གི་ཚོགས་པ་དང་།  ཁྱད་ཆོས་བརྗོད་པའི་མིང་གི་ཚོགས་པ།  གྲངས་ཀ་བརྗོད་པའི་མིང་གི་ཚོགས་པ། བརྗོད་གཞི་གསལ་བར་སྟོན་པའི་མིང་གི་ཚོགས་པ།  གོམས་ལོབས་རྒྱུན་འབྱམས་ཀྱི་མིང་གི་ཚོགས་པ།  དུས་སྟོན་པའི་མིང་གི་ཚོགས་པ། ངེས་བཟུང་གི་མིང་གི་ཚོགས་པ་བཅས་མཚོན་པར་བྱེད་ནུས་པས།  འདིར་ཇི་ལྟར་མཚོན་ཚུལ་རེ་རེ་བཞིན་རེའུ་མིག་ཏུ་ཕབ་པ་གཤམ་གསལ་ལྟར་ལགས། 

5.png

  བོད་སྐད་མིང་གི་ཚོགས་པའི་རིགས་ཀྱི་དབྱེ་སྟངས་དང་རྟགས་མཆན། 

 རྩིས་འཁོར་སྐད་བརྡ་རིག་པའི་གཞུང་ལུགས་ལྟར་ན།  རྩིས་འཁོར་དུ་རང་འགུལ་གྱིས་སྐད་བརྡ་དང་ཡི་གེ་ལ་དབྱེ་ཞིབ་དང་སྒྲིག་སྦྱོར་བྱེད་སྐབས།  གཙོ་བོ་སྐད་བརྡ་གང་དེའི་བརྡ་སྤྲོད་ཀྱི་སྒྲིག་གཞི་གཞིར་བཟུང་ནས་བྱ་བ་བྱེད་པ་ཞིག་ཡིན་པས།  བོད་སྐད་མིང་གི་ཚོགས་པར་དབྱེ་ཞིབ་བྱེད་སྐབས།  མིང་བརྡའི་རྗེས་ཀྱི་ནང་དོན་ལ་མི་བལྟ་བར་སྒྲིག་གཞི་ལ་བལྟ་དགོས།  སྤྱིར་ན་མིང་གི་ཚོགས་པའི་དབྱེ་ཚུལ་འདྲ་མིན་སྣ་ཚོགས་ཤིག་མཆིས་ཀྱང་།  སྐབས་འདིར་གོང་གསལ་ཁྱད་གཞི་བརྗོད་པའི་མིང་གི་ཚོགས་པ་ཞེས་པ་སོགས་རྣམ་པ་བརྒྱད་དུ་དབྱེ་སྟེ།  གློག་རྡུལ་ཡིག་མཛོད་ལ་བརྟེན་ནས་བོད་སྐད་ཀྱི་སྦྱོར་བ་སྤྱི་ལས་བྱེ་བྲག་མིང་གི་ཚོགས་པའི་སྒྲིག་གཞིའི་ཐད་ཀྱི་རིགས་དབྱེ་ཚུལ་ཞིག་ཡིན་ཞིང་། དཔེར་བརྗོད་དག་ཀྱང་གློག་རྡུལ་ཡིག་མཛོད་ལས་བཙལ་ཏེ་གོ་བསྡུར་དཔྱད་ཞིབ་ཀྱིས་བཀོད་པ་ཤ་སྟག་ཡིན་ལ།  སྤྱི་ལོ་༢༠༡༨ལོར་ཀྲུང་གོའི་རྒྱལ་ཁབ་ཚད་ལྡན་ཅན་དོ་དམ་ཨུ་ཡོན་ལྷན་ཁང་གིས་བཏོན་པའི་《ཆ་འཕྲིན་སྒྲིག་གཅོད་ལ་མཁོ་བའི་བོད་སྐད་མིང་གི་ཚོགས་པའི་དབྱེ་བ་དང་རྟགས་མཆན་ཚད་ལྡན་》13ཚད་གཞིར་བཟུང་སྟེ།  རང་ལུགས་ཀྱི་ལྟ་ཚུལ་གང་ཡིན་པ་དག་བྱུང་རྒྱལ་དུ་མི་འགྲོ་བའི་ཐབས་ལ་འབད་ཡོད། 

  6.jpg

 མིང་གི་ཚོགས་པའི་གྲུབ་ཚུལ་ལ་རིགས་ཆེ་གྲས་བརྒྱད་ཡོད་པ་ལས།  འདིར་གཙོ་བོ་རིགས་ཆེ་གྲས་བཞིའི་གྲུབ་ཚུལ་མདོར་བསྡུས་ཀྱི་སྒོ་ནས་ཞིབ་བརྗོད་བྱས་ཡོད། 

 གཅིག  ཁྱད་གཞི་བརྗོད་པའི་མིང་གི་ཚོགས་པའི་གྲུབ་ཚུལ། NP ཀ  ཁྱད་གཞི་བརྗོད་པའི་མིང་+ཁྱད་གཞི་བརྗོད་པའི་མིང་། (n+n) དཔེར་ན། དགེ་རྒན་བློ་བཟང་།  ཚོང་དཔོན་ནོར་བཟང་།  གྲོང་ཁྱེར་ལྷ་ས་ལྟ་བུ། 

 ཁ།  ཁྱད་གཞི་བརྗོད་པའི་མིང་+ཁྱད་ཆོས་བརྗོད་པའི་མིང་། (n+a)  དཔེར་ན།  ཁ་བཏགས་དཀར་པོ།  གྲོང་ཁྱེར་ཆེན་པོ།  ཁང་པ་ཆུང་ཆུང་ལྟ་བུ། 

 ག  ཁྱད་གཞི་བརྗོད་པའི་མིང་+བྱ་བ་བརྗོད་པའི་མིང་། (n+v) དཔེར་ན།  ཡི་གེ་བྲིས།  ལྕགས་རྟ་བསྐོར།  ཆར་པ་བབས་ལྟ་བུ། 

 ང་།  ཁྱད་གཞི་བརྗོད་པའི་མིང་+གྲངས་ཀ་བརྗོད་པའི་མིང་། (n+m) དཔེར་ན།  མི་རིགས་ང་དྲུག  ནོར་ལུག་ལྔ་བརྒྱ།  བཀྲ་ཤིས་རྟགས་བརྒྱད་ལྟ་བུ། 

 ཅ།  ཁྱད་གཞི་བརྗོད་པའི་མིང་+ཕྱི་རྐྱེན་སྦྱར་བའི་མིང་། (n+h) དཔེར་ན།  ཆ་འཕྲིན་ཅན།  གསེར་སོ་ཅན།  ཡོན་ཏན་ཅན་ལྟ་བུ། 

 ཆ།  ཁྱད་གཞི་བརྗོད་པའི་མིང་+ངེས་བཟུང་གི་མིང་། (n+r) དཔེར་ན།  སློབ་མ་རང་ཉིད།  བུ་མོ་འདི་དག  གཏམ་རྒྱུད་འདི་ལྟ་བུ། 

 ཇ།  ཁྱད་གཞི་བརྗོད་པའི་མིང་+ཕྱོགས་གནས་ཀྱི་མིང་། (n+nf) དཔེར་ན།  གྲོང་ཁྱེར་གྱི་ཤར་ཕྱོགས།  ཕོ་བྲང་ནང་།  གྲུ་གཟིངས་སྟེང་ལྟ་བུ། 

 ཉ།  ཁྱད་གཞི་བརྗོད་པའི་མིང་+གནས་པ་སྟོན་པའི་མིང་། (n+vc) དཔེར་ན།  ནོར་བུ་ཡོད།  རྣམ་དཔྱོད་ཅན།  ནོར་བུ་གདའ་ལྟ་བུ། 

 ཏ། ཁྱད་གཞི་བརྗོད་པའི་མིང་+འབྲེལ་སྒྲ་+ཁྱད་གཞི་བརྗོད་པའི་མིང་། (n+g+n) དཔེར་ན།  གློག་སྒྲོན་གྱི་འོད།  བཀྲ་ཤིས་ཀྱི་ལྭ་བ།  བུ་ཆུང་གི་ལག་པ་ལྟ་བུ། 

 ཐ། ཁྱད་གཞི་བརྗོད་པའི་མིང་+ཚིག་ཕྲད་དང་སྒྲའམ་གམ་སྒྲ་སོགས་+ཁྱད་གཞི་བརྗོད་པའི་མིང་། (n+g+n) དཔེར་ན།  ཕུ་བོ་དང་ནུ་བོ།  སང་ཉིན་ནམ་གནངས་ཉིན།  ཤོག་བུའམ་སྣག་ཚ་ལྟ་བུའོ། 

 གོང་གསལ་གྱི་དཔེར་བརྗོད་དག་ལས།  ཁྱད་གཞི་བརྗོད་པའི་མིང་གི་ཚོགས་པ་ནི་གཙོ་བོ་ཁྱད་གཞི་བརྗོད་པའི་མིང་དང་།  ཁྱད་ཆོས་བརྗོད་པའི་མིང་། བྱ་བ་བརྗོད་པའི་མིང་།  གྲངས་ཀ་བརྗོད་པའི་མིང་། ངེས་བཟུང་གི་མིང་། ཕྱི་རྐྱེན་སྦྱར་བའི་མིང་ལ་སོགས་པའི་སྔོན་དུ་འཇུག་པ་དང་། གཞན་ཁྱད་གཞི་དང་ཁྱད་གཞིའི་བར་དུ་འབྲེལ་སྒྲ་དང་། དང་སྒྲ།  གམ་སྒྲ་སོགས་འཇུག་པའང་ཡོད་པ་མཐོང་ནུས། 

 གཉིས།  བྱ་བ་བརྗོད་པའི་མིང་གི་ཚོགས་པའི་གྲུབ་ཚུལ།  VP 

ཀ  བྱ་བ་བརྗོད་པའི་མིང་+བྱ་བ་བརྗོད་པའི་མིང་། (v+v)    དཔེར་ན།  འགྲོ་འདུག་ཉལ་འཆག  ཐོས་བསམ་སྒོམ་གསུམ།  འཆད་རྩོད་རྩོམ་གསུམ་ལྟ་བུ། 

 ཁ།  བྱ་བ་བརྗོད་པའི་མིང་+ཚིག་ཕྲད་ཏེ་དེ་སྟེ་གསུམ་ནས་སྒྲ་སོགས་+བྱ་བ་བརྗོད་པའི་མིང་། (v+g+v) དཔེར་ན།  བཤད་དེ་ཤེས།  བྲིས་ནས་ཚར།  བསྒྲུབས་ནས་འགྲུབ་ལྟ་བུ། 

 ག  ངང་ཚུལ་སྟོན་པའི་མིང་+བྱ་བ་བརྗོད་པའི་མིང་། (d+v)    དཔེར་ན།  ངང་གིས་ཡལ།  སྟབས་ཀྱིས་འགྲིག  རིམ་གྱིས་འགྲུབ་ལྟ་བུ།  

 ང་།  བྱ་བ་བརྗོད་པའི་མིང་+ཁྱད་གཞི་བརྗོད་པའི་མིང་། (v+n)    དཔེར་ན།  བྲིས་པའི་རི་མོ།  བཤད་པའི་སྐད་ཆ།  ལྷུང་བའི་ལོ་མ་ལྟ་བུ།  

 ཅ།  བྱ་བ་བརྗོད་པའི་མིང་+གསལ་བྱེད་ཀྱི་མིང་། (v+u)    དཔེར་ན།  འགྲོ་བཞིན།  འཚོལ་གྱིན།  བསྒྲིགས་ཟིན་ལྟ་བུའོ། ། 

 གོང་གསལ་གྱི་དཔེར་བརྗོད་དག་ལས། བྱ་བ་བརྗོད་པའི་མིང་གི་ཚོགས་པ་ནི་གཙོ་བོ་བྱ་བ་བརྗོད་པའི་མིང་དང་། གསལ་བྱེད་ཀྱི་མིང་ལ་སོགས་པའི་སྔོན་དུ་འཇུག་པ་དང་། བོད་སྐད་ཀྱི་སྐད་ཆའི་བརྗོད་རིམ་ལྟར་ན་བྱ་བ་བརྗོད་པའི་མིང་ནི་བྱེད་པ་པོ་དང་བྱ་བའི་ཡུལ་གྱི་རྗེས་སུ་སྦྱོར་བའོ། ། 

 གསུམ།  ཁྱད་ཆོས་བརྗོད་པའི་མིང་གི་ཚོགས་པའི་གྲུབ་ཚུལ། AP

 ཀ  ཁྱད་ཆོས་བརྗོད་པའི་མིང་+ཚིག་ཕྲད་ཅིང་ཞིང་ཤིང་དང་།  དང་སྒྲ  ལ་སྒྲ་སོགས་+ཁྱད་ཆོས་བརྗོད་པའི་མིང་། (n+c+a) དཔེར་ན།  སྙན་ཞིང་འཇེབས།  མཛེས་ཀྱང་མཛེས།  རབ་དང་འབྲིང་ལྟ་བུ།  

 ཁ།  ཁྱད་ཆོས་བརྗོད་པའི་མིང་+ཁྱད་གཞི་བརྗོད་པའི་མིང་། (n+a) དཔེར་ན།  མཛེས་པའི་དབྱར་ཁ། ཡངས་པའི་ས་གཞི།  སྒོར་སྒོར་གྱི་ཟླ་བ་ལྟ་བུ། 

 ག  ངང་ཚུལ་སྟོན་པའི་མིང་+ཁྱད་ཆོས་བརྗོད་པའི་མིང་། (d+a) དཔེར་ན།  ཤིན་ཏུ་ལེགས།  ཧ་ཅང་རིང་བ།  རབ་ཏུ་དགའ་ལྟ་བུ།  

 ང་།  གྲངས་ཀ་བརྗོད་པའི་མིང་+ལས་སྒྲ་+ཁྱད་ཆོས་བརྗོད་པའི་མིང་། (m+a) དཔེར་ན།  འབྲི་དེབ་ལྔ་ལས་མང་།  སྒོར་བརྒྱ་ལས་མང་།  བཅུ་ལས་ཉུང་ལྟ་བུའོ།  ། 

 གོང་གསལ་གྱི་དཔེར་བརྗོད་དག་ལས།  ཁྱད་ཆོས་བརྗོད་པའི་མིང་གི་ཚོགས་པ་ནི་གཙོ་བོ་ཁྱད་གཞི་བརྗོད་པའི་མིང་དང་། གྲངས་ཀ་བརྗོད་པའི་མིང་། ངང་ཚུལ་སྟོན་པའི་མིང་ལ་སོགས་པའི་རྗེས་སུ་འཇུག་པ་དང་། བོད་སྐད་ཀྱི་སྐད་ཆའི་བརྗོད་རིམ་ལྟར་ན་ཁྱད་གཞི་སྔོན་དང་ཁྱད་ཆོས་རྗེས་ཞེས་ཟེར་རོ།  

 བཞི། གྲངས་ཀ་བརྗོད་པའི་མིང་གི་ཚོགས་པའི་གྲུབ་ཚུལ།  MP 

ཀ  འཇལ་བྱེད་ཀྱི་མིང་+གྲངས་ཀ་བརྗོད་པའི་མིང་། (q+m) དཔེར་ན།  འདོམ་བཅོ་བརྒྱད།  རྒྱང་གྲགས་གཅིག  དཔག་ཚད་བཞི་བརྒྱ་ལྟ་བུ། 

 ཁ།  གྲངས་ཀ་བརྗོད་པའི་མིང་+གྲངས་ཀ་བརྗོད་པའི་མིང་། (m+m) དཔེར་ན།  སུམ་བརྒྱ་དྲུག་ཅུ།  དྲུག་གསུམ་བཅོ་བརྒྱད།  ཉིས་ཁྲི་ཆིག་སྟོང་ལྟ་བུའོ། 

 གོང་གསལ་གྱི་དཔེར་བརྗོད་དག་ལ་གཞིགས་ན། གྲངས་ཀ་སྟོན་པའི་མིང་གི་ཚོགས་པའི་སྒྲིག་གཞིར། འཇལ་བྱེད་ཀྱི་མིང་དང་གྲངས་ཀ་བརྗོད་པའི་མིང་གཉིས་ལྷན་དུ་སྦྱོར་ཞིང་། སྤྱིར་གྲངས་ཀ་བརྗོད་པའི་མིང་ནི་ཁྱད་གཞི་བརྗོད་པའི་མིང་གི་རྗེས་སུ་འཇུག་པ་ཡིན་པས། འདི་ལས་མི་རིགས་རང་གི་ཡུལ་སྲོལ་གོམས་འདྲིས་དང་མཐུན་པའི་སྐད་ཆའི་སྦྱོར་བ་ཐུན་མོང་མ་ཡིན་པ་ཞིག་མངོན་འོང་། 

 བོད་སྐད་མིང་གི་ཚོགས་པའི་གྲུབ་ཚུལ་གྱི་སྒྲིག་གཞི་ལ་འགྱུར་བ་ཅུང་མང་བ་ནི། ཁྱད་གཞི་བརྗོད་པའི་མིང་གི་ཚོགས་པ་དང་། ཁྱད་ཆོས་བརྗོད་པའི་མིང་གི་ཚོགས་པ། བྱ་བ་བརྗོད་པའི་མིང་གི་ཚོགས་པ། གྲངས་ཀ་བརྗོད་པའི་མིང་གི་ཚོགས་པ་བཅས་ཡིན་ཞིང་། དེ་དག་ལས་ཀྱང་མིང་གི་ཚོགས་པའི་སྐད་ཆའི་སྦྱོར་བར། ཁྱད་གཞི་བརྗོད་པའི་མིང་དང་། ཁྱད་ཆོས་བརྗོད་པའི་མིང་། བྱ་བ་བརྗོད་པའི་མིང་བཅས་ནི་འཇུག་པ་ཆེས་མང་བར་སྣང་། གཞན་གྲངས་ཀ་བརྗོད་པའི་མིང་གི་ཚོགས་པ་དང་། བརྗོད་གཞི་གསལ་བར་སྟོན་པའི་མིང་གི་ཚོགས་པ། གོམས་ལོབས་རྒྱུན་འབྱམས་ཀྱི་མིང་གི་ཚོགས་པ། དུས་སྟོན་པའི་མིང་གི་ཚོགས་པ། ངེས་བཟུང་གི་མིང་གི་ཚོགས་པ་བཅས་ཀྱི་གྲུབ་ཚུལ་གོང་དུ་འཆད་ཟིན་པ་ལྟར་ཡིན་ལ། དེ་དག་ནི་སྐད་ཆའི་སྒྲིག་གཞིའི་ཁྲོད་དུ་མིང་བརྡའི་སྦྱོར་ལུགས་ཀྱི་འགྱུར་བ་ཆེས་ཉུང་བ་ཡིན་པར་སྣང་།  

  7.jpg

 འདིར་བསྟན་སྡོང་འགྲེམས་ཞེས་པ་ནི་རང་བྱུང་སྐད་བརྡའི་སྒྲིག་གཅོད་ཁྲོད་ཀྱི་རྨང་གཞིའི་ཐོན་ཁུངས་ཀྱི་མཛོད་འཛུགས་སྐྲུན་བྱ་ཐབས་ཤིག་ཡིན་ཞིང་།  སྡོང་འགྲེམས་ཀྱི་རྟགས་མཆན་འགོད་པ་ལ་རིམ་པ་གཉིས་སུ་ཕྱེ་བ་སྟེ།  མིང་ལ་རྟགས་མཆན་འགོད་པ་དང་ཚིག་ལ་རྟགས་མཆན་འགོད་པ་གཉིས་སོ།  ཚིག་ལ་རྟགས་མཆན་འགོད་པའི་སྡོང་འགྲེམས་ཀྱི་ཡན་ལག་ལ།  མིང་གི་ཚོགས་པའི་སྡོང་འགྲེམས་དང་།  རྟེན་དང་བརྟེན་པའི་སྡོང་འགྲེམས་གཉིས་ཡོད་ཅིང་།  མིང་གི་ཚོགས་པའི་སྒྲིག་གཞིའི་སྡོང་འགྲེམས་ཀྱིས་ཚིག་སྦྱོར་ཁྲོད་ཀྱི་མིང་གི་ཚོགས་པ་རེ་རེའི་རིམ་པ་དང་།  མིང་བརྡའི་འབྲེལ་བར་རྟགས་མཆན་འགོད་པ་ཡིན།  སྡོང་འགྲེམས་ལེགས་འགྲུབ་བྱེད་པར་མཉེན་ཆས་བཀོལ་ཏེ་རང་འགུལ་ཐབས་ཀྱིས་རྟགས་མཆན་འགོད་པ་དང་།  མིའི་ལག་ཟུང་འགུལ་ཏེ་རྟགས་མཆན་འགོད་པ་གཉིས་ཟུང་འབྲེལ་བྱས་ཆོག  

 འདིར་མིང་གི་ཚོགས་པའི་སྒྲིག་གཞི་ལྟར།  དཔེར་བརྗོད་འགའ་ཤས་ལ་དབྱེ་ཞིབ་བྱས་ཏེ་མིང་གི་ཚོགས་པའི་སྡོང་འགྲེམས་བཀོད་ན་འདི་ལྟ་སྟེ།  དཔེར་ན།  

 ཀ རྒྱལ་པོས་འདི་སྐད་གསུངས།  རྒྱལ་པོ_nxས་_boའདི་སྐད་_rzགསུངས_vt །_ww  

8.png

 ཁ། བུ་མོ་སྣང་ས་འོད་འབུམ་ཚུར་ལ་གསོན།  བུ་མོ་_nnསྣང་ས་འོད་འབུམ་_nrཚུར་_nfལ་_ls གསོན_vi །_ww  

9.png

 ག ནོར་བཟང་བུ་མོ་བདག་ལ་གསོན།  ནོར་བཟང་བུ་མོ་_nrབདག་_rrལ་_lsགསོན_vi།_ww  

10.png

 ང་། འགྲོ་བ་བཟང་མོ་དར་གཅིག་ང་ལ་གསོན།  འགྲོ་བ་བཟང་མོ་_nrདར་གཅིག་_nnང་_rrལ་_ls གསོན_vi།_ww   

11.png

 ཅ། བུ་མོ་སྒྲོལ་མས་གླུ་དབྱངས་བླངས། བུ་མོ་_nnསྒྲོལ་མ_nrས་_boགླུ་དབྱངས་_nn བླངས_vt།_ww  

12.png

 ཆ། ཁྱོད་རང་གཙང་སྦྲ་བྱེད་པར་དགའ། ཁྱོད་རང་_nrགཙང་སྦྲ་_nn བྱེད་པ_vt ར་_lsདགའ_vt།_ww  

13.png

 ཇ། ཕུགས་བསམ་ནི་མདུན་སྐྱོད་ཀྱི་སྒྲོན་མེ་ཡིན།  ཕུགས་བསམ་_nnནི་_ciམདུན་སྐྱོད་_nnཀྱི་_giསྒྲོན་མེ་_nn ཡིན_ud།_ww    ཉ། བདག་གིས་ལས་བྱ་བྲིས།  བདག་_rr གིས་_bo ལས་བྱ་_nn བྲིས_vt།_wwལྟ་བུའོ། །  

14.png

 གོང་གསལ་གྱི་མིང་གི་ཚོགས་པའི་སྡོང་འགྲེམས་ལས་མངོན་པའི་རྣམ་པ་འདི་དག་ནི། བོད་སྐད་ཚིག་གི་སྦྱོར་བའི་རྣམ་པ་ཡིན་ཞིང་། མཚོན་བྱེད་བརྡ་རྟགས་sནི་ཚིག་ཡིན་པ་དང་། npདང་vpཡིས་ཚིག་གི་གྲུབ་ཆ་གཙོ་བོ་བྱེད་པ་ཡིན། ཚུལ་དེ་དག་ལས་ཤེས་རྟོགས་བྱུང་བར། མིང་གི་ཚོགས་པ་ཡིན་ན་མིང་གི་ཆ་ཤས་ཀྱི་ཚོགས་སམ། ཡང་ན་ཚིག་གི་གྲུབ་ཆ་དང་། ཚིག་འགྲུབ་པར་བྱེད་པའི་སྡེ་ཚན་གྱི་ཚིག་ཡིན་ཞེས་བརྗོད་ཆོག་པར་སྙམ་མོ། ། 

  16.jpg

 བོད་སྐད་ཀྱི་མིང་གི་ཚོགས་པའི་ཞིབ་འཇུག་ནི། རང་བྱུང་སྐད་བརྡ་སྒྲིག་གཅོད་དང་རྩིས་འཁོར་སྐད་བརྡ་རིག་པའི་རྨང་གཞིའི་ཞིབ་འཇུག་གི་ལས་ཀ་གལ་ཆེན་ཞིག་ཡིན་པས། འདིར་བོད་ཡིག་ཆ་འཕྲིན་ལག་རྩལ་ལ་གཞིགས་ནས་བོད་སྐད་མིང་གི་ཚོགས་པའི་གོ་དོན་དང་། ཁྱད་ཆོས།  དབྱེ་བ། རྟགས་མཆན་འགོད་ལུགས། མིང་གི་ཚོགས་པའི་གྲུབ་ཚུལ། མིང་གི་ཚོགས་པའི་སྡོང་འགྲེམས་བཅས་ལ་དཔྱད་གླེང་དང་ཞིབ་བརྗོད་བྱས་ཡོད། ཕྲན་རང་སྤྱིར་ན་རྒྱ་ཆེ་གཏིང་ཟབ་པའི་བོད་ཀྱི་རིག་གཞུང་ལ་རྒྱུས་ལོན་བྱེད་ཚད་མ་འདང་བ་དང་།  སྒོས་སུ་འབྲེལ་ཡོད་གཞུང་ལུགས་ལ་ཉམས་ཞིབ་བྱེད་པའི་ཆུ་ཚད་ཞན་པའི་དབང་གིས། མ་རྟོགས་ལོག་རྟོག་ཏུ་སོང་བ་ཅི་རིགས་མཆིས་ངེས་ན།  དོན་དཀའ་བ་ལ་བདག་འདྲའི་བློ།  །འཁྲུལ་མི་སྲིད་པ་མ་ཡིན་པས།  །ཅི་སྟེ་རིགས་པར་ལྟ་ན་བླང་།   །གལ་ཏེ་མིན་ན་གཞན་དུ་གྱིས།   །ཞེས་ཚིགས་སུ་བཅད་པ་འདི་བཞིན་གསལ་འདེབས་ཀྱི་ཚུལ་དུ་ཐུགས་སྣང་ཡོད་མཁན་རྣམ་པར་འབུལ་ལོ།  །  

 མཆན་འགྲེལ་དང་ལུང་འདྲེན་དཔྱད་ཡིག 

 ④དོར་ཞི་གདོང་དྲུག་སྙེམས་བློ།《བརྡ་སྤྲོད་དོན་འགྲེལ་ཟབ་གནད་ཀུན་གསལ་》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༨༧ལོ། ཤ་༢༦ན་གསལ། ⑤མཁྱེན་རབ་འོད་གསལ། 《མཁྱེན་རབ་འོད་གསལ་གྱི་གསུང་རྩོམ་ཕྱོགས་བསྒྲིགས་》ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།  ༢༠༠༣ལོ། ཤ་༢༤༢ན་གསལ། ⑥ལྕགས་ཐར་རྒྱལ།《བོད་སྐད་བརྡ་སྤྲོད་ཀྱི་གནད་དོན་ཁ་ཤས་ལ་དཔྱད་པ་རིག་འཕྲུལ་མེ་ལོང་》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།  ༢༠༠༨ལོ།  ཤ་༣༦ན་གསལ།

 ⑦དཔའ་རིས་སངས་རྒྱས།《བརྡ་སྤྲོད་གསལ་བྱེད་ངག་སྒྲོན་》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༡ལོ།  ཤ་༣༥ན་གསལ། ⑧⑩བསྟན་གོ《བོད་སྐད་མིང་བརྡ་རིག་པ་》སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༡ལོ།  ཤ་༡༧༣དང་།  ༡༧༣ནས་༢༡༤བར་ན་གསལ། ⑨ལྕགས་ཐར་རྒྱལ།《བོད་ཀྱི་བརྡ་སྤྲོད་སྤྱི་རྣམ་རིག་འཕྲུལ་སྣང་མཛོད་》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༠༠ལོ།  ཤ་༢༤༧ནས་༢༦༠བར་ན་གསལ།

⑪གུ་རུ་སྐྱབས།《དེང་རབས་བོད་སྐད་ཀྱི་ཚིག་སྦྱོར་གཞུང་ལུགས་ལ་དཔྱད་པ་》ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དཔེ་སྐྲུན་ཁང་།  ༢༠༢༢ལོ།  ཤ༢༠༩ནས་༢༢༠བར་ན་གསལ། 

 གསལ་བཤད། དཔྱད་རྩོམ་འདི་ནི་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་གི་ཐེབས་རྩའི་གཙོ་གནད་ལས་གཞི་“གློག་རྡུལ་ཡིག་མཛོད་ལ་བརྟེན་ནས་བོད་ཡིག་མིང་མཛོད་ཆེན་མོའི་རྩོམ་སྒྲིག་དང་ཞིབ་འཇུག་”ཅེས་པ་དང་། ༢༠༢༡ལོའི་རྒྱལ་ཁབ་སློབ་གསོ་པུའུ་སྤྱི་ཚོགས་ཚན་རིག་གི་ཐེབས་རྩའི་ལས་གཞི་“བོད་སྐད་ཀྱི་མིང་གི་ཚོགས་པའི་དབྱེ་བ་དང་རྟགས་མཆན་ཞིབ་འཇུག”ཅེས་པ་དང་། ༢༠༢༢ལོའི་མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་གི་ལས་གཞི་“གློག་རྡུལ་ཡིག་མཛོད་ལ་བརྟེན་ནས་བོད་ཀྱི་ཟློས་གར་དྲི་མེད་ཀུན་ལྡན་གྱི་མིང་བརྡའི་བསྡོམས་རྩིས་ཞིབ་འཇུག་”ཅེས་པ།  ༢༠༢༡ལོའི་མཚོ་སྔོན་ཞིང་ཆེན་གྱི་“ཁུ་ནུའི་འཇོན་མི་སྟེ།  གསར་གཏོད་ལས་གཏོད་རྩེ་གྲའི་ཤེས་ལྡན་མི་སྣ་”བཅས་གསོ་སྐྱོང་བྱེད་པའི་དམིགས་བསལ་རོགས་དངུལ་ཐོབ་པའི་ལས་གཞི་དག་གི་བར་སྐབས་ཀྱི་དཔྱད་འབྲས་ཤིག་ཡིན། 


མཉམ་སྤྱོད།