དེ་རིང་ནི2025ལོའི་ཟླ04པའི་ཚེས27ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

སྐྱེས་རབས་དང་རྟོགས་བརྗོད། རྣམ་ཐར་གསུམ་ལ་ཇི་ལྟར་ངོས་འཛིན་བྱེད་དགོས།

2025-04-08 11:32:46   |   407

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། བོད་ཀྱི་རིག་གནས་རྒྱུན་ཤེས། བཤེར་འབེབས། རིན་ཆེན་ཚེ་རིང་། 


དེ་ཡང་སྐྱེས་རབས་ཞེས་པ་ནི་ཇི་ལྟ་བུ་ཞིག་ལ་ངོས་འཛིན་མཛད་པ་ཡིན་ཞེ་ན། རྗེ་ཚུལ་ཁྲིམས་རིན་ཆེན་གྱི《བསྟན་འགྱུར་དཀར་ཆག》ལས་སྐྱེས་པ་རབས་ཀྱི་སྡེ་ནི་བཅོམ་ལྡན་འདས་ཀྱིས་སྔོན་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱོད་པའི་ཚེ་གང་དང་གང་དུ་སྐྱེས་པ་དང་། དཀའ་ཐུབ་ཅི་དང་ཅི་མཛད་པ་རྣམས་ལེགས་པར་སྟོན་པའོ་ཞེས་སྐྱེས་རབས་ཀྱི་བརྗོད་དོན་གཙོར་བཟུང་ནས་གོ་དོན་བསྟན་ཡོད་ལ། སྐྱེས་རབས་ནི་རྩོམ་རིག་གི་ངོས་ནས་བཤད་ན་སྟོན་པ་སངས་རྒྱས་ཀྱི་དཀའ་བ་དུ་མར་བྱང་ཆུབ་སེམས་དཔའི་སྐྱེས་པ་བླངས་ནས། དཀའ་ཐུབ་ལ་ཇི་ལྟར་གནས་པ་སོགས་སྔོན་བྱོན་མཁས་པ་རྣམས་ཀྱི་དད་འདུན་གྱིས་དབྱངས་ཀྱི་རྒྱལ་མོའི་ཏམ་བུ་རའི་རྒྱུད་ལས་འཕོས་པའི་འགྱུར་ཁུགས་སྙན་པའི་དཔལ་ལས་ཡང་དག་པར་དྲངས་པའི་ཚིག་རྒྱན་གྱི་ཕྲེང་བ་སྤེལ་བ་ཞིག་ཡིན་པར་འདོད།  དེ་ཡང་སྐྱེས་རབས་ཞེས་པའི་མིང་འདི་ལ་གཞིགས་ཚེ། མིང་རེ་རེ་ལའང་གོ་རྒྱུ་སྣང་སྟེ་སྐྱེས་ཀྱིས་སྟོན་པ་འདི་ཉིད་སྔོན་སློབ་པ་ལམ་གྱི་གནས་སྐབས་ལྷ་དང་མི་དང་། དུད་འགྲོའི་རྟེན་ཅན་དུ་འཁྲུངས་ཚུལ་བསྟན་ཞེས་དཀའ་བ་གྲངས་མེད་ཅིག་ལ་རིགས་དྲུག་གང་རུང་གི་སྐྱེས་པ་བླངས་ཚུལ་བརྗོད་ཀྱིན་ཡོད་པ་དང་། རབས་ཞེས་པས་དེ་དག་གི་སྐབས་སུ་གཞན་དུ་སྲོག་བཏང་བ་སོགས་བྱ་དཀའ་བའི་སྤྱོད་པ་རླབས་པོ་ཆེ་མཛད་ཅེས་གཞན་གྱི་དོན་དུ་རང་གིས་སྙིང་རྗེ་ཚད་མེད་བསྒོམས་ཏེ་བདག་ལས་གཞན་གཅེས་པར་བཟུང་ནས་རང་སྲོག་བློས་བཏང་བ་ལ་འཛེམ་བག་སྤུ་ཙམ་མེད་པར་ཚེ་རབས་ཀུན་ཏུ་གཞན་གྱི་མཛད་དཀའ་བའི་བྱ་གཞག་རབ་དང་རིམ་པར་མཛད་པ་དེ་དག་ལ་བརྗོད་པ་རེད། དེས་ན་སྐྱེ་རབས་ཞེས་པའི་རྩོམ་ལུས་འདི་བོད་དུ་ཡོད་དམ་ཞེ་ན། རྩོམ་ལུས་འདི་ནི་དམིགས་གསལ་ཁྱད་པར་ཅན་ཞིག་ཡིན་པས་སངས་རྒྱས་ཀྱི་མཛད་པ་ཁོ་ན་མ་གཏོགས་སྐྱེས་རབས་ཀྱི་མིང་འདོགས་མི་རུང་བ་གངས་ཅན་གྱི་ཡུལ་ན་སྐྱེས་རབས་ཀྱི་འགྱུར་རྩོམ་ཡོད་པ་ལས་དོན་དམ་དུ་གསར་རྩོམ་གྱི་རྩོམ་ལུས་ཡན་གར་བ་ཞིག་མེད་དོ། ། 

རྟོགས་བརྗོད་ཅེས་པའི་གོ་དོན་ནི《བསྟན་འགྱུར་དཀར་ཆག》ལས་ཆོས་ཉན་པ་རྣམས་ཀྱིས་དོན་གོ་ཞིང་ལེགས་པར་རྟོགས་པར་བྱ་བའི་ཕྱིར་སྔོན་བྱུང་བ་གཞན་ལས་བརྩམས་པའི་དཔེ་དང་བཅས་ནས་སྟོན་པ་གང་ཡིན་པ་རྣམས་སོ་ཞེས་གསུངས་པ་བཞིན་སྟོན་པའི་འཁོར་གྱི་ཆོས་ཉན་མཁན་དགྲ་བཅོམ་པ་སོགས་ཀྱིས་ཆོས་ཀྱི་དགོངས་དོན་ཟབ་མོ་བདེ་བླག་ཏུ་རྟོགས་ཆེད་བླ་མེད་ཀྱི་མཛད་རྗེས་དང་ཡོན་ཏན།  འཕྲིན་ལས་སོགས་རྒྱ་ཆེར་སྟོན་པའི་དགོངས་དོན་བརྗོད་པ་ཞིག་ལ་ཟེར་མོད།  འོན་ཀྱང་གོ་དོན་འདི་ལྟ་བུ་ཞིག་ལ་མཚོན་ན་ཁྱབ་ཆུང་བར་འདོད་སྙམ་སྟེ།  ཆོས་འཇིག་རྟེན་གཉིས་ལས་གཙོ་བོ་ཆོས་ཕྱོགས་སུ་བཟུང་ནས་མཛད་པ་ཡིན་ཆེ་བར་བདོག དེས་ན་འདིར་ཅུང་ཆ་ཚང་བའི་གོ་དོན་ཞིག་བཀོད་ན་འདི་ལྟར། ངེས་པར་གང་ཟག་ཁྱད་དུ་འཕགས་པ་ཞིག་གི་ཡོན་ཏན་ནམ་ལོ་རྒྱུས་སམ།  བླ་ན་མེད་པའི་སྤྱོད་པ་བཅས་ཀྱིས་ཆོས་འཇིག་རྟེན་གང་རུང་གི་འཕྲིན་ལས་རྒྱ་ཆེར་སྤེལ་བ་ཞིག་ཡིན་དགོས་ལ། གང་ཟག་དེ་ནི་དངོས་ཡོད་ཀྱི་གང་ཟག་ཅིག་ཡིན་ཡང་ཆོག་ལ་རྟོག་བཟོ་བྱས་པའི་གང་ཟག་ཅིག་ཀྱང་ཡིན་ཆོག མདོར་ན་གང་ཟག་གིས་བསྟན་པ་དང་འགྲོ་བའི་དོན་དུ་དགེ་བའི་ལས་གང་ཞིག་བསྒྲུབས་པ་བསྔགས་བརྗོད་ཀྱི་སྒོ་ནས་བརྗོད་པ་ཞིག་ཡིན་པར་འདོད་ལ། དེ་ཡང་རྟོགས་བརྗོད་ནི་གང་ཟག་ཁྱད་པར་ཅན་ཞིག་ལ་འབྲི་བ་ལས་སོ་སྐྱེས་ཕལ་བ་ཞིག་ལ་མི་བརྗོད་པས་མཁས་དབང་ཚེ་བརྟན་ཞངས་དྲུང་མཆོག་གིས་ཉམས་རྟོགས་ཡོན་ཏན་རི་བོང་རྭ་མཚུངས་ཕྱིར།  །  རྟོགས་བརྗོད་བྱ་བའི་མིང་ཡང་ཇི་ལྟར་རིགས།  ཞེས་གསུངས་པ་ལྟར་ཆོས་སྲིད་གཉིས་ཀའི་ཆ་ནས་ཀྱང་ཁྱད་དུ་འཕགས་པའི་གང་ཟག་གི་རྒྱུད་ཀྱི་ཉམས་རྟོགས་དང་ཡོན་ཏན་ངོ་མཚར་བ་ཞིག་གི་ཆེ་བ་དོན་དངོས་དང་རྟོག་བཏགས་ཟུང་དུ་སྦྲེལ་ཏེ་བརྗོད་པ་ཞིག་ཡིན།

རྣམ་ཐར་ཞེས་པ་ནི་བདག་ཉིད་ཆེན་པོ་ཞིག་གི་གཏན་བདེ་ཐར་བ་དང་། ཐམས་ཅད་མཁྱེན་པའི་གོ་འཕང་བདེ་བླག་ཏུ་བརྙེས་ཚུལ་རྣམས་གཙོར་བཟུང་ནས་བརྗོད་པའི་སྒྱུ་རྩོམ་གྱི་རྣམ་པ་ཞིག་ལ་རྗོད་ཀྱིན་ཡོད། རྣམ་ཐར་གྱི་བརྗོད་བྱ་ནི་དོན་དངོས་སུ་བྱོན་མྱོང་བའི་དམ་པ་ཞིག་གི་སྐུ་ཚེའི་ལོ་རྒྱུས་ཡིན་ལ། དེའི་བྱུང་རིམ་ཞིབ་ཅིང་རྒྱས། དང་པོ་རིགས་རུས་ཕུན་སུམ་ཚོགས་པར་སྐྱེ་བ་བཞེས་ཚུལ་ནས་བརྩམས་ཏེ་བར་དུ་རྟེན་དེ་ལ་ཡོན་ཏན་བརྙེས་ཚུལ། མཐར་མར་ཡོན་ཏན་ལ་མངའ་བརྙེས་ནས་བསྟན་པ་དང་འགྲོ་ཡོངས་ལ་སྨན་པའི་འཕྲིན་ལས་ཀྱི་བྱ་བ་མཛད་པའི་ཚུལ་བཅས་ཚུལ་གསུམ་གྱི་སྒོ་ནས་སྒྲིག་གཞི་གཏན་འབེབས་བྱས་ཡོད་ལ།  ཡང་ལ་ལ་ཞིག་གིས་བཞི་རུ་བསྡུ་བའམ་ལྔ་རུ་བསྡུས་ཏེ་འཆད་ཚུལ་ཡོད་མོད།  འོན་ཀྱང་སྤྱིར་བཏང་དུ་བརྗོད་ན་མི་རིགས་གི་སྐུ་ཚེ་གཞོན་པ་ནས་དར་མའི་དུས་དང་།  རྒན་པོའི་དུས་སོགས་སུ་དབྱེ་བ་མཛད་ཡོད་པའི་ནང་དུ་མ་འདུས་པ་མེད་དོ།  བོད་དུ་བྱུང་བའི་རྣམ་ཐར་རྩོམ་རིག་འདི་ལ་བྱེ་བྲག་ཏུ་བརྗོད་བྱའི་སྒོ་ནས་རང་རྣམ་དང་། གཞན་རྣམ། གསང་རྣམ་ལྟ་བུ་ཡོད་པ་དང་། རྗོད་བྱེད་ཀྱི་སྒོ་ནས་ཚིག་ལྷུག་དང་། ཚིགས་བཅད། སྤེལ་མ་སོགས་གང་རུང་ཞིག་སྣང་ལ། གཙོ་ཆེ་བ་ནི་སྤེལ་མའི་ལུས་ལ་བཅིངས་པ་ཤས་ཆེ་ལ་དེ་དག་གི་བརྗོད་བྱ་དོན་དངོས་ལ་གཞོལ་བ་ཤ་སྟག་ཡིན།

སྤྱིར་སྐྱེས་རབས་དང་རྟོགས་བརྗོད།  རྣམ་ཐར་བཅས་ལ་མ་བུ་ལྟ་བུའི་འབྲེལ་བ་གཏིང་ཟབ་མོ་ཞིག་ཡོད་ཀྱང་དེ་དག་གཅིག་ཏུ་འདོད་པ་དག་ནི་འཁྲུལ་བ་ཡིན་པས་འདི་དག་བར་གྱི་ཁྱད་པར་རྟོགས་དགོས་ལ།   སྐྱེས་རབས་ནི་རྟོགས་བརྗོད་དང་བསྡུར་ན་ཁྱབ་ཁུངས་ཧ་ཅང་ཆེ་སྟེ།  སྐྱེ་བ་གྲངས་མེད་པ་ཞིག་གི་ལོ་རྒྱུས་སངས་རྒྱས་རག་བར་དུ་བརྗོད་པ་ཞིག་ཡིན་པའི་དམ་པ་ལྷ་ཆོས་ཁོ་ནར་གཞོལ་བ་ཤ་སྟག་ཡིན།  རྟོགས་བརྗོད་ནི་དེ་དང་བསྡུར་ན་ཁྱབ་ཆུང་སྟེ་དམ་པ་ཞིག་གི་སྐུ་ཚེ་ཧྲིལ་བོ་ཞིག་གམ།  ཡང་ན་འབུར་དུ་ཐོན་པའི་བྱ་བ་རེ་འགའ་ཞིག་གཙོར་བཟུང་ནས་ཆོས་དང་སྲིད་གང་རུང་གི་འཕྲིན་ལས་རྗོད་ཀྱིན་ཡོད། རྣམ་ཐར་ནི་ཅུང་ཁྱབ་ཆེ་བར་སྣང་སྟེ་དགེ་བའི་བཤེས་གཉེན་ཞིག་གི་སྐུ་ཚེ་ཧྲིལ་བོར་དམ་པའི་ལྷ་ཆོས་ལ་འབད་ནས་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་བརྙེས་ཚུལ་གཙོར་བཟུང་ནས་ཕྲ་ཞིང་ཞིབ་པའི་སྒོ་ནས་བརྗོད་ཡོད་པ་འདི་གསུམ་ལ་ཁྱབ་ཆེ་ཆུང་གི་ཁྱད་པར་ཡོད་པར་བརྟེན་མཁྱེན་ལྡན་དག་གིས་རྙོག་བསྲེས་མི་ཡོང་བར་དབྱེ་བ་མཛད་རྒྱུ་གལ་ཆེའོ།  ། 


མཉམ་སྤྱོད།