དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

“ཏཱ་ལའི་བླ་མ”ཞེས་པའི་མཚན་གསོལ་སའི་ཆོས་སྡེ---ཆབ་ཆ་ཐེག་ཆེན་ཆོས་འཁོར་གླིང་གི་དགོན་གནས་ལ་དཔྱད་པ།

2025-05-22 15:37:43   |   311

རྩོམ་པ་པོ། ཆབ་འགག་རྟ་མགྲིན། ཡོང་ཁུངས། མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


【ནང་དོན་གནད་བསྡུས】ཏཱ་ལའི་བླ་མ་ཞེས་པའི་མཚན་གསོལ་སའི་ཆོས་སྡེ——ཆབ་ཆ་ཐེག་ཆེན་ཆོས་འཁོར་གླིང་ནི་སོག་པོའི་རྒྱལ་བློན་རྣམས་གྱིས་སྦྱིན་བདག་བྱས་ཤིང་རྒྱ་ནག་གི་བཟོ་བོ་མཁས་པས་བཞེངས་པ་དང་། མིང་གོང་མ་བན་ལིས་མཚན་གསོལ་བ། རྒྱལ་དབང་སྐུ་ཕྲེང་གསུམ་པས་རབ་གནས་མཛད་པའི་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆོས་སྡེ་ཆེན་པོ་ཞིག་ཡིན། འདི་ནི་རྒྱ་བོད་སོག་གསུམ་མི་རིགས་མཐུན་སྒྲིལ་དང་འཆམ་མཐུན། མཉམ་གནས་བྱུང་བའི་དན་རྟགས་དང་། མི་རིགས་སོ་སོའི་བློ་གྲོས་ཀྱི་ཉིང་བཅུད་ཡིན་མོད། དེ་ཉིད་གནས་གང་དུ་ཡོད་པའི་ཐད་ལ་ལྟ་ཚུལ་མི་འདྲ་བ་འགའ་བྱུང་ཡོད་པས། དཔྱད་རྩོམ་འདིར་ལོ་རྒྱུས་དེབ་ཐར་དང་དམངས་ཁྲོད་ངག་རྒྱུན། དགོན་ཤུལ་རྟོག་ཞིབ་སོགས་ལ་བརྟེན་ནས་ཕྱོགས་དང་ངོས་མང་པོ་ནས་ཞིབ་འཇུག་བྱས་ཏེ། ཆབ་ཆ་ཐེག་ཆེན་ཆོས་འཁོར་གླིང་གི་དགོན་གནས་དེ་མཚོ་སྔོན་ཞིང་ཆེན་གུང་ཧོ་རྫོང་གི་ཆབ་འགག ལུང་བའི་རྒྱལ་ར་མཁར་ཆག་ཅེས་པ་དེ་ཡིན་པར་བསྟན་ཡོད།

【གནད་ཚིག】རྒྱལ་དབང་གསུམ་པ། ཨལ་ཐན་རྒྱལ་པོ། ཆབ་ཆ་ཐེག་ཆེན་ཆོས་འཁོར་གླིང་། དགོན་ཤུལ་རྟོག་ཞིབ།

དང་པོ། ཆབ་ཆ་ཐེག་ཆེན་ཆོས་འཁོར་གླིང་བཞེངས་པའི་ལོ་རྒྱུས་རྒྱབ་ལྗོངས།

ཆབ་ཆ་ཐེག་ཆེན་ཆོས་འཁོར་གླིང་(རྒྱ་སྐད་དུ仰华寺ཟེར)ནི་རྒྱལ་དབང་གསུམ་པ་བསོད་ནམས་རྒྱ་མཚོའི་ཐུགས་བཀོད་ལྟར་ཇིང་གར་རྒྱལ་པོའི་ཚ་རབས་བཅུ་བདུན་པ་ཨལ་ཐན་རྒྱལ་པོ་དང་ཁོང་གི་སྲས་བཞི་པ་པིན་ཐུ་ཡིས་མགོ་འཛིན་མཛད་ནས་བཞེངས་པ་སྟེ། ཨལ་ཐན་རྒྱལ་པོས་མིང་གོང་མ་ཅ་ཅིན་གྱི་དུས་མགོ་ནས་ལོ་ངོ་བཅུ་ཕྲག་འགའི་རིང་ལ་ལྷོ་ཕྱོགས་སུ་ལྕགས་རི་རིང་པོ་དང་། ཤར་ཕྱོགས་སུ་ཆ་ཧར། ནུབ་ཕྱོགས་སུ་མཚོ་སྔོན། བྱང་ཕྱོགས་སུ་ཁལ་ཁ་སོགས་ས་ཆེན་པོའི་ཁྱོན་ལ་ཁ་ལོ་བསྒྱུར་ཐོག་མཚོ་སྔོན་གནས་གཞི་བྱས་ནས་སོག་པོའི་ཤོག་ཁ་སོ་སོ་གཅིག་གྱུར་བྱ་ཆེད། སྤྱི་ལོ1559ལོར་ནང་སོག་ནས་མཚོ་སྔོན་དུ་དཔུང་འཇུག་བྱས་ཏེ་སོག་པོའི་བྷེ་ཧར་ཤོག་ཁ་ཕམ་པར་བཏང་། དེའི་ཚེ་མཚོ་སྔོན་དུ་དགེ་ལུགས་པ་སྙན་གྲགས་ཧ་ཅང་ཆེ་ཞིང་། ཁྱད་པར་དུ་མཛོ་དགེ་ཨ་སེང་བླ་མ་ཞེས་པ་དང་ཧོ་ཐོག་ཐའི་སེ་ཆེན་ཧོང་ཐའི་ཅི་གཉིས་ཀྱིས་རྒྱལ་བ་བསོད་ནམས་རྒྱ་མཚོའི་སྐུ་གསུང་ཐུགས་ཀྱི་རྣམ་པར་ཐར་བ་སོགས་ཞིབ་ཏུ་ཞུས་ཤིང་དེ་ཉིད་ཕྱི་མར་ཕན་པའི་བླ་མར་གདན་འདྲེན་པའི་ཞུ་བ་བཏོན་པ་ལ་བརྟེན་ནས་རྗེ་ཉིད་ལ་མི་ཕྱེད་པའི་དད་པ་དབྱར་མཚོ་ལྟར་འཕེལ་བ་ཡིན། དེར་བརྟེན། ཨལ་ཐན་རྒྱལ་པོས་གཅིག་ན་ཆབ་སྲིད་ཀྱི་དམིགས་ཡུལ་མངོན་འགྱུར་བྱེད་པ་དང་། གཉིས་སུ་དད་མོས་ཀྱི་དགོས་མཁོ་བསྐོང་བའི་དོན་དུ། ཡོན་རྒྱལ་རབས་ཀྱི་གོང་མ་ཧུ་པི་ལེས་ས་སྐྱ་འགྲོ་མགོན་འཕགས་པ་གདན་འདྲེན་ཞུས་ནས་སངས་རྒྱས་ཀྱི་བསྟན་པ་འཕེལ་བར་མཛད་པའི་རྣམ་ཐར་ལ་དཔེ་འགེབས་བྱས་ཏེ། སྤྱི་ལོ་1576ནས་སྤྱི་ལོ1578བར་དུ་རྗེ་དེ་ཉིད་གདན་འདྲེན་གྱི་གསེར་ཡིག་པ་སྔ་གཞུག་ཐེངས་གསུམ་ལ་མངགས་པའི་དུས་མཚུངས་སུ། མཚོ་སྔོན་དུ་བཅའ་སྡོད་བྱེད་པའི་སྲས་བཞི་པ་པིན་ཐུ་ལ་དགོན་སྡེ་གསར་བཞེངས་བྱས་ནས་རྒྱལ་བ་བསོད་ནམས་རྒྱ་མཚོ་གདན་འདྲེན་པར་སྟ་གོན་བྱ་དགོས་པའི་བཀའ་ཕབ། དེ་ནས་ཨལ་ཐན་རྒྱལ་པོའི་སྲས་པིན་ཐུས་ཀྱང་ཡབ་ཀྱི་བཀའ་ལྟར་རྒྱ་ནག་གི་བཟོ་བོ་མཁས་པ་མང་པོ་བཀུག་ནས་རྒྱ་ལུགས་ཀྱི་གཙུག་ལག་ཁང་བཞེངས་ཤིང་། སྤྱི་ལོ1577ལོར་གཙུག་ལག་ཁང་དངོས་སུ་བཞེངས་གྲུབ་རྗེས། མིང་གོང་མ་བན་ལིར་མཚན་འདོགས་ཞུས་པ་ལྟར་ཡེང་ཧྭ་ཟི(仰华寺)ཞེས་པའི་མཚན་གསོལ།

སྤྱི་ལོ1577ལོའི་ཟླ11པར་རྒྱལ་བ་བསོད་ནམས་རྒྱ་མཚོ་འཁོར་མང་པོ་དང་བཅས་པ་ལྷ་ས་ནས་ཆིབས་ཁ་བསྒྱུར། སྤྱི་ལོ1578ལོར་སྤྱན་འདྲེན་པའི་རིམ་པ་གསུམ་གྱིས་བསུ་བ་ཞུ་བའི་སྒོ་ནས། མཚོ་སྔོན་པོའི་ལྷོ་ཕྱོགས་དང་རྨ་ཆུ་སྔོན་མོའི་བྱང་འགྲམ་གྱི་ཆབ་ཆ་ཐེག་ཆེན་ཆོས་འཁོར་གླིང་དུ་སྤྱན་འདྲེན་ཞུས་ནས་མཆོད་ཡོན་རྣམ་གཉིས་ཞལ་འཛོམས་བྱུང་། སྐབས་དེར་སོག་པོ་དང་བོད། རྒྱ། ཡུ་གུར་སོགས་རིགས་སོ་སོའི་དད་ལྡན་པ་འབུམ་ཕྲག་ལྷག་གིས་དགའ་བསུའི་ཡོ་ལང་རྒྱ་ཆེན་པོ་ཞུས་ཤིང་། མཆོད་ཡོན་མཇལ་བའི་དགའ་སྟོན་གྱི་ཐོག་མར་དངུལ་སྲང་ལྔ་བརྒྱ་ལས་གྲུབ་པའི་མཎྟལ། གསེར་གྱི་ཕོར་བ་ཡུལ་དབུས་ཀྱི་བྲེ་ཚད་ཤོང་བ་ཞིག་རིན་པོ་ཆེས་བཀང་བ་སོགས་འབུལ་བ་ཚད་མེད་པ་ཕུལ།དེ་ནས་ཨལ་ཐན་རྒྱལ་པོས་མི་རིགས་མི་གཅིག་པ་དུ་མའི་དབུས་སུ་གསེར་ལས་གྲུབ་པའི་དབུ་རྒྱན་བུམ་པ།རིགས་ལྔའི་ཕྱག་མཚན།གསེར་སྲང་བརྒྱ་ལས་གྲུབ་པའི་ཐམ་ཀ་ཁ་རིས་ལ། རྡོ་རྗེ་འཆང་ཏཱ་ལའི་བླ་མའི་ཐམ་ཀ་རྒྱལ་ཞེས་པ་ཞིག་དང་། ཏཱ་ལའི་བླ་མ་བཛྲ་ངྷ་ར་ཞེས་ཁྱབ་བདག་རྡོ་རྗེ་འཆང་གི་མཚན་བསྟོད་ཕུལ་པས། དུས་དེ་ནས་བཟུང་རྒྱལ་བ་སྐུ་ཕྲེང་རིམ་བྱོན་ལ་“ཏཱ་ལའི་བླ་མ”་སྟེ་རྒྱ་མཚོ་བླ་མ་ཞེས་པའི་མཚན་ཐོགས་པ་ཡིན། རྒྱལ་དབང་མཆོག་ནས་ཀྱང་ཨལ་ཐན་རྒྱལ་པོར་ཆོས་ཀྱི་རྒྱལ་པོ་ལྷའི་ཚངས་པ་ཞེས་པའི་མཚན་གནང་། དེ་ནས་མཆོད་ཡོན་མཇལ་བའི་ས་དེར་གཙུག་ལག་ཁང་རྒྱས་བཞེང་བྱེད་པའི་ས་འདུལ་མཛད་ཅིང་། རྒྱ་ནག་གི་བཟོ་བོ་མཁས་པ་མང་པོ་བཀུགས་ནས་རྒྱ་ལུགས་ཀྱི་གཙུག་ལག་ཁང་བཞེངས་ཏེ་རབ་གནས་རྒྱ་ཆེན་མཛད་པ་དང་། བོད་སྐད་ཀྱི་མཚན་ལ་ཆབ་ཆ་ཐེག་ཆེན་ཆོས་འཁོར་གླིང་ཞེས་གསོལ།

མདོར་ན། གཙུག་ལག་ཁང་དེ་ནི་རྒྱལ་བ་སྐུ་ཕྲེང་གསུམ་པས་ཐུགས་བཀོད་མཛད་པ་ལྟར་ཨལ་ཐན་རྒྱལ་པོ་དང་སྲས་པིན་ཐུ་གཉིས་ཀྱིས་འགོ་འཛིན་མཛད་ནས་བཞེངས་ཤིང་། དེ་རྒྱས་བཞེངས་ཀྱི་ས་འདུལ་མཛད་མཁན་དང་རབ་གནས་མཛད་མཁན་བོད་ཀྱི་བླ་མ་རྒྱལ་བ་བསོད་ནམས་རྒྱ་མཚོ་ཡིན་པ་དང་། བསྟན་པའི་སྦྱིན་བདག་མཛད་མཁན་ཨལ་ཐན་རྒྱལ་པོ་དང་སོག་རིགས་གཙོ་བྱས་པའི་མི་རིགས་མང་པོ་ཡིན་ལ། བཞེངས་མཁན་གྱི་བཟོ་བོ་མཁས་པ་རྒྱ་རིགས་ཡིན་པ། རྒྱ་སྐད་ཀྱི་མཚན་གསོལ་མཁན་མིང་རྒྱལ་རབས་ཀྱི་གོང་མ་བན་ལི་ཡིན་པ་དང་། བོད་སྐད་ཀྱི་མཚན་གསོལ་མཁན་རྒྱལ་བ་བསོད་ནམས་རྒྱ་མཚོ་ཡིན་པ་བཅས་ཀྱི་ངོས་ནས་བལྟས་ན། ཆབ་ཆ་ཐེག་ཆེན་ཆོས་འཁོར་གླིང་ནི་རྗེ་རིན་པོ་ཆེའི་ཞྭ་སེར་བསྟན་པ་དབུས་ནས་བྱང་དང་བྱང་ནས་ཤར་དུ་སྤེལ་ཞིང་འཕེལ་བའི་གནས་མཆོག་དམ་པ་དང་། རྒྱ་བོད་སོག་གསུམ་སོགས་མི་རིགས་སྣ་ཚོགས་འཆམ་མཐུན་མཉམ་གནས་བྱུང་བའི་འབྲས་རྟགས་སམ་ཤེས་རིག་གི་ཉིང་བཅུད་ཡིན་པར་ངེས།

གཉིས་པ། ཆབ་ཆ་ཐེག་ཆེན་ཆོས་འཁོར་གླིང་གི་གནས་ལ་དཔྱད་པ།

ཆབ་ཆ་ཐེག་ཆེན་ཆོས་འཁོར་གླིང་གི་གནས་ངོ་མ་གང་ཡིན་པའི་ཐད་ལ་སྔོན་ནས་བཤད་ཚུལ་མི་འདྲ་བ་འགའ་ཡོད་པ་སྟེ། ལ་ལས་མཚོ་སྔོན་པོའི་ཤར་ངོས་ཀྱི་བྱེ་མ་ལ་བདུན་བརྒྱུད་དུ་ཡོད་པར་བཤད། ལྟ་བ་དེའི་གཞི་འཛིན་གཙོ་བོ་ནི་རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོས་མཛད་པའི《རྗེ་བཙུན་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོའི་རྣམ་ཐར་དངོས་གྲུབ་རྒྱ་མཚོའི་ཤིང་རྟ》དང་། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱིས་མཛད་པའི《ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར》སོགས་རྣམ་ཐར་ལས། རྒྱལ་བ་བསོད་ནམས་རྒྱ་མཚོས་གདན་འདྲེན་གྱི་གསེར་ཡིག་པ་ཐེངས་དང་པོར“མཆོད་ཡོན་མཚོ་ཁར་ངོས་མཇལ་གནང་བའི་གང་ཅིའི་ཞིབ་ཆ་དང་།  རེ་ཞིག་བླ་མཆོད་དུ་འདུལ་བ་སློབ་དཔོན་བརྩོན་འགྲུས་བཟང་པོ་རྫོང་སྟ་མཛད།”ཅེས་འཁོད་པའི་“མཚོ་ཁ” དེ་མཚོ་སྔོན་པོའི་ཤར་འགྲམ་དུ་མཚོ་ཁ་ཞེས་པའི་ས་ཆ་ཞིག་ཡོད་པ་དེར་ངོས་བཟུང་ནས་བཤད་པ་ཡིན་པས་ཡིད་རྟོན་འཕར་བ་ཞིག་མ་རེད། རྒྱུ་མཚན་ནི།《རྒྱལ་བ་བསོད་ནམས་རྒྱ་མཚོའི་རྣམ་ཐར་དངོས་གྲུབ་རྒྱ་མཚོའི་ཤིང་རྟ》ནི་ལྷ་སར་རྩོམ་གནང་མཛད་ཅིང་། “མཚོ་ཁ”ཞེས་པ་ནི་ལྷ་ས་ནས་བསྟན་པའི་མཚོ་སྔོན་པོའི་ཉེ་འགྲམ་སྟེ་མཆོད་ཡོན་ཞལ་མཇལ་བའི་ཡུལ་རགས་ཙམ་བསྟན་པ་ལས། གནས་བྱེ་བྲག་པ་བསྟན་པ་མ་ཡིན། ཁ་ཅིག་གིས་《མདོ་སྨད་ཆོས་འབྱུང》ལས། “མཆོད་ཡོན་ཞལ་འཛོམས་སར་ས་འདུལ་མཛད་དེ། ཆབ་ཚ་ཐེག་ཆེན་ཆོས་འཁོར་གླིང་དུ་རྒྱ་ནག་གི་བཟོ་བོ་མཁས་པ་མང་པོ་བཀུག་ནས་བཞེངས་པའི་གཙང་ཁང་ལ...... ”ཞེས་བཀོད་པར་བརྟེན་ནས་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་གྱི་ཆབ་ཆ་རུ་ཡོད་པར་བཤད། ལ་ལས་མཚོ་སྔོན་པོའི་ཤར་ལྷོའི་ཕྱོགས་ཀྱི་རིག་སྨོན་གཞུང་དཔོན་སྐོར་གྲོང་ཚོར་མཁར་དཀར་ལྡང་ཞེས་པ། སོག་སྐད་དུ་ཆ་གན་ཞེས་པའི་གནའ་བོའི་མཁར་ཤུལ་གཉིས་ཡོད་པ་དེ་ཆབ་ཆ་ཐེག་ཆེན་ཆོས་འཁོར་གླིང་གི་དགོན་ཤུལ་དུ་ངོས་འཛིན་བྱེད་ཀྱིན་ཡོད་མོད། ལོ་རྒྱུས་ཡིག་ཚང་དུ་བཀོད་པ་ལྟར་ན། གནའ་བོའི་མཁར་རྙིང་དེ་ནི་ཆིང་རྒྱལ་རབས་ཀྱི་སྐབས་སུ་བཞེངས་ཤིང་། སོག་པོ་ཤོག་ཁ་སོ་སོའི་དཔོན་རིགས་མི་སྣས་མཚོ་སྔོན་པོ་མཆོད་ནས་མནའ་ཐོ་གཅོད་ས་ཡིན་པས། ལྟ་བ་དེ་ཡང་བདེན་པར་མི་སྙམ། ཡང་། ལ་ལས་མཚོ་སྔོན་པོའི་ནུབ་བྱང་ངམ་ད་ལྟའི་གུང་ཧོ་རྫོང་སྤྲེལ་ནག་ཞང་གི་བྱང་ངོས་སུ་ཡོད་པའི་ཐེལ་རྒྱའི་རྒྱ་མཁར་ཞེས་པའི་མཁར་རྙིང་དེ་ཡིན་པར་འདོད། ལྟ་བ་འདི་ཡང་ཡིད་རྟོན་འཕར་ཞིག་མ་ཡིན། རྒྱུ་མཚན་ནི། གཅིག་ལོ་རྒྱུས་ཀྱི་བསྟན་བཅོས་ཕལ་མོ་ཆེར་མཁར་རྙིང་དེ་འ་ཞའི་རྒྱལ་མཁར་དུ་ངོས་བཟུང་བ་དང་། གཉིས་ཆབ་ཆ་ཐེག་ཆེན་ཆོས་འཁོར་གླིང་དེ་མཚོ་སྔོན་པོའི་ནུབ་བྱང་ཕྱོགས་སུ་ཡོད་པ་ཡིན་ན། རྒྱལ་བ་བསོད་རྣམས་རྒྱ་མཚོ་ལྷ་ས་ནས་ཆབ་ཆ་ཐེག་ཆེན་ཆོས་འཁོར་གླིང་དུ་ཕེབས་དུས་རྨ་ཆེན་སྦོམ་རའི་ལྷོ་ཕྱོག་ནས་ཨ་རིག་དཀར་པོ་ཐང་དང་ཞིན་ཧེ་རྫོང་གི་ལྷང་ང་བརྒྱུད་ནས་མཚོ་སྔོན་པའི་ལྷོ་ཕྱོགས་ཀྱི་ཆབ་ཆ་ས་ཁུལ་དུ་ཕེབས་དོན་ཡོད་པ་མ་རེད། གསུམ་མཚོ་སྔོན་པོའི་ནུབ་བྱང་ཕྱོགས་སུ་ཆབ་ཆའམ་ཆབ་ཚ་ཞེས་པའི་ས་ཆ་ཞིག་ད་ལྟའི་བར་དུ་ཡོད་མ་མྱོང་པས།ལྟ་བ་འདི་ཡང་དོན་དང་ལྡན་པ་ཞིག་ཡིན་པར་མི་འདོད།

དེས་ན་ཆབ་ཆ་ཐེག་ཆེན་ཆོས་འཁོར་གླིང་གི་དགོན་གནས་དེ་དོན་དམ་དུ་གང་དུ་ཡོད་པ་ཡིན་ཞེ་ན། མི་རིགས་སོ་སོའི་ཡིག་ཚང་དུ་བཀོད་པ་དང་ཡུལ་དངོས་ལ་རྟོག་ཞིབ་བྱས་པ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི་ཆབ་ཆ་གྲོང་བརྡལ་ནས་བྱང་ངོས་སུ་སྤྱི་ལེ7ཙམ་ཡོད་པའི་ཆབ་འགག་ལུང་བའི་རྒྱ་ར་མཁར་ཆག་ཅེས་པ་དེ་ཡིན་པར་ངེས། རྒྱུ་མཚན་འདི་ལྟར།

གཅིག   ཡིག་ཚའི་ལུང་གིས་ཕྱུག་པ།

དེ་ཡང་སུམ་པ་ཡེ་ཤེས་དཔལ་འབྱོར(1704——1788)གྱི《ཆོས་འབྱུང་དཔག་བསམ་ལྗོན་བཟང》ལས། “མཚོ་སྔོན་གྱི་ལྷོ་ནུབ་ཐད་ཀྱི་རྨ་ཆུ་ཁའི་ཚབ་(ཆབ)ཆ་ཞེས་པའི་སར་རྒྱལ་པོ་བྱོན་ནས་མཇལ་འཕྲད་(སྟག་ལོའི་ལྔ་བའི་ཉ)བྱས་ཚེ་རྒྱལ་པོས་ཏྰ་ལའི་བླ་མ་བཛྲ་ངྷ་རའི་མཚན་གསོལ་ཞིང་དེར་ཐེག་ཆེན་ཆོས་འཁོར་གླིང་ཞེས་པའི་དགོན་གཞི་(དེང་སང་མེད)ཡང་ཆགས།”ཞེས་བཀོད་ཡོད། སུམ་པ་ཡེ་ཤེས་དཔལ་འབྱོར་ནི་སྤྱི་ལོ1704ལོར་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་གྱི་ཐོ་ལེ་ཞེས་པ་ནས་སྐུ་འཁྲུངས་པའི་སོག་པོའི་དགེ་བཤེས་ཤིག་ཡིན་ཞིང་། ཁོང་གི་གསུང་སྤྲོས་འདི་ལས་གནད་དོན་གཉིས་གསལ་བཤད་མཛད་ཡོད། གཅིག་ནི་ཆབ་ཆ་ཐེག་ཆེན་ཆོས་འཁོར་གླིང་ནི་མཚོ་སྔོན་པོའི་ལྷོ་ཕྱོགས་སུ་སྤྱི་ལེ30ཡོད་པ་དང་། རྨ་ཆུ་སྔོན་མོའི་བྱང་ཕྱོགས་སུ་སྤྱི་ལེ25ཡོད་པའི་ཆབ་འགག་ལུང་བ་ན་ཡོད་པ་ལས་མཚོ་སྔོན་པོའི་མཚོ་འགྲམ་དུ་མེད་པ་དང་། གཉིས་ནི་སུམ་པ་ཡེ་ཤེས་དཔལ་འབྱོར་གྱིས་སྤྱི་ལོ1748ལོར་《ཆོས་འབྱུང་དཔག་བསམ་ལྗོན་བཟང》་རྩོམ་གནང་མཛད་དུས་ཆབ་ཆ་ཐེག་ཆེན་ཆོས་འཁོར་གླིང་མེར་བསྲེགས་ཟིན་པ་རེད། གསུངས་སྒྲོས་འདི་ཡང་ལོ་རྒྱུས་ཀྱི་དོན་དངོས་དང་ཡོངས་སུ་མཐུན་པར་ངེས། རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་《རང་རྣམ》དུ་ཁོང་ཉིད་པེ་ཅིན་ནས་བོད་དུ་ཕྱིར་ལོག་པའི་ལམ་བར་གྱི་མཛད་པ་གསུང་དུས་ཀྱང་འདི་ལྟར་བཀོད་ཡོད། “སྤྱི་ལོ1653ལོའི་ཟླ7པའི་ཚེས་ཉེར་དྲུག་ལ་ཆ་གན་ཐོ་ལོ་གོ་ནས་བཏེག་མཚོ་ཕྱུག་པོ་བ་ཡན་ནོར་དུ་འབྱོར། པདྨ་སྐུ་སྐྱེ་ལ་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་དང་བླ་མའི་རྣལ་འབྱོར། ཆུ་བཟང་ཆོས་རྗེ་དཔལ་འབྱོར་རྒྱ་མཚོ་གྲྭ་བཅས་ལ་མི་འཁྲུགས་པའི་མངོན་དཀྱིལ་གྱི་ལུང་། ཆབ་ཆཱ་ལྷ་ཁང་གི་ཉེ་འདབས་སུ་སྐུ་འབུམ་ཆོས་རྗེ་དང་ཟི་ན་ནང་སོ་ལ་ཕྱག་ན་རྡོ་རྗེ་གོས་སྔོན་ཅན་གྱི་རྗེས་གནང་རྣམས་བྱས།”ཞེས་བཀོད་ཡོད། དེས་ན་“ཆ་གན་ཐོ་ལོ་གོ”ཞེས་པ་ནི་སོག་སྐད་དེ་རི་མགོ་དཀར་པོ་ཞེས་པའི་དོན་ཡིན་ཞིང་། མཚོ་ལྷོ་ཁུལ་གུང་ཧོ་རྫོང་རིག་སྨོན་གྲོང་བརྡལ་ནས་བྱང་ཕྱོགས་སུ་སྤྱི་ལེ14ཙམ་ཡོད་པའི་དཔལ་འཁོར་གྲོང་ཚོའི་དགུན་ས་ན་ཡོད་ཅིང་། དེའི་བྱང་འགྲམ་དུ་ཆ་གན་མཁར་ཡོད། “བ་ཡན་ནོར”་ཞེས་པའང་སོག་སྐད་དེ་མཚོ་ཕྱུག་པོ་ཞེས་པའི་དོན་ཡིན། དེ་ནི་རིག་སྨོན་གཞུང་ནས་ནུབ་ཕྱོགས་སུ་སྤྱི་ལེ14ཙམ་ཡོད་པའི་ས་ན་ཡོད་ཅིང་། ད་ལྟ་ཀུན་གྱིས་“尕海”ཞེས་རྒྱ་མིང་གིས་འབོད་ཅིང་ས་གནས་རང་གི་འབྲོག་པ་ཚོས་ད་དུང་བན་ཡན་ནོར་མཚོ་ཞེས་འབོད་ཀྱིན་ཡོད། “ཆབ་ཆཱ་ལྷ་ཁང”ནི་ཆབ་ཆ་ཐེག་ཆེན་ཆོས་འཁོར་གླིང་སྟེ་རྒྱ་སྐད་དུ仰华寺ཞེས་པ་དེ་བསྟན་པར་ངེས། དེས་ན་རྒྱལ་དབང་ལྔ་པ་ཆེན་པོས་ཁོང་ཉིད་རིག་སྨོན་གཞུང་གི་ཆ་གན་ཐོ་ལོ་གོ་ནས་བ་ཡན་ནོར་མཚོ་དང་། ཆབ་ཆ་ལྷ་ཁང་གི་ཉེ་འདབས། དེ་ནས་རིམ་བཞིན་ཨ་རིག་ཆུ་ཚན་ཁར་ཕེབས་ཚུལ་གསུངས་པ་ལས་ཀྱང་ཆབ་ཆ་ཐེག་ཆེན་ཆོས་འཁོར་གླིང་བ་ཡན་ནོར་མཚོའམ尕海滩ནས་ནུབ་ཕྱོགས་སུ་སྤྱི་ལེ20ཙམ་ཡོད་པའི་ཆབ་འགག་ལུང་བར་ཡོད་པར་བསྟན་ཡོད། དེ་བཞིན་《མདོ་སྨད་ཆོས་འབྱུང་》ལས་ཀྱང་མཆོད་ཡོན་གཉིས་ཞལ་འཛོམས་ས་ཆབ་ཆ་ས་ཁུལ་དུ་ས་འདུལ་མཛད་ནས་ཆབ་ཚ་ཐེག་ཆེན་ཆོས་འཁོར་གླིང་བཞེངས་ཚུལ་བཀོད་ཡོད་པ་གོང་དུ་དྲངས་ཟིན་པ་ལྟར་རོ།།

སོག་ཡིག་གི་ལོ་རྒྱུས་ཡིག་ཚང་དུའང་ཆབ་ཆ་ཐེག་ཆེན་ཆོས་འཁོར་གླིང་ནི་མཚོ་སྔོན་ཞིང་ཆེན་གུང་ཧོ་རྫོང་གི་ཆབ་འགག་ལུང་བར་ཡོད་པར་བསྟན་ཡོད། དཔེར་ན། སྤྱི་ལོ1662ལོར་བརྩམས་གྲུབ་བྱུང་བའི་《ཧོར་གྱི་བྱུང་རབས》《蒙古源流》ལས།“གདན་འདྲེན་གྱི་གསེར་ཡིག་པ་[དང་པོ]་རྣམས་ཕྱིར་ལོགས་རྗེས།[གཡས་རུ]་དུད་ཁྱིམ་སུམ་ཁྲི་དང་བགྲོས་ནས།མཚོ་སྔོན་གྱི་ཆབ་ཆ་ས་ཁུལ་དུ་དགོན་སྡེ་བཞེངས། མེ་གླང་ལོ་(1577)གཡས་རུ་དུད་ཁྱིམ་སུམ་ཁྲི་[རྒྱལ་བ་བསོད་ནམས་རྒྱ་མཚོ]་གདན་འདྲེན་དུ་འོངས་ནས་ཆབ་ཆ་ལྷ་ཁང་དུ་བསུ་བ་ཡིན།”ཞེས་པ་དང་།“ཨལ་ཐན་རྒྱལ་པོས་[མཐའ་འཁོབ་མུན་པའི་གླིང་དཀར་པོར་བྱས་པའི་བརྡ་ཆད་དུ་]སྐུ་ལ་གོས་དཀར་པོ་གསོལ་བ་དང་། ཆིབས་སུ་རྟ་དཀར་པོ་བཅིབས་ནས། འཁོར་ཁྲི་ཕྲག་དང་བཅས་པས་རྒྱལ་བ་ཐམས་ཅད་མཁྱེན་པ་མཆོག་ཆབ་ཆ་དགོན་དུ་བསུ་བ་ཡིན།”ཅེས་བཀོད་པ་དང་། ཡེ་མིན་གྱིས་དུས་རབས་བཅུ་དྲུག་པའི་སྨད་ནས་བཅུ་བདུན་པའི་མགོ་ཙམ་ལ་རྩོམ་གནང་མཛད་པའི་《ཨལ་ཐན་རྒྱལ་པོའི་རྟོགས་བརྗོད》(佚名《阿勒坦汗传》)ལས།“རྒྱལ་པོ་དམ་པའི་[ཨལ་ཐན]་བཀའ་ལྟར་རྟབ་རྟབ་པོར་ལམ་ལ་ཆས་ཏེ་དལ་འགྱངས་མེད་པར་མཚོ་སྔོན་པོའི་ཆབ་ཆ་ས་ཁུལ་དུ་འོངས་ནས། རྒྱ་བོད་སོག་གསུམ་གྱི་དགོན་པ་བཞེངས་པར་རྒྱལ་དབང་བསོད་ནམས་རྒྱ་མཚོ་ཡུལ་གཞན་ནས་ཆབ་ཆ་ལྷ་ཁང་དུ་ཕེབས་ནས། ཨལ་ཐན་རྒྱལ་པོ་དང་མཇལ་རྗེས་ཞལ་གསུང་འདི་འདྲ་མཛད་པ་སྟེ།“འཁོར་ལོས་བསྒྱུར་པའི་རྒྱལ་པོ་ལྷའི་ཚངས་པ་ཆེན་པོ་སླར་ཡང་སོག་པོའི་ས་ཁུལ་དུ་བྱོན་ནས།སངས་རྒྱས་ཀྱི་ཆོས་འཕེལ་བར་བྱེད་པའི་དགོན་སྡེ་ལེགས་པོར་བཞེངས་པ་ཡིན།”ཞེས་གསུངས་⑧པར་བཀོད་ཡོད། གོང་གསལ་སོག་ཡིག་གི་ལོ་རྒྱུས་ཡིག་ཚང་དུ་ཆབ་ཆ་ཐེག་ཆེན་ཆོས་འཁོར་གླིང་བཞེངས་པའི་ལོ་རྒྱུས་རྒྱབ་ལྗོངས་དང་རྒྱལ་དབང་བསོད་ནམས་རྒྱ་མཚོ་བསུ་བའི་གནས་ཚུལགསལ་བོར་བཀོད་པ་དང་ཆབས་ཅིག མཆོད་ཡོན་ཞལ་འཛོམས་བྱུང་ས་ཆབ་ཆ་ཐེག་ཆེན་ཆོས་འཁོར་གླིང་དེ་མཚོ་སྔོན་ཞིང་ཆེན་གུང་ཧོ་རྫོང་གི་ཆབ་འགག་ལུང་བར་ཡོད་པའང་གསལ་བོར་བཀོད་ཡོད།

ཡང་།《མིང་ཧྲི་ལོའུ》(《明实录》བྱ་བ་ལས།“ཧྲུན་དབྱི་ཝང(顺义王)་ཨལ་ཐན་གྱིས་མཚོ་སྔོན་པོའི་འགྲམ་དུ་དགོན་སྡེ་བཞེངས་ནས་མཚན་འདོགས་ཞུས་པས། གོང་མས་ཡེང་ཧྭ་ཟི(仰华寺)ཞེས་པའི་མཚན་གསོལ།”ཞེས་བཀོད་ཡོད། ལོ་རྒྱུས་ཀྱི་ཐོ་འགོད་འདི་ལས་ཆབ་ཆ་ཐེག་ཆེན་ཆོས་འཁོར་གླིང་ནི་མཚོ་སྔོན་པའི་འགྲམ་བརྒྱུད་དུ་བཞེངས་ཡོད་པ་གསལ་བོར་བསྟན་ཅིང་།ཏིན་རོས་ལིན་དང་ཁྲིན་ཆིན་དབྱིན་སོགས་ཀྱིས་བརྩམས་པའི་《ཡོན་རྒྱལ་རབས་ཚུན་གྱི་བོད་ལྗོངས་ས་ཁུལ་དང་ཀྲུང་དབྱང་སྲིད་གཞུང་བར་གྱི་འབྲེལ་བར་དཔྱད་པ》ཅེས་པ་ལས་ཆབ་ཆ་ཐེག་ཆེན་ཆོས་འཁོར་གླིང་བཞེངས་སའི“མཚོ་སྔོན་པོའི་འགྲམ་བརྒྱུད་”ཅེས་པ་དེ་མཚོ་སྔོན་པོའི་ལྷོ་འགྲམ་གྱི་ཆབ་འགག་ལུང་བར་ངོས་བཟུང་ཡོད་དེ། “རྒྱལ་བ་བསོད་ནམས་རྒྱ་མཚོས་ད་དུང་མཆོད་ཡོན་ཞལ་འཛོམས་བྱུང་བའི་གནས་སུ་ཆབ་ཆ་ཐེག་ཆེན་ཆོས་འཁོར་གླིང་ཞེས་པའི་ཆོས་སྡེ་ཞིག་ཀྱང་བཏབ་པ་ཡིན”ཞེས་བཀོད་པས་སོ།།

 མདོར་ན། གོང་དུ་དྲངས་པའི་བོད་རྒྱ་སོག་གསུམ་གྱི་ལོ་རྒྱུས་ཡིག་ཚང་ཡོད་དོ་ཅོག་གིས་རྒྱལ་བ་བསོད་ནམས་རྒྱ་མཚོ་དང་ཨལ་ཐན་རྒྱལ་པོ་མཆོད་ཡོན་ཞལ་འཛོམས་བྱུང་སའི་ཆབ་ཆ་ཐེག་ཆེན་ཆོས་འཁོར་གླིང་ནི་ད་ལྟའི་མཚོ་སྔོན་ཞིང་ཆེན་གུང་ཧོ་རྫོང་གི་ཆབ་འགག་ལུང་བར་ཡོད་པར་བསྟན་ཡོད།

གཉིས།  དགོན་ཤུལ་གྱི་རྒྱ་ཁྱོན་དང་ལོ་རྒྱུས་ཀྱི་ཐོ་འགོད་ཡོངས་སུ་མཐུན་པ།

ཆབ་ཆ་ཐེག་ཆེན་ཆོས་འཁོར་གླིང་གི་བཟོ་བསྐྲུན་དང་རྒྱ་ཁྱོན་གྱི་སྐོར་ལོ་རྒྱུས་ཡིག་ཚང་མང་པོར་ཞིབ་ཏུ་བཀོད་ཡོད་དེ། དཔེར་ན།《རྒྱལ་བ་བསོད་ནམས་རྒྱ་མཚོའི་རྣམ་ཐར་དངོས་གྲུབ་རྒྱ་མཚོའི་ཤིང་རྟ》ལས། “མཆོད་ཡོན་མཇལ་བའི་ས་དེར།གཙུག་ལག་ཁང་བཞེང་བའི་ས་བཏུལ་ཏེ། རྒྱ་ནག་གི་བཟོ་བོ་མཁས་པ་མང་པོ་བཀུག་ནས་བཞེངས་པའི་གཙང་ཁང་ལ་དུས་གསུམ་སངས་རྒྱས་དང་། རྗེ་བླ་མ། རྗེ་ཉིད་ཀྱི་སྐུ་འདྲ། གཡས། གཡོན། མདུན་གསུམ་དུ་འཇིགས་བྱེད།  སྤྱན་རས་གཟིགས་རྣམས་ཀྱི་ལྷ་ཁང་རེ་རེ་ལ་ཀ་བ་བཅུ་དྲུག་གི་ཁྱོན་ཙམ་ཡོད་པ་དེའི་བར་དུ། སེམས་དཔའ་དང་གནོད་སྦྱིན་གཉིས་ཀྱི་ལྷ་ཁང་། པེ་དཀར་ལྕོག། མདུན་གྱི་གཡས་གཡོན་དུ་གཟིམས་ཆུང་འོད་གསལ་ཕོ་བྲང་དང་བདེ་ཆེན་ཕོ་བྲང་། ཐམས་ཅད་ལ་རྒྱ་ཕིབས་སོགས་རྒྱ་ནག་གི་ལུགས་སུ་བཞེངས། ལྕགས་རི་རིམ་པ་གསུམ་གྱིས་བསྐོར་བ་མིང་ཐེག་ཆེན་ཆོས་འཁོར་གླིང་དུ་བཏགས།”ཞེས་བཀོད་ཡོད། གསུང་སྒྲོས་འདི་ལྟར་ན་ཆབ་ཆ་ཐེག་ཆེན་ཆོས་འཁོར་གླིང་གི་བཟོ་བསྐྲུན་ནི། འདུ་ཁང་གཅིག་དང་ལྷ་ཁང་བཞི། ཕོ་བྲང་གཉིས། ལྕགས་རི་རིམ་པ་གསུམ་བཅས་ལས་གྲུབ་སྟེ། ཆོས་ལུགས་ཀྱི་དགོན་སྡེ་དང་ཆབ་སྲིད་ཀྱི་ཕོ་བྲང་ཟུང་དུ་འབྲེལ་བའི་བཟོ་བསྐྲུན་རྒྱ་ཆེ་ཞིང་བཀོད་པ་ཁྭད་དུ་འཕགས་པ་ཞིག་རེད། དེར་བརྟེན། ཁ་ཅིག་གིས་ཆབ་ཆ་ཐེག་ཆེན་གླིང་གི་དགོན་ཤུལ་དུ་ངེས་པའི“ཆ་གན་མཁར”་ནི་གཞི་ཁྱོན་ཆུང་པས་བཟོ་བསྐྲུན་དེ་འདྲ་རྒྱ་ཆེན་པོ་ཤོང་ཐབས་མེད་པར་མ་ཟད།ས་དེར་མཁར་གསར་རྙིང་གཉིས་ཀྱི་རྗེས་ཤུལ་ཡོད་པས་ལོ་རྒྱུས་ཡིག་ཚང་གི་ཐོ་འགོད་དང་ཡང་མི་མཐུན། ཡིན་ནའང་། ཆབ་འགག་ལུང་བའི་རྒྱལ་ར་མཁར་ཆག་ནི་དེ་དང་མི་འདྲ་སྟེ། སྤྱི་ལོ1958ལོའི་མཆོང་སྐྱོད་ཆེན་པོའི་ལས་འགུལ་གྱི་སྐབས་སུ་དགོན་པའི་ལྕགས་རི་ལ་གཞི་བྱས་ནས་ཆུ་མཛོད་ལས་པས། ནུབ་ངོས་དང་བྱང་ངོས་ཀྱི་ལྕགས་རི་དུམ་བུ་ལས་ལྕགས་རི་ཧྲིལ་བོའི་རྣམ་པ་མཐོང་ཐབས་མེད་ཀྱང་། མཁར་ཤུལ་ཧྲིལ་བོའི་རིང་ཚད་ལ་སྨི800ལྷག་ཡོད་པས། ལོ་རྒྱུས་ཡིག་ཚང་དུ་བཀོད་པའི་ཆབ་ཆ་ཐེག་ཆེན་ཆོས་འཁོར་གླིང་གི་བཟོ་བསྐྲུན་ཡོངས་རྫོགས་ཤོང་ཐུབ་ངེས་རེད།

གསུམ། དགོན་ཤུལ་དང་ཤུལ་རྟེན་རྣམས་ལོ་རྒྱུས་ཡིག་ཚང་གི་ཐོ་འགོད་དང་ཀུན་ནས་མཐུན་པ།

སྤྱི་ལོ1596ལོར་མིང་རྒྱལ་རབས་ཀྱིས་མཚོ་སྔོན་གྱི་སོག་པོའི་ཤོག་ཁ་སོ་སོས་འཕྲོ་རིམ་འཕྲོར་དོན་རྐྱེན་བཟོས་པ་རྒྱུ་མཚན་དུ་བཀོད་ནས་ཆབ་ཆ་ཐེག་ཆེན་ཆོས་འཁོར་གླིང་མེར་བསྲེགས་པའི་རྗེས་སུ། སྤྱི་ལོ1958ལོར། ལྕགས་རིར་གཞི་བྱས་ནས་ཆུ་མཛོད་ལས་པས། དགོན་ཤུལ་ཧྲིལ་པོར་གཏོར་བརླག་ཚབས་ཆེན་ཐེབས་ཤིང་སྔོན་གྱི་བཟོ་བསྐྲུན་གྱི་ཁྱད་ཆོས་མཐོང་ཐབས་བྲལ་མོད། ལྕགས་རིའམ་མཁར་ཆག་གི་ལྷོ་བྱང་གཉིས་ཀྱི་སྲིད་ལ་སྨི200ཙམ་ཡོད་པ་དང་ཤར་ནུབ་གཉིས་ཀྱི་བྱང་ལ་སྨི205ཡོད་ལ། མཐོ་ཚད་ལ་སྨི2.8དང་རྟིང་གི་ཞེང་ལ་སྨི2.3ཡོད་པ། སྟེང་གི་ཞེང་ཚད་ལ1.8ཡོད། དགོན་པའི་ལྕགས་རིའི་རྒྱ་ཁྱོན་དང་བཟོ་བཀོད་ལས་བལྟས་ན། ཆབ་ཆ་ཐེག་ཆེན་ཆོས་འཁོར་གླིང་གི་བཟོ་བཀོད་ནི་མཚོ་སྔོན་ཞིང་ཆེན་ལའོ་ཏུའུ་རྫོང་གི་གྲོ་ཚང་རྡོ་རྗེ་འཆང་དང་མིན་ཧོ་རྫོང་གི་ཧོང་ཧྭ་ཟི། མཛོ་མོ་མཁར་སོགས་མིང་རྒྱལ་རབས་དུས་ཀྱི་བཟོ་བཀོད་དང་ཀུན་ནས་འདྲ་བ་སྟེ། ལྕགས་རི་གྲུ་བཞིས་བསྐོར་བའི་རྒྱ་ལུགས་ཀྱི་བཟོ་བསྐྲུན་ཁྱད་ཆོས་མངོན་ཡོད། དེ་མིན་ལྷ་སའི་ནོར་བུ་གླིང་ཁའི་རྟག་བརྟན་མི་འགྱུར་ཕོ་བྲང་གི་ཚོམས་ཆེན་ལྷོ་མ་སྲིད་ཞི་འདོད་རྒུའི་ལྡེབས་བྲིས་ཁྲོད་ཀྱི་ཆབ་ཆ་ཐེག་ཆེན་ཆོས་འཁོར་གླིང་ལས་ཀྱང་དགོན་སྡེ་དེར་ལྕགས་རི་གྲུ་བཞི་རིམ་པ་གསུམ་དང་རྒྱ་ལུགས་ཀྱི་བཟོ་བསྐྲུན་ཁྱད་ཆོས་མངོན་པར་གསལ་པ་བདེན་དཔང་བྱེད་ཐུབ། དེ་སྔ་ཆུ་མཛོད་ལས་པར་ཞུགས་པའི་ས་དེའི་རྒན་པོ་རྣམས་ཀྱིས་བཤད་པ་ལྟར་ན། སྐབས་དེར་ཆུ་མཛོད་ལས་དུས་ལྷ་སྐུ་མང་པོ་དང་ལྡེབས་རིས། ཆོས་དཔེ། སོལ་བ། ཅོང་སོགས་ཤུལ་རྟེན་ཧ་ཅང་མང་པོ་ཐོན་པ་དང་། ཁོ་བོས་ཀྱང་བྱིས་པའི་དུས་སུ་གསེར་ཆུ་བྱུགས་པའི་ལྷ་སྐུ་ཆག་དུམ་མཐོང་མྱོང་། ཤུལ་རྟེན་དེ་དག་ད་ལྟ་གར་སོང་ཆ་མེད་དུ་གྱུར་མོད། ཀ་རྡོ་དང་དར་ཤིང་གི་རྨང་རྡོ། རྫ་གཡམ་ཆག་རོ། རྫ་གཡམ་གྱི་ཝ་ཆུ། དགོན་པ་མེར་བསྲེགས་པའི་ཐལ་བ་ནག་པོ་དང་སོལ་བ་སོགས་ད་དུང་གང་སར་མཐོང་རྒྱུ་ཡོད་ལ། སྤྱི་ལོ2016ལོར་མཚོ་སྔོན་ཞིང་ཆེན་གྱི་རིག་རྫས་དང་གནའ་རྫས་བརྟག་ཞིབ་ཁང་གིས་ཡུལ་དངོས་སུ་ཚོད་ལྟའི་སྔོག་འདོན་བྱེད་དུས་ཀྱང་ལྷ་སྐུ་ཆག་དུམ་མང་པོ་དང། འདྲ་འབོག འཇིམ་བཟོས་པདྨ། ཕྲ་རྒྱན། རྡོ་དང་ས་ཕག་གི་བརྩིགས་རྟིང་སོགས་སོན་རྙེད་བྱུང་བ་གཤམ་གསལ། ཤུལ་རྟེན་དེ་དག་གི་རི་མོ་དང་ཁྱད་ཆོས་ལས་ཀྱང་ཆབ་ཆ་ཐེག་ཆེན་ཆོས་འཁོར་གླིང་གི་བཟོ་བསྐྲུན་ལ་རྒྱ་ལུགས་ཀྱི་ཁྱད་ཆོས་གསལ་པོ་ཡོད་པ་ར་སྤྲོད་བྱེད་ཐུབ། རྒྱུ་མཚན་ནི། བོད་ལུགས་ཀྱི་དགོན་པའི་བཟོ་སྐྲུན་ལ་རྫ་གཡམ་གྱི་ཝ་ཆུ་སོགས་བཟོ་སྐྲུན་གྱི་རྒྱུ་ཆ་མི་བཀོལ་བ་དང་། དགོན་པ་ཕལ་ཆེ་བའི་བཟོ་སྐྲུན་ནི་རང་བྱུང་གི་ས་དབྱིབས་ལ་བསྟུན་ནས་བཞེངས་པ་ལས། ལྕགས་རི་གྲུ་བཞིས་བསྐོར་མེད་པས་སོ།། དེར་བརྟེན། ཆབ་ཆ་ཐེག་ཆེན་ཆོས་འཁོར་གླིང་གི་བཟོ་བཀོད་དང་དགོན་ཤུལ་ནས་ཐོན་པའི་རིག་རྫས་ནི་《མདོ་སྨད་ཆོས་འབྱུང》ལས།“མཆོད་ཡོན་ཞལ་འཛོམས་སར་ས་འདུལ་མཛད་དེ།ཆབ་ཚ་ཐེག་ཆེན་ཆོས་འཁོར་གླིང་དུ་རྒྱ་ནག་གི་བཟོ་བོ་མཁས་པ་མང་པོ་བཀུག་ནས་བཞེངས་པའི་གཙང་ཁང་......ཐམས་ཅད་ལ་རྒྱ་ཕིབས་སོགས་རྒྱ་ནག་གི་ལུགས་ལྟར་དང་།ལྕགས་རི་རིམ་པ་གསུམ་གྱིས་བསྐོར”ཞེས་པའི་ཐོ་འགོད་དང་ཡོངས་སུ་མཐུན་པ་རེད།

བཞི། དམངས་ཁྲོད་ཀྱི་ངག་རྒྱུན་དང་ལོ་རྒྱུས་ཀྱི་ཐོ་འགོད་གཉིས་མཐུན་པ།

ཆབ་འགག་ལུང་བའི་རྒྱལ་ར་མཁར་ཆག་སྟེ་ཆབ་ཆ་ཐེག་ཆེན་ཆོས་འཁོར་གླིང་གི་དགོན་ཤུལ་ནས་བྱང་ཤར་དུ་སྨི150ཙམ་གྱི་ས་ན་མཆོད་རྟེན་གཉིས་ཀྱི་རྗེས་ཤུལ་ཡོད་ཅིང་། དེ་གཉིས་ཀྱི་བར་དུ་མིང་ལ་དྲག་རྩལ་རྡོ་རྗེ་ཐོག་མདའ་ཞེས་པའི་ལབ་ཙེ་ཞིག་ཡོད། ས་དེའི་དམངས་ཁྲོད་ཀྱི་ངག་རྒྱུན་ལ་ལབ་ཙེ་དེའི་གནས་བདག་ནི་དེ་སྔ་ཆབ་ཆ་ཐེག་ཆེན་གླིང་གི་དགོན་བདག་གམ་ཨལ་ཐན་རྒྱལ་པོའི་སྲས་བཞི་པ་པིན་ཐུ་ཡིན་ཞིང་། ཁོང་ཉིད་ཆབ་ཆ་ཐེག་ཆེན་ཆོས་འཁོར་གླིང་ལ་ཞེན་ཆགས་པས་ཚེ་ལས་འདས་རྗེས་སྐྱེས་པ་མ་བཞེས་པར་གནས་དེར་ཆབ་ཆ་ཐེག་ཆེན་གླིང་སྲུང་ཞིང་དེའི་ལྷ་སྡེ་རྣམས་ལ་མགོན་སྐྱོབ་མཛད་བཞིན་མཆིས་ཟེར། གཞི་བདག་དེའི་བསང་མཆོད་ལས་ཀྱང་།“ཟ་འོག་བརྩེགས་པའི་མི་བསགས་གཡང་གཞིའི་སྟེང་།། སྤྲུལ་བ་སྣ་ཚོགས་ཉི་འོད་རྡུལ་ལྟར་འཁྲིགས།། ཐ་མའི་སྣང་ཚུལ་ལ་ལ་རྒྱལ་པོ་དང་།། ཕལ་ཆེར་བླ་སེར་སྔགས་པའི་ཚུལ་དུ་བསྟན།།”ཞེས་སྐབས་འགར་རྒྱལ་པོ་དང་སྐབས་འགར་བླ་མ་སེར་མོའི་ཚུལ་དུ་བྱོན་པར་བཀོད་ཡོད། དམངས་ཁྲོད་ཀྱི་ངག་རྒྱུན་དང་ཡིག་ཚགས་ཀྱི་ཐོ་འགོད་འདིའི་རིགས་ལ་ཆོས་ལུགས་ཀྱི་བྲོ་བ་ངེས་ཅན་ལྡན་མོད། ང་ཚོས་ཆབ་ཆ་ཐེག་ཆེན་ཆོས་འཁོར་གླིང་གི་དགོན་གནས་དང་ལོ་རྒྱུས་ལ་བརྟག་དཔྱད་ཞིབ་འཇུག་བྱེད་པར་ཟུར་བལྟའི་རིན་ཐང་ཆེན་པོ་ལྡན་པར་ཐེ་མི་ཚོམ། ཡང་། ས་དེའི་ངག་རྒྱུན་དང་《ཆབ་ཆ་དགོན་གསར་བཀྲ་ཤིས་ཐེག་མཆོག་གླིང་གི་གདན་རབས》་སུ་བཀོད་པ་ལྟར་ན། མིང་རྒྱལ་རབས་ཀྱི་དམག་དཔུང་གིས་ཆབ་ཆ་ཐེག་ཆེན་ཆོས་འཁོར་གླིང་མེར་བསྲེགས་ཀྱང་དེའི་གྲྭ་རྒྱུན་དུས་རབས་ཉིས་ཤུ་པའི་མགོ་བར་དུ་གཏན་ནས་ཆད་མ་མྱོང་། སྤྱི་ལོ1902ལོར་སླེབས་དུས་ཁོང་ཚོ་ཆབ་འགག་ལུང་བའི་སོར་རྒྱག་གྲོང་ཚོར་འདུས་ནས་གུར་དགོན་གྱི་ཚུལ་དུ་གནས་པ་ལ་ལྷ་སའི་སེ་ར་དགོན་པའི་སེར་བྱས་མཁས་སྙན་གྲྭ་ཚང་གི་མཁན་པོ་གྲགས་པ་བརྩོན་འགྲུས་སྐུ་ཕྲེང་གཉིས་པའམ། དགེ་ལུགས་པའི་མ་དགོན་བྱ་ཁྱུང་ཐེག་ཆེན་ཡོན་ཏན་དར་རྒྱས་གླིང་གི་མཁན་རབས91པ་རྗེ་འཇམ་དབྱངས་འཇིགས་མེད་ཐུབ་བསྟན་ཆོས་འབྱོར་རྒྱ་མཚོ་ལགས་ཀྱིས་ཆབ་འགག་ས་ཆའི་མི་རིགས་སོ་སོའི་དད་ལྡན་མང་ཚོགས་ཀྱི་རེ་འདོད་ལྟར། ཆབ་ཆ་ཐེག་ཆེན་ཆོས་འཁོར་གླིང་གི་གྲྭ་རྒྱུན་དང་དེའི་གུར་དགོན་ལ་གཞི་བྱས་ནས་ཆབ་ཆ་ཐེག་ཆེན་ཆོས་འཁོར་གླིང་བསྐྱར་བཞེངས་མཛད། དགོན་གནས་གསར་པར་སྤོར་བའི་རྐྱེན་གྱིས་མཚན་ལའང་“ཆབ་ཆ་དགོན་གསར་བཀྲ་ཤིས་ཐེག་མཆོག་གླིང”་ཞེས་གསོལ་བ་རེད།

གསུམ་པ། ཆབ་ཆ་ཐེག་ཆེན་ཆོས་འཁོར་གླིང་གི་དགོན་ཤུལ་སྲུང་སྐྱོབ་བྱེད་པའི་དོན་སྙིང་གལ་ཆེན།

ཆབ་ཆ་ཐེག་ཆེན་ཆོས་འཁོར་གླིང་ནི་གནས་པའི་དུས་ཡུན་མི་རིང་ནའང་དོན་སྙིང་ཧ་ཅང་ཆེ་ཞིང་། ལོ་རྒྱུས་ཀྱི་ནུས་པ་ཁྱད་དུ་འཕགས་པ་བསྐྱེད་པར་ངེས། དེ་ཉིད་སྐབས་དེའི་མཚོ་སྔོན་ས་ཆའི་ཆབ་སྲིད་དང་རིག་གནས་ཀྱི་ལྟེ་བ་བྱས་ནས། བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་བསྟན་པ་མཚོ་སྔོན་དང་ཡུན་ནན། ཆབ་མདོ། ནང་སོག་ས་ཁུལ་དུ་ཁྱབ་སྤེལ་བྱེད་པར་ནུས་པ་གལ་ཆེན་བསྐྱེད་པར་མ་ཟད། མི་རིགས་ཀྱི་མཐུན་སྒྲིལ་ཡར་སྐུལ་དང་མེས་རྒྱལ་གྱི་གཅིག་གྱུར་སྲུང་སྐྱོབ་བྱེད་པ་དང་། མཐའ་མཚམས་ཀྱི་བདེ་འཇགས་སྲ་བརྟན་བྱེད་ཅིང་། སོག་པོའི་རྗེས་ལུས་ཀྱི་གོམས་སྲོལ་བཅོས་བསྒྱུར་བྱེད་པ། བོད་བརྒྱུད་ནང་བསྟན་དགེ་ལུགས་པ་དང་མིང་རྒྱལ་རབས་བར་གྱི་འབྲེལ་བ་ཇེ་དམ་དུ་གཏོང་བ། རྒྱལ་བ་བསོད་ནམས་རྒྱ་མཚོ་དང་ཨལ་ཐན་རྒྱལ་པོའི་མཚན་སྙན་ཇེ་རྒྱས་སུ་འགྲོ་བ་བཅས་ལ་ནུས་པ་གལ་ཆེན་ཐོན་པ་ཡིན། ལོ་རྒྱུས་ཀྱི་རིན་ཐང་དང་རིག་གནས་ཀྱི་རིན་ཐང་ཧ་ཅང་མཐོ་བའི་དགོན་ཤུལ་འདི་སྲུང་སྐྱོབ་དང་གཅེས་སྤྲས་བྱེད་པ་ནི། མི་རིགས་ཀྱི་ལོ་རྒྱུས་དང་ཕུལ་དུ་བྱུང་བའི་སྲོལ་རྒྱུན་ལ་བརྩི་མཐོང་བྱས་པ་དང་། མི་རིགས་ཀྱི་སྒྱུ་རྩལ་རྩ་ཆེན་སློབ་སྦྱོང་དང་རྒྱུན་འཛིན་བྱས་པ་ཡིན་པས། ལོ་རྒྱུས་ལ་སློབ་སྦྱོང་དང་རྒྱུས་ལོན་བྱེད་ཅིང་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་སུ་གཏོང་ཆེད། འབྲེལ་ཡོད་སྡེ་ཁག་གིས་འདི་ལ་གཙིགས་ཆེན་བྱེད་པ་དང་། ཧུར་བརྩོན་གྱིས་འབྲེལ་ཡོད་ཆེད་མཁས་རྩ་འཛུགས་བྱས་ཏེ་ཕྱོགས་ཡོངས་ནས་རྟོག་དཔྱོད་ཞིབ་མོ་བྱེད་པར་མ་ཟད། ཞིང་ཆེན་རིམ་པའི་རིག་རྫས་སྲུང་སྐྱོབ་སྡེ་ཁག་ཏུ་སྙན་གསེང་ཞུས་ཤིང་། མཚན་བྱང་རྡོ་རིང་བརྩེངས་ནས་ཡང་བསྐྱར་གནོད་སྐྱོན་མི་འབྱུང་བ་བྱ་དགོས། རྒྱལ་ཁྲིམས་ལ་བརྟེན་ནས་དགོན་ཤུལ་སྲུང་སྐྱོབ་བྱེད་པའི་དུས་མཚུངས་སུ། བསྐྱར་དུ་བཞེངས་པའི་ཆབ་ཆ་དགོན་གསར་བཀྲ་ཤིས་ཐེག་མཆོག་གླིང་འཛུགས་སྐྲུན་བྱེད་པར་ཤུགས་བསྣོན་དགོས། དེ་ཡང་ད་ལྟའི་འདུ་ཁང་གི་རྨང་གཞིའི་སྟེང་དེ་སྔ་ཆབ་ཆ་ཐེག་ཆེན་ཆོས་འཁོར་གླིང་གི་བཟོ་བསྐྲུན་གྱི་བཀོད་པ་དང་རྒྱ་ཁྱོན། ཁྱད་ཆོས་བཅས་ལྟར་འཇིགས་བྱེད་ལྷ་ཁང་དང་སྤྱན་རས་གཟིགས་ཀྱི་ལྷ་ཁང་། སེམས་དཔའ་དང་གནོད་སྦྱིན་ལྷ་ཁང་།དེ་མིན་བདེ་ཆེན་ཕོ་བྲང་དང་གཟིམས་ཆུང་འོད་གསལ་ཕོ་བྲང་སོགས་གསབ་བཞེངས་བྱེད་པར་ཞུ། དེ་ལྟར་བྱས་ན་ཆབ་ཆ་ཐེག་ཆེན་ཆོས་འཁོར་གླིང་གི་དགོན་ཤུལ་སྲུང་སྐྱོབ་བྱས་པར་མ་ཟད། དགོན་སྡེ་དེའི་གྲྭ་རྒྱུན་དང་བཟོ་སྐྲུན་གྱི་བཀོད་པ། སྒྱུ་རྩལ་གྱི་ཁྱད་ཆོས་སོགས་ཀྱི་རྒྱུན་ཡང་བསྐྱངས་པ་རེད། འདི་ལྟ་བུའི་དངོས་ཡོད་ཀྱི་དོན་སྙིང་ལྡན་པའི་སྲུང་སྐྱོབ་དང་རྒྱུན་འཛིན་གྱི་ལས་དོན་ལ་འབད་ན་ད་གཟོད་ཆབ་ཆ་ཐེག་ཆེན་ཆོས་འཁོར་གླིང་དེ་སླར་ཡང་སངས་རྒྱས་ཀྱི་བསྟན་པ་འཕེལ་ཞིང་རྒྱས་པ་དང་། སྔར་གྱི་ལོ་རྒྱུས་དང་རིག་གནས་ལ་རྒྱུས་ལོན་བྱེད་པའི་གནས་མཆོག་ཏུ་གྱུར་ནས། སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པ་དང་། འགྲོ་བ་ཡོངས་ལ་བདེ་སྐྱིད་འབྱུང་བ། རྒྱལ་ཁབ་ཀྱི་ལྷང་འཇགས་སྲུང་སྐྱོབ་བྱེད་པར་ནུས་པ་སྔར་ལས་ལྷག་པ་བསྐྱེད་ངེས་རེད།

གསལ་བཤད།

①ཆབ་འགག་ཅེས་པ་ནི་ཆབ་ཆ་འགག་ཅེས་པའི་བསྡུས་མིང་ཡིན།

②④རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་གསུང་འབུམ་(11)[M]·པེ་ཅིན་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།  2009  138, 137

③ཡོངས་འཛིན་ཡེ་ཤེས་རྒྱལ་མཚན·ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་[M]བོད་ལྗོངས་མི་དམངས་དཔེ་སྐྲུན།  1990: 789

⑤སུམ་པ་ཡེ་ཤེས་དཔལ་འབྱོར·སུམ་པ་ཆོས་འབྱུང་དཔག་བསམ་ལྗོན་བཟང་[M]ལན་གྲུ: ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1992:586

⑥རྒྱལ་དབང་བློ་བཟང་རྒྱ་མཚོ·རྒྱལ་དབང་ལྔ་པའི་རང་རྣམ་[M] ·ལྷ་ས: བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།1991;429

⑦(清)萨网彻辰·蒙古文历史文献汉译—蒙古源流[M]·呼和浩特;内蒙古大学出版社。2041;269,320

⑧佚名·阿勒坦汗传[M]·呼和浩特;内蒙古大学出版社。2014;94,100,95

⑨邓锐龄,陈庆英·元以来西藏地方中央政府关系研究[M]·北京:中国藏学出版社。2005;289.

⑩བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས·མདོ་སྨད་ཆོས་འབྱུང[m] ·ལན་གྲུ; ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།1982;28

1.jpg

①遗址卫星图

2.jpg

②南北向城墙

3.1.jpg

③柱石
4.jpg

3.jpg

④经幡基石

⑤佛像残片

10.jpg

⑥土制莲花

11.jpg

⑦石刻

⑧青瓦残片

⑨土坯

16.jpg

⑩面具

17.jpg

⑪焚烧寺院残留的灰烬

18.jpg

⑫拉萨罗布林卡·斯喜堆吉殿壁画中的仰华寺

19.jpg

⑬鄂博“峙宰多儿杰托达”

20.jpg

⑭恢复重建的仰华寺(恰卜恰新寺吉祥大乘寺)

(འདྲ་པར་འདོན་སྤྲོད་བྱེད་མཁན:①⑤⑥⑦⑨མཚོ་སྔོན་ཞིང་ཆེན་གྱི་རིག་རྫས་དང་་གནའ་རྫས་བརྟག་ཞིབ་ཁང་གིས་འདོན་སྤྲོད་བྱས། ⑧ གུང་ཧོ་རྫོང་རིག་གནས་ཅུས་འདོན་སྤྲོད་བྱས།


མཉམ་སྤྱོད།