དེ་རིང་ནི2025ལོའི་ཟླ08པའི་ཚེས06ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རིག་གནས་མིའི་རིགས་རིག་པ་དང་དེའི་ཞིབ་འཇུག་ཐབས་ལམ་སྐོར་མདོར་ཙམ་གླེང་བ།

2025-08-06 16:03:55   |   206

རྩོམ་སྒྲིག  སངས་རྒྱས་སྐྱིད།   ཡོང་ཁུངས།  རྩེར་སྙེག     བཤེར་འབེབས།   རིན་ཆེན་ཚེ་རིང་།


01.jpg

འབའ་སྟོད་ཚེ་དབང་རྡོ་རྗེ། 1973ལོར་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་འབའ་རྫོང་སུམ་མདོ་སྡེ་བར་སྐྱེས། མི་རིགས་རིག་པའི་འབུམ་རམས་པ། མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་དགེ་རྒན་ཆེན་མོ་དང་། མི་རིགས་རིག་པའི་ཆེད་ལས་ཀྱི་འབུམ་རམས་པའི་མཛུབ་སྟོན་དགེ་རྒན། ཞིང་ཆེན་རིམ་པའི་མཐོ་རིམ་སློབ་གྲྭའི་རྐང་འཛིན་དགེ་རྒན་བཅས་ཡིན། སྔ་ཕྱིར་ཞིབ་འཇུག་སློབ་མ་དང་དངོས་གཞི་སློབ་མ་རྣམས་ལ《རིག་གནས་མིའི་རིགས་རིག་པ》《བོད་རིག་པ་སྤྱི་བཤད》《རྒྱ་བོད་རྩོམ་རིག་ལོ་ཙཱ》སོགས་སློབ་ཁྲིད་བྱས་མྱོང་། 《ཀྲུང་གོའི་བོད་རིག་པ》སོགས་རིག་གཞུང་དུས་དེབ་སྟེང་རྒྱ་བོད་ཡིག་རིགས་གཉིས་ཀྱི་ལམ་ནས་དཔྱད་རྩོམ་ལྔ་བཅུ་ལྷག་སྤེལ་ཅིང་། བསྒྱུར་དཔེ་གསུམ་དང་སློབ་དེབ་བཞི། རིག་གཞུང་ཆེད་དེབ་གསུམ་བཅས་དངོས་སུ་པར་བསྐྲུན་བྱས། མིག་སྔར་བར་རྒྱལ་ཁབ་རིམ་པའི་ཞིབ་འཇུག་ལས་གཞི་གསུམ་ཙམ་ལ་མགོ་འཛིན་བྱས་ཏེ་ཡོངས་སུ་གྲུབ་ལ། སློབ་གྲྭ་རིམ་པའི་ལས་གཞི་གསུམ་ཙམ་བསྒྲུབས།  ཞིང་ཆེན་དང་སློབ་གྲྭ་རིམ་པའི་སློབ་ཁྲིད་བྱ་དགའ་གསུམ་ཙམ་དང་། རྒྱལ་ཁབ་རིམ་པའི་ཞིབ་འཇུག་བྱ་དགའ་གཅིག ཞིང་ཆེན་དང་སློབ་གྲྭ་རིམ་པའི་ཞིབ་འཇུག་བྱ་དགའ་མང་པོ་བླངས་མྱོང་ངོ་།།

དང་པོ། རིག་གནས་མིའི་རིགས་རིག་པའི་གོ་དོན།

རིག་གནས་མིའི་རིགས་རིག་པ་ཞེས་པ་ནི་འགྲོ་བ་མི་དང་རིག་གནས་ལ་ཞིབ་འཇུག་བྱེད་པའི་ཚན་རིག་ཅིག་གམ། ཡང་ན་རིག་གནས་ཀྱི་ཆ་ནས་འགྲོ་བ་མིའི་རིགས་ལ་ཞིབ་འཇུག་བྱ་བའི་ཚན་རིག་ཅིག་ལ་བྱ་ཞེས་བརྗོད་ཀྱང་ཆོག དེ་ཡང་དབང་གྲགས་ཅན་གྱི《སྟབས་བདེའི་པོ་ལེ་ཏེན་ཤེས་བྱ་ཀུན་བཏུས》ལས་དེ་ལ"མིའི་རིགས་ཀྱི་སྤྱི་ཚོགས་ཁྲོད་དུ་བྱུང་བའི་བྱ་སྤྱོད་དང་། དད་མོས། གོམས་གཤིས་དང་སྤྱི་ཚོགས་རྩ་འཛུགས་བཅས་ལ་ཞིབ་འཇུག་བྱ་བའི་བསླབ་ཚན་ཞིག་ལ་བྱ"⑴ཞེས་མཚན་ཉིད་བཀོད་ཡོད་པ་དང་། དབྱིན་ཇིའི《སྤྱི་ཚོགས་ཚན་རིག་གི་ཤེས་བྱ་ཀུན་བཏུས》ལས།"རིག་གནས་མིའི་རིགས་རིག་པའི་དོ་སྣང་བྱ་ཡུལ་ནི་སྤྱི་ཚོགས་ཁྲོད་ན་གནས་པའི་འགྲོ་བ་མི་དང་དེའི་སྦྱངས་གོམས་ནས་བྱུང་བའི་བྱ་སྤྱོད་རྣམ་པ་ཡིན་པ་ལས། ལྷན་སྐྱེས་ནས་རྒྱུད་འཛིན་བྱས་པའི་བྱ་སྤྱོད་རྣམ་པ་མ་ཡིན་ནོ།།"⑵ཞེས་གསུངས། དེ་ལ་ཨ་རིའི་མཁས་པW.H.ཧོ་ཨར་མའོ་སིས(W.H.Holmes)1901ལོར་ཐེངས་དང་པོར་རིག་གནས་མིའི་རིགས་རིག་པ་ཞེས་པའི་བརྡ་ཆད་འདི་གསར་དུ་བཏོན་པ་དང་། དེར་དབྱིན་ཡིག་གིསCultural Anthropologyཞེས་ཟེར། བརྡ་ཆད་འདི་བཏོན་པའི་དམིགས་ཡུལ་ནི། སྐྱེ་དངོས་ཀྱི་ཆ་ནས་འགྲོ་བ་མིའི་རིགས་ལ་ཞིབ་འཇུག་བྱ་བའི་གཟུགས་གཞི་མིའི་རིགས་རིག་པ་དང་ཁྱད་པར་འབྱེད་པའི་ཆེད་དུ་ཡིན། རྒྱུ་མཚན་ནི་འགྲོ་བ་མིའི་རིགས་ཀྱི་རིག་གནས་ཁྱད་ཆོས་ལ་ཞིབ་འཇུག་བྱ་རྒྱུ་ནི་དེའི་ཡར་སྔོན་ནས་བྱུང་ཡོད་མོད། ཕལ་ཆེ་བ་ཞིག་གཟུགས་གཞི་མིའི་རིགས་རིག་པ་དང་མཉམ་དུ་བསྲེས་ནས་སྤྱོད་བཞིན་ཡོད་ལ། མིའི་རིགས་རིག་པའམ་ཡང་ན་མི་རིགས་རིག་པའི་ཞིབ་འཇུག་གི་ཁོངས་སུ་བསྡུས་ཡོད་པས་སོ།།

རིག་གཞུང་འདི་ནི་དང་ཐོག་ཡོ་རོབ་གླིང་དང་ཨ་མེ་རི་ཁ་སོགས་ཀྱིས་གཙོས་པའི་ནུབ་གླིང་གི་རྒྱལ་ཁབ་སོ་སོར་དར་བ་དང་། འཛམ་གླིང་རང་བཞིན་གྱི་འབྲེལ་ཡོད་ཞིབ་འཇུག་འབྲས་བུ་དང་སྤྱི་ཚོགས་བྱེད་ནུས་ཀྱང་ཧ་ཅང་མི་དམན་པར་བླངས་ཡོད་ལ། རྒྱལ་ཁབ་སོ་སོའི་སློབ་གྲྭ་ཆེན་མོ་མང་པོ་ཞིག་ཏུ་ཆེད་ལས་ཀྱི་ཞིབ་འཇུག་སྡེ་ཁག་དང་སློབ་གསོའི་སྒྲིག་གཞི་བཙུགས་ནས་འབྲེལ་ཡོད་ཀྱི་ཤེས་ལྡན་མི་སྣ་འབོར་ཆེན་བསྐྱེད་བསྲིང་བྱས་དང་བྱེད་བཞིན་མཆིས། དེ་ཡང་ང་ཚོས་མཁྱེན་གསལ་བཞིན། དུས་རབས་བཅུ་དགུ་བའི་དུས་དཀྱིལ་ཙམ་ནས་ནུབ་གླིང་གི་རིག་གཞུང་སྡེ་ཡོངས་སུ་ཏར་ཝིན་གྱི་འཕེལ་འགྱུར་སྨྲ་བའི་བསམ་བློས་ཁྱབ་ཡོད་དེ། འཇིག་རྟེན་གྱི་བྱ་དངོས་མཐའ་དག་ནི་དམའ་རིམ་ནས་མཐོ་རིམ་དང་། སྟབས་བདེ་ནས་རྙོག་འཛིང་གི་ཕྱོགས་སུ་གོམ་སྟབས་རེ་རེ་བཞིན་ འཕེལ་འགྱུར་བྱུང་དང་འབྱུང་བཞིན་ཡོད་པར་བསྟན། ཕྱིས་སུ་དབྱིན་ཇིའི་མཁས་པ་ཨད་ཏི་དཔའ·ཐཱད་ལི་དང་ཨ་རིའི་མཁས་པ་ཧིན་ལེ·མོར་ཀིན་རྣམ་གཉིས་ཀྱིས་ཏར་ཝིན་གྱི་འཕེལ་འགྱུར་སྨྲ་བའི་བསམ་བློ་དེ་རང་གི་འགྲོ་བ་མིའི་རིགས་ཀྱི་ཞིབ་འཇུག་ཕྱོགས་སུ་བཀོལ་ཞིང་། སོ་སོར《གདོད་མའི་རིག་གནས》དང《གནའ་རབས་སྤྱི་ཚོགས》ཞེས་པའི་བརྩམས་ཆོས་མིང་གྲགས་ཅན་གཉིས་བརྩམས། ལྷག་པར་དུ་སྔ་མ་དེས་ཐེངས་དང་པོར་ཚན་རིག་གི་དོན་སྙིང་སྟེང་ནས"རིག་གནས"ཞེས་པར་མཚན་ཉིད་བཀོད་ཅིང་། རིག་གནས་མིའི་རིགས་རིག་པའི་ཞིབ་འཇུག་བྱ་ཡུལ་དང་བརྗོད་བྱ་གཙོ་བོ་སོགས་ལ་འགྲེལ་བཤད་གང་ལེགས་མཛད། གོང་གི་བརྩམས་ཆོས་འདི་གཉིས་པར་དུ་བསྐྲུན་པ་ནི་མིའི་རིགས་རིག་པའི་གྲུབ་མཐའ་དང་པོ་སྟེ་གནའ་རབས་འཕེལ་འགྱུར་སྨྲ་བ་བྱུང་བའི་མཚོན་རྟགས་སུ་ངེས་ཤིང་རིག་གཞུང་འདི་ཉིད་སྒེར་ཚུགས་ཅན་གྱི་བསླབ་ཚན་ཞིག་ཏུ་གྲུབ་པར་ངོས་འཛིན་རུང་། ཕྱིས་སུ་རིག་གཞུང་དེའི་སྐོར་གྱི་རིག་པའི་དཔའ་བོ་མང་དུ་བྱོན་ནས་རིམ་གྱིས་འཕེལ་རྒྱས་སུ་བཏང་བས་སྔ་ཕྱིར་ཁྱབ་སྤེལ་སྨྲ་བ་དང་ལོ་རྒྱུས་དམིགས་བསལ་སྨྲ་བ། ཧྥ་རན་སིའི་སྤྱི་ཚོགས་རིག་པ་སྨྲ་བ། དབྱིན་ཇིའི་བྱེད་ནུས་སྨྲ་བ། འཕེལ་འགྱུར་སྨྲ་བ་གསར་མ། མཚོན་དོན་རིང་ལུགས། གྲུབ་ཚུལ་རིང་ལུགས། འགྲེལ་བཤད་སྨྲ་བ་སོགས་འཐུས་ཚབ་རང་བཞིན་གྱི་གྲུབ་མཐའ་ཆེན་པོ་བཅུ་ཙམ་བྱུང་ཞིང་།   འབྲེལ་ཡོད་ཀྱི་བརྩམས་ཆོས་ཀྱང་མི་ཉུང་བ་ཞིག་བརྩམས་ཏེ་རིག་པའི་གཞུང་ལུགས་དང་ཞིབ་འཇུག་ཐབས་ལམ་སོགས་ལ་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མངོན་པར་གསལ་བའི་རིག་ཚན་ཞིག་ཏུ་གྱུར་བ་འདིའོ།།

དེང་དུས་མིའི་རིགས་ཀྱི་སྐྱེ་དངོས་རང་བཞིན་དང་རིག་གནས་རང་བཞིན་ལ་ཞིབ་འཇུག་མཛད་པའི་རིག་གཞུང་འདི་གཟུགས་གཞི་མིའི་རིགས་རིག་པ་དང་རིག་གནས་མིའི་རིགས་རིག་པ་ཞེས་ཕྱོགས་ཆེན་པོ་གཉིས་སུ་འཕེལ་བ་དང་། དེ་ལས་ཕྱི་མ་དེར་ཡང་ནང་གསེས་སུ་གནའ་དཔྱད་མིའི་རིགས་རིག་པ་དང་སྐད་བརྡའི་མིའི་རིགས་རིག་པ་། སྤྱི་ཚོགས་རིག་གནས་མིའི་རིགས་རིག་པ་ཞེས་རིག་ཚན་ཡན་ལག་གསུམ་དུ་འབྱེད་པ་ཡིན་ནོ།། 

གཉིས་པ། རིག་གནས་མིའི་རིགས་རིག་པའི་ཞིབ་འཇུག་ཐབས་ལམ་གཙོ་བོ།

མིའི་རིགས་རིག་པ་བྱུང་ནས་ལོ་ངོ་བརྒྱ་ཕྲག་འགའ་འདས་པའི་འཕེལ་རིམ་ཁྲོད་དུ་རང་གི་ཐུན་མོང་མ་ཡིན་པའི་ཞིབ་འཇུག་ཐབས་ལམ་མ་ལག་ཅིག་གྲུབ་འདུག་ཅིང་། དེར་གཞུང་ལུགས་གྲུབ་མཐའ་མང་དུ་བྱུང་བའང་དོན་གྱིས་དེའི་ཞིབ་འཇུག་ཐབས་ལམ་མི་འདྲ་བའི་ཁྱད་པར་ལ་རག་ལས་པ་ཡིན། རིག་གཞུང་གང་ཞིག་གི་ཐུན་མོང་མ་ཡིན་པའི་ངོ་བོ་དང་ཁྱད་ཆོས་སོགས་ཀྱང་ཚད་ངེས་ཅན་ཞིག་ཏུ་དེའི་ཞིབ་འཇུག་ཐབས་ལམ་གྱི་ཐུན་མིན་རང་བཞིན་དེས་ཐག་བཅད་པ་ཡིན། དེར་བརྟེན་ཞིབ་འཇུག་ཐབས་ལམ་ཤེས་རྟོགས་བྱ་རྒྱུ་ནི་རིག་གཞུང་འདི་ཉིད་ལ་འཇུག་པའི་གོམ་རིམ་གལ་ཆེན་ཞིག་ཡིན་ནོ།།

གཅིག ཡུལ་དངོས་རྟོག་ཞིབ་ནི་རིག་གནས་མིའི་རིགས་རིག་པའི་ཞིབ་འཇུག་ཐབས་ལམ་གཙོ་བོ་ཡིན། མིའི་རིགས་རིག་པའི་གཞུང་ལུགས་གྲུབ་མཐའ་གང་ཞིག་ཀྱང་དཔྱད་གཞིའི་རྒྱུ་ཆ་འབོར་ཆེན་ཞིག་གི་རྨང་གཞིའི་སྟེང་བསྐྲུན་པ་ཡིན་ལ། རྒྱུ་ཆ་དེའང་སྔར་ཡོད་དཔེ་དེབ་དང་ཡིག་ཆ་གང་རུང་ལས་བྱུང་བ་མ་ཡིན་ལ་རང་བྱུང་ཚན་རིག་ལྟར་ཡུན་རིང་གི་ཚོད་ལྟ་ལས་བྱུང་བའང་མིན་ཏེ། དེ་ནི་མིའི་རིགས་རིག་པའི་ཡུལ་དངོས་རྟོག་ཞིབ་ལས་བྱུང་བ་ཡིན། དེས་ན་ཡུལ་དངོས་རྟོག་ཞིབ་ཅེས་པ་ནི། སྤྱི་ཚོགས་ཤིག་གམ་དེའི་འཚོ་བར་དངོས་སུ་ཞུགས་ནས་ཡུན་རིང་ལ་ཉམས་སུ་མྱོང་བ་དང་བརྟག་དཔྱད་མཛད་པ་སྟེ། ཨ་རིའི་མིའི་རིགས་རིག་པ་སྨྲ་བC.ཨིན་པོ་དངM.ཨིན་པོ་ལགས་ཀྱིས"དུས་རབས་ཉི་ཤུ་བའི་དུས་མགོ་ནས་བཟུང་སྟེ་མིའི་རིགས་རིག་པ་སྨྲ་མཁན་ཚོས་ཤེས་རྟོགས་བྱུང་བ་ཞིག་ལ། ཚན་རིག་རིན་ཐང་ལྡན་པའི་ཞིབ་འཇུག་གྲུབ་འབྲས་གང་ཞིག་གསར་གཏོད་མཛད་དགོས་ན། ཚན་རིག་པ་གཞན་དག་གིས་རང་གི་ཞིབ་འཇུག་བྱ་ཡུལ་ལ་ཞིབ་འཇུག་གནང་བ་ཇི་བཞིན་རང་གི་འཇུག་ཡུལ་དེར་ཞིབ་དཔྱོད་ གནང་དགོས་ཏེ། མ་ལག་ལྡན་པའི་སྒོ་ནས་ལྟ་ཞིབ་བྱ་དགོས། རིག་གནས་ལ་ཡང་དག་པའི་སྒོ་ནས་ཞིབ་འབྲི་བྱ་ཆེད་ཁོ་ཚོས་ཞིབ་འཇུག་བྱ་ཡུལ་གྱི་མི་རིགས་དེ་དང་མཉམ་དུ་འཚོ་བ་རོལ་ཞིང་། སྤྱི་ཚོགས་དེ་དག་གི་བྱ་གཞག་གལ་ཆེན་རྣམས་ལ་ལྟ་ཞིབ་དང་ཐ་ན་ དེར་དངོས་སུ་ཞུགས་པར་མ་ཟད། གཞི་སྡོད་པ་དེ་དག་ལ་ཁོ་ཚོའི་ཡུལ་སྲོལ་སོགས་བཅར་འདྲི་མཛད་པ་ཡིན། འདི་ནི་མིའི་རིགས་རིག་པ་སྨྲ་བས་ཡུལ་དངོས་རྟོག་ཞིབ་མཛད་པ་ཡིན།"⑶ཞེས་གསུངས་པ་བཞིན་ནོ།།

ནུབ་གླིང་མིའི་རིགས་རིག་པའི་སྡེ་ལ་མཚོན་ན། ཡུལ་དངོས་རྟོག་ཞིབ་ནི་ཞིབ་འཇུག་གི་རྒྱུ་ཆ་འཚོལ་བསྡུ་བྱ་བའི་ཆེས་རྩ་བའི་ཐབས་ལམ་དང་འབྱུང་ཁུངས་ཡིན་ཏེ། དེ་ལ་ཨ་རིའི་མིའི་རིགས་རིག་པའི་མཁས་པR.M.ཅི་ཞིན་ལགས་ཀྱིས"ཡུལ་དངོས་རྟོག་ཞིབ་ཅེས་པ་ནི་གཞིས་ཁུལ་ཞིག་དང་དེའི་འཚོ་བའི་རྣམ་པ་སོགས་ལ་ཡུན་རིང་ལ་ཞིབ་འཇུག་མཛད་པ་སྟེ། ཕྱོགས་མང་པོ་ཞིག་ནས་བརྗོད་ཀྱང་ཡུལ་དངོས་རྟོག་ཞིབ་ནི་མིའི་རིགས་རིག་པའི་ཆེས་གལ་ཆེ་བའི་ཉམས་མྱོང་སྟེ། མིའི་རིགས་རིག་པ་སྨྲ་མཁན་དག་གིས་རྒྱུ་ཆ་བསྡུ་གསོག་དང་ཆོས་ཉིད་བསྐྲུན་པའི་གཞི་འཛིན་ས་གཙོ་བོ་ཡིན། ཁོ་ཚོས་བྲིས་པའི་རྩོམ་ཡིག་དང་དཔེ་དེབ་ནི་ཉམས་མྱོང་འདི་དག་ལས་བསྡུས་འོང་བའི་ཉིང་བཅུད་ཡིན་ཞིང་། མཐར་གཏུག་ན་མི་རིགས་ག་གེ་མོའི་ཉམས་མྱོང་ཁྱད་པར་ཅན་ཞིག་ལ་བརྟེན་པ་ཡིན།"⑷ཞེས་གསུངས། ཡུལ་དངོས་རྟོག་ཞིབ་ནི་དེང་རབས་མིའི་རིགས་རིག་པའི་རྨང་རྡོ་ལྟ་བུ་ཡིན་ཞིང་། དེ་ནི་ཆེད་དུ་སྦྱོང་བརྡར་བརྒྱུད་  མྱོང་བའི་མིའི་རིགས་རིག་པའི་བྱ་བ་གཉེར་མཁན་དག་དངོས་སུ་མི་རིགས་ས་ཁུལ་དུ་བསྐྱོད་དེ། རང་ཉིད་ཀྱི་ཐད་ཀར་བའི་ལྟ་ཞིབ་དང་བྱེ་བྲག་གི་འདྲི་རྟོག གནས་བཅས་ནས་ཉམས་སུ་མྱོང་བ་སོགས་ཀྱི་རྣམ་པ་བརྒྱུད་དེ་ཞིབ་འཇུག་གི་རྒྱུ་ཆ་ཨང་དང་པོ་འཚོལ་སྙེག་དང་བསྡུ་ལེན་བྱ་བའི་གོ་རིམ་ལ་བྱ་ཞིང་། རིག་གནས་མིའི་རིགས་རིག་པའི་ཞིབ་འཇུག་བྱ་བའི་ཆེས་རྩ་བར་གྱུར་བའི་ཐབས་ལམ་གཙོ་བོ་ཡིན། དེ་ཡང་ཚོགས་པ་ཞིག་དང་དེའི་རིག་གནས་ལ་ཞིབ་འཇུག་བྱ་ཆེད་མིའི་རིགས་རིག་པ་སྨྲ་མཁན་ཚོས་ཟླ་ངོ་འགའ་དང་ལོ་ཕྱེད། ཡང་ན་ལོ་གཅིག་ཡན་གྱི་དུས་ཚོད་རིང་ལ་ས་གནས་དེའི་མི་རིགས་འཚོ་བའི་ཁྲོད་དངོས་སུ་ཞུགས་ཤིང་། ཁོ་ཚོའི་སྐད་ཆ་སྦྱངས་ཤིང་བེད་སྤྱད་དེ་ཁོ་ཚོ་དང་འབྲེལ་འདྲིས་བྱ་བ། ཐབས་སྣ་ཚོགས་ཀྱི་སྒོ་ནས་རང་ཉིད་ས་གནས་དེའི་རྒྱུན་ལྡན་འཚོ་བའི་ཁྲོད་ ཐིམ་ཞིང་འདྲེས་པར་བྱས་ཏེ། ཁོ་ཚོའི་ཐོན་སྐྱེད་དང་འཚོ་བ། ཡུལ་སྲོལ་བཅས་ཕྱོགས་ཡོངས་ལ་ངོས་འཛིན་དང་ཞིབ་འཇུག་མཛད་པ་བརྒྱུད། སྤྱི་ཚོགས་དེའི་མི་རྣམས་ཀྱི་བྱ་སྤྱོད་དང་རིག་གནས་སྤྱི་ཡོངས་ལ་ཤེས་རྟོགས་བྱ་དགོས་སོ།།

མིའི་རིགས་རིག་པ་ཉིད་སྒེར་ཚུགས་ཅན་གྱི་རིག་ཚན་ཞིག་ཏུ་མ་གྲུབ་པའི་ཡར་སྔོན་ལ་མཚོན་ན། ཚན་རིག་དོན་སྙིང་སྟེང་གི"ཡུལ་དངོས་རྟོག་ཞིབ"ནི་ད་དུང་བྱུང་མེད་ལ། མིའི་རིགས་རིག་པའི་འབྲེལ་ཡོད་ཀྱི་དཔྱད་གཞིའི་རྒྱུ་ཆ་རྣམས་ནི་དཔེར་ན་སྐབས་དེའི་མཚོ་བསྐྱོད་པ་དང་ལྗོངས་རྒྱུ་བ། ས་ཁམས་རིག་པ་བ། མྱུལ་ཞིབ་པ། མི་སེར་སྤེལ་མཁན། ཆོས་སྤེལ་མཁན་ལ་སོགས་ཆེད་ལས་མ་ཡིན་པའི་མིའི་རིགས་རིག་པ་སྨྲ་མཁན་རྣམས་ཀྱིས་བསྡུས་འོང་བ་ཡིན། དུས་རབས་བཅུ་དགུ་བའི་དུས་དཀྱིལ་ཙམ་ལ་ཆེད་ལས་  མིའི་རིགས་རིག་པའི་མཁས་པ་བྱུང་ཞིང་། 1874ལོར་དབྱིན་ཇིའི་ཚན་རིག་གོང་སྤེལ་གྲོས་ཚོགས་ཀྱིས་མིའི་རིགས་རིག་པའི་ཡུལ་དངོས་རྟོག་ཞིབ་ཀྱི་ལག་དེབ《མིའི་རིགས་རིག་པའི་ཟིན་ཐོ་དང་འདྲི་རྟོག》ཅེས་པ་པར་བསྐྲུན་འགྲེམ་སྤེལ་མཛད་ཅིང་། འདི་ནི་    མིའི་རིགས་རིག་པའི་རིག་ཚན་དངོས་སུ་གྲུབ་པའི་མཚོན་རྟགས་ཤིག་ཡིན། མིའི་རིགས་རིག་པ་ཐོག་མར་བསྐྲུན་དུས་ནས་མཁས་པ་མང་པོ་ཞིག་དཔྱད་གཞིའི་རྒྱུ་ཆ་བསྡུ་ཉར་ཆེད་དུ་མི་རིགས་ས་ཁུལ་དུ་རྟོག་ཞིབ་ཏུ་ཕེབས་མྱོང་། དེའི་ཚབ་བྱེད་མི་སྣ་རུ་འཇར་མན་གྱི་པ་སི་ཏེ་ཨན་དང་ཨ་རིའི་མོར་ཀིན་ལྟ་བུ་སྟེ། སྔ་མ་དེའི་མི་ཚེའི་སུམ་ཆའི་གཅིག་ཙམ་ཞིག་ཡུལ་སྐོར་ལྗོངས་རྒྱུའི་ཁྲོད་འདས་ཤིང་།《མི་རིགས་རིག་པའི་ཞིབ་འཇུག་དང་རྒྱུ་ཆའི་འཚོལ་བསྡུ》ཞེས་པའི་དཔེ་དེབ་ཅིག་བརྩམས་ཡོད་ལ། ཕྱི་མས་མིའི་རིགས་རིག་པའི་རྟོག་དཔྱོད་ཞིབ་འཇུག་ཐད་ལ་གསར་གཏོད་རང་བཞིན་གྱི་ཕྱག་རྗེས་བསྐྲུན་ཡོད་དེ། ཁོང་གི《དབྱིས་ལོ་ཁོས་མཉམ་འབྲེལ》ཞེས་པ་ལས། རང་ཉིད་ཀྱིས་དབྱིས་ལོ་ཁོས་རུས་རྒྱུད་ཚོ་བ་དང་ཚོ་བ། ཚོ་བ་མཉམ་འབྲེལ་སོགས་ཀྱི་གྲུབ་ཚུལ་དང་དཔལ་འབྱོར། སྤྱི་ཚོགས་འཚོ་བ་བཅས་ལ་རྟོག་གཞིགས་མཛད་པའི་གནས་ཚུལ་ཕྲ་ཞིང་ཞིབ་པར་བཀོད་འདུག་ལ། འདི་ནི་ཁོང་གི་ཡུལ་དངོས་རྟོག་ཞིབ་ཀྱི་མྱོང་བ་  དང་འབྲལ་ཐབས་མེད། དུས་རབས་བཅུ་དགུ་བའི་ལོ་རབས་བརྒྱད་ཅུ་ཡས་མས་ཙམ་ནས་བཟུང་ཆེད་ལམ་མི་སྣས་མཛད་པའི་མིའི་རིགས་རིག་པའི་བརྩམས་ཆོས་དང་ཡུལ་དངོས་རྟོག་དཔྱོད་ཀྱི་ཟིན་ཐོ་བྱུང་། དཔེར་ན་ཨ་རིའི་མཁས་པ་པོ་ཨ་སིས་ལོ་རབས་བརྒྱད་ཅུ་ཙམ་ནས་ཨ་རིའི་བྱང་རྒྱུད་ལ་ཚན་རིག་རྟོག་དཔྱོད་ཀྱི་དབུ་བརྩམས་ཤིང་། རྟོག་ཞིབ་རུ་ཁག་རྒྱ་ཆེན་པོ་རྩ་འཛུགས་དང་སྣེ་འཁྲིད་མྱོང་ལ། སྔ་ཕྱིརR.H.ལོ་ བིས་དང་E.སཱ་ཕེ་ཨར། R.པིན་ནེའུ་ཏེ་ཁུ་ཐི། M.མུས་ཏི་སོགས་མིའི་རིགས་རིག་པའི་མཁས་པ་མང་པོ་ཞིག་གསོ་སྐྱོང་མཛད་དོ།།

ཕྱིས་སུ་ཡུལ་དངོས་རྟོག་ཞིབ་ཀྱི་བྱ་བ་གཏིང་ཇེ་ཟབ་ཏུ་སྤེལ་བ་དང་བསྟུན་ནས་མིའི་རིགས་རིག་པའང་མགྱོགས་མྱུར་སྒོས་འཕེལ་རྒྱས་བྱུང་ལ། འབྲེལ་ཡོད་ཀྱི་རྟོག་དཔྱོད་སྙན་ཞུའི་དཔེ་དེབ་ཀྱང་མང་དུ་བྱུང་ཞིང་དེ་དག་གི་ཚན་རིག་ཆུ་ཚད་ཀྱང་ལྡབ་འགྱུར་གྱིས་ཇེ་མཐོར་ཕྱིན། ལྷག་པར་དུ་དུས་རབས་ཉི་ཤུ་བའི་དུས་མགོར་མཱ་ལིན་ནའོ་ཧྥུ་སི་ཅི་དང་ལ་ཏི་ཁི་ལེ་ཧྥུ-པུའུ་ལང་གཉིས་ཀྱིས་མཚོན་པའི་དབྱིན་ཇིའི་བྱེད་ནུས་རིང་ལུགས་ཀྱི་གཞུང་ལུགས་དང་ལག་ལེན་གྱིས་མིའི་རིགས་རིག་པའི་ཡུལ་དངོས་རྟོག་ཞིབ་ལ་ཤུགས་རྐྱེན་ཟབ་མོ་ཐེབས་ཤིང་། དངོས་ཞུགས་ལྟ་ཞིབ་ཐབས་ལམ་ཞེས་མིའི་རིགས་རིག་པའི་ཞིབ་འཇུག་ཐབས་ལམ་གསར་བ་ཞིག་གི་སྲོལ་བཏོད་པ་དང་། དངོས་ཞུགས་ལྟ་ཞིབ་རྣམ་པའི་རྟོག་ཞིབ་ནི་མིའི་རིགས་རིག་པའི་ཡུལ་དངོས་རྟོག་ཞིབ་ལ་འཕེལ་རྒྱས་བྱུང་བའི་རྡོ་རིང་ལྟ་བུ་སྟེ། དེས་དེང་རབས་མིའི་རིགས་རིག་པའི་ཡུལ་དངོས་རྟོག་ཞིབ་ལ་རྨང་རྡོ་བཏིང་བ་ཡིན་ནོ།།

གཉིས། ཡུལ་དངོས་རྟོག་ཞིབ་ཀྱི་རིགས་དབྱེ།

མིའི་རིགས་རིག་པ་འཕེལ་བའི་བརྒྱུད་རིམ་ཁྲོད་དུ་གྲུབ་མཐའ་གང་ཞིག་དང་ཡང་ན་བརྟག་གཞི་ཅི་འདྲ་ཞིག་འདེམ་ཡང་རུང་སྟེ། ཡོད་ཚད་ཡུལ་དངོས་རྟོག་ཞིབ་ལས་ཐོན་པའི་རྒྱུ་ཆ་དག་དང་ཁ་འབྲལ་ཐབས་མེད། ཕྱི་ཡུལ་དུ་རྟོག་ཞིབ་བྱ་བ་དེར་ཡང་གནའ་ནས་ད་ལྟའི་བར་འགྱུར་མེད་ཀྱི་རྣམ་པ་གཏན་ཆགས་ཤིག་མེད་དེ། རྟོག་ཞིབ་པའི་ཐོབ་ཐང་དང་ཞིབ་འཇུག་གི་ཟུར་ཚད། མཐོང་རྒྱའི་ཁྱབ་ཁོངས། དབྱེ་ཞིབ་ཀྱི་གཏིང་ཚད་དང་ཁྱབ་རྒྱ། དཔྱད་གཞིའི་ནང་དོན་དང་རྩ་འཛུགས་ཀྱི་གཞི་རྒྱ་སོགས་གཞིར་བཟུང་ན། ཡུལ་དངོས་རྟོག་ཞིབ་ཀྱི་བྱ་བ་དེར་གཤམ་གྱི་རིགས་ལྔ་རུ་དབྱེ་རུང་སྟེ།

1 གཙོ་གནས་དང་མགྲོན་གནས།

འདི་ནི་དུས་རབས་ཉི་ཤུ་བའི་ལོ་རབས་དྲུག་ཅུ་བར་ཨ་མེ་རི་ཁའི་མིའི་རིགས་རིག་པའི་ཁྱབ་ཁོངས་སུ་གསར་དུ་དར་བའི་ཞིབ་འཇུག་བྱ་ཐབས་གསར་བ་ཞིག་སྟེ། གཙོ་གནས(主位)དང་མགྲོན་གནས(客位)ཞེས་པའི་ཐ་སྙད་འདི་གཉིས་ནི་དང་ཐོག་ཨ་རིའི་སྐད་བརྡ་རིག་པ་དང་མིའི་རིགས་རིག་པའི་མཁས་པ་ཁིན་ཉེ་སི·ཕེ་ཁི་ལགས་ཀྱིས་སྐད་བརྡ་རིག་པའི་ཁྲོད་ཀྱི(phonemic)སྒྲ་གནས་དང(phonetic)སྐད་གདངས་ལ་དབྱེ་ཞིབ་བྱ་ཐབས་དེ་མིའི་རིགས་རིག་པའི་ཁྱབ་ཁོངས་སུ་དྲངས་ནས་གསར་བཟོ་མཛད་པ་ཡིན། དེ་ལ་གཙོ་གནས་ཞིབ་འཇུག་ཅེས་པ་ནི། བརྟག་དཔྱད་བྱ་ཡུལ་གྱི་མི་དེས་རང་གི་བྱ་དངོས་ལ་འཛིན་པའི་ལྟ་སྟངས་  དང་འགྲེལ་ལུགས་ཏེ། ཁོ་ཚོ་རང་ཉིད་ཀྱི་ལྟ་བ་སྤྱད་ནས་ཁོ་ཚོའི་རང་གི་རིག་གནས་ལ་འགྲེལ་བ་མཛད་པ་ཡིན། མགྲོན་གནས་ཞིབ་འཇུག་ཅེས་པ་ནི། རྟོག་ཞིབ་མཁན་སོགས་ཕྱི་འོང་གི་མིས་བྱ་དངོས་དེར་འཛིན་པའི་ལྟ་སྟངས་དང་འགྲེལ་ལུགས་ཏེ། ཕྱི་འོང་གི་ཞིབ་འཇུག་པའི་ཟུར་ཚད་ནས་འགྲེང་སྟེ་ཁོ་ཚོའི་རིག་གནས་ལ་འགྲེལ་བ་མཛད་པ་ཡིན། ཞིབ་འཇུག་ཐབས་ལམ་འདི་གཉིས་ནི་ཕན་ཚུན་ལ་ཁ་སྐོང་དང་རམ་འདེགས་ཀྱི་འབྲེལ་བར་གནས་པ་ལས་འགལ་ཟླར་གནས་པ་མིན། བྱེ་བྲག་གི་ཡུལ་དངོས་རྟོག་ཞིབ་ཁྲོད་དུ་ཞིབ་ འཇུག་ཐབས་ལམ་འདི་གཉིས་ཟུང་འབྲེལ་སྒོས་བེད་སྤྱད་ན། ད་གཟོད་བརྟག་གཞི་གང་དེར་གཏིང་ཟབ་པའི་ཤེས་རྟོགས་བྱ་ནུས་ཤིང་། ཕྱི་ཡུལ་བརྟོལ་ནས་གཏིང་རིམ་པའི་གྲུབ་ཚུལ་དང་མཚོན་དོན་སོགས་ལ་དོན་དངོས་དང་མཐུན་པའི་ཆོས་ཉིད་རང་བཞིན་གྱི་བསྡོམས་ཚིག་འགོད་ནུས་སོ།།

མིའི་རིགས་རིག་པའི་ཡུལ་དངོས་རྟོག་ཞིབ་ཁྲོད་དུ། ཕྱི་ནང་གི་ཟུར་ཚད་གང་ཞིག་ནས་གནད་དོན་ལ་དབྱེ་ཞིབ་བྱ་རྒྱུ་འདི་ནི་ཧ་ཅང་གལ་ཆེ་བར་མངོན་ཏེ། གལ་ཏེ་གཙོ་གནས་ཏེ་རང་ངོས་ཀྱི་ཟུར་ཚད་ནས་བྱ་དངོས་ལ་དབྱེ་ཞིབ་མཛད་ན་ཕྱོགས་ལྷུང་དང་བཀག་རྒྱ་བྲལ་བའི་སྒོ་ནས་དོན་དངོས་ཇི་བཞིན་མཚོན་པར་བྱ་ནུས་མོད། གཏིང་རིམ་པའི་ངོ་བོ་དེ་ངོས་འཛིན་བྱ་མི་ནུས། ཡང་མགྲོན་གནས་ཏེ་གཞན་ངོས་ཀྱི་ཟུར་ཚད་ནས་བྱ་དངོས་ལ་དབྱེ་ཞིབ་མཛད་ན། རང་གི་ཤེས་བྱའི་སྤྱི་ཁོག་དང་ལངས་ཕྱོགས་སོགས་ལས་གཞན་གྱི་རིག་གནས་དེར་དོན་དངོས་དང་མཐུན་པའི་འགྲེལ་བ་མཛད་ཁག་པོ་ཡིན། གཙོ་གནས་དང་མགྲོན་གནས་གཉིས་ཀྱི་འབྲེལ་བ་ཇི་ལྟར་ཐག་གཅོད་པའི་ཕྱོགས་སུ་མིག་སྔར་ལྟ་བ་མི་འདྲ་བ་མང་དུ་བྱུང་མོད། མཁས་པ་མང་པོ་ཞིག་གི་ལྟ་བ་ལྟར་ན། རྟོག་ཞིབ་བྱ་བ་དང་ཟིན་ཐོར་འགོད་དུས་གཙོ་གནས་ཟུར་ཚད་གཙོ་བོར་འཛིན་དགོས་པར་འདོད་དེ། གཙོ་གནས་ཀྱི་ལྟ་ཚུལ་འགའ་ཞིག་ནི་ཚན་རིག་དང་མི་མཐུན་ནའང་། མ་མཐའ་ཡང་དོ་བདག་མི་སྣ་དེ་ཚོའི་བསམ་ཚུལ་དང་འཇིག་རྟེན་ལྟ་བ་སོགས་མཚོན་ཞིང་། བསམ་ཚུལ་དང་འཇིག་རྟེན་ལྟ་བ་དེ་དག་གིས་ཁོ་ཚོའི་བྱ་སྤྱོད་ལ་ཤུགས་རྐྱེན་ཐེབས་པ་ཡིན། གལ་ཏེ་ཁོ་ཚོའི་བསམ་ཚུལ་དང་ལྟ་བ་དེ་དག་སྣང་ མེད་དུ་བསྐྱུར་ན་ས་གནས་དེའི་རིག་གནས་ངོ་མ་ནི་ཤེས་ཐབས་བྲལ་ལོ།། མདོར་ན། གཙོ་གནས་དང་མགྲོན་གནས་ཀྱི་ཞིབ་འཇུག་བྱ་ཐབས་གཉིས་ནི། མི་རིགས་སོ་སོའི་རིག་གནས་མ་ལག་མི་འདྲ་བ་ལས་གྲུབ་པའི་ཁྱད་པར་མཐའ་དག་ལ་ཕྱོགས་ཡོངས་ནས་འགྲེལ་བ་ཡང་དག་ཅིག་མཛད་པའི་ཆེད་དུ་སྤྱོད་པའི་ཞིབ་འཇུག་ཐབས་ལམ་གཉིས་ཡིན་ལ། གནད་དོན་གང་ཞིག་ལ་དོན་དངོས་དང་མཐུན་པའི་བསྡོམས་ཚིག་འགོད་པ་ལ་ངེས་པར་དུ་གཙོ་གནས་དང་མགྲོན་གནས་ཕྱོགས་གཉིས་ནས་འཇུག་དགོས་སོ།།

2  སྤྱི་ཁོག་དང་ཕྲ་མཐོང་།

སྤྱི་ཁོག(宏观)དང་ཕྲ་མཐོང(微观)ནི་རྟོག་ཞིབ་ཀྱི་མཐོང་རྒྱ་དང་ཁྱབ་ཁོངས་ཀྱི་ཆ་ནས་དབྱེ་བའི་ཞིབ་འཇུག་བྱ་ཐབས་གཉིས་ཏེ། ཕན་ཚུན་ལྟོས་ས་ལྟོས་འཇོག་གིས་བརྗོད་པ་ཡིན། སྤྱིར་བཏང་དུ་བརྗོད་ན། ཡུལ་གྱི་ཁྱབ་ཁོངས་ཅུང་ཆེ་བའི་ས་ཁུལ་གང་ཞིག་ལ་རྟོག་དཔྱོད་བྱ་བ་ནི་སྤྱི་ཁོག་རྟོག་ཞིབ་ཀྱི་རིགས་སུ་གཏོགས་ཏེ། དཔེར་ན་ནུབ་བྱང་ས་ཁུལ་དང་ལྷོ་ནུབ་ས་ཁུལ། བོད་རིགས་ ས་ཁུལ་ལྟ་བུ་སོགས་སོ།། ཕྲ་མཐོང་རྟོག་ཞིབ་ཅེས་པ་ནི། ས་ཁུལ་ངེས་ཅན་ཞིག་ཏུ་མི་ཁ་ཤས་ཀྱིས་ཀྱང་ཐད་ཀར་ལྟ་ཞིབ་བྱ་ནུས་པའི་ཁྱབ་ཁོངས་ཤིག་ཏུ་སྤེལ་བའི་ཡུལ་དངོས་རྟོག་ཞིབ་ལ་བྱ་ཞིང་།"ཕྲ"ཞེས་པ་ནི་འཚོ་བར་དངོས་སུ་གཏིང་ཟབ་ཏུ་ཞུགས་པར་འདོད་དགོས་པ་ལས་སྤྱིར་བཏང་བའི་ཕྱི་ངོས་ཞིབ་འབྲི་ཙམ་ལ་གོ་བ་མིན། དེ་ཡང་བྱེ་བྲག་གི་ས་གནས་དང་དུས་ཚོད། མི་སྣ་སོགས་དགོས་པར་མ་ཟད། བྱ་སྤྱོད་དང་མཇུག་འབྲས་སོགས་ཕྱོགས་ཡོངས་ལ་ཕྲ་ཞིང་ཞིབ་པའི་རྟོག་གཞིགས་མཛད་པ་ཞིག་ལ་ད་གཟོད"ཐད་ཀར་བའི་ལྟ་རྟོག"ཅེས་བྱ། ཕྲ་ཞིང་ཞིབ་པའི་བྱེ་བྲག་གི་རྟོག་ཞིབ་འདི་ལྟ་བུ་ནི་མི་རིགས་ཞིབ་འཇུག་གི་རྨང་གཞི་སྟེ། རྣམ་པ་མི་འདྲ་བའི་ཕྲ་མཐོང་གི་རིགས་རྣམས་ཕན་ཚུན་ཞིབ་བསྡུར་མཛད་ན་ད་གཟོད་ཕྱོགས་ཡོངས་ཀྱི་སྤྱི་ཁོག་གི་ལྟ་བ་ཞིག་གྲུབ་འོང་བ་ཡིན། སྤྱིར་བཏང་དུ་གྲོང་བརྡལ་གང་ཞིག་ལ་རྟོག་ཞིབ་བྱ་བ་ནི་ཕྲ་མཐོང་གི་རྟོག་ཞིབ་ཏུ་གཏོགས་པ་ཡིན། གོ་སླ་མོར་བརྗོད་ན། སྤྱི་ཁོག་རྟོག་ཞིབ་ནི"ངོས"ལ་བྱ་ཞིང་ཕྲ་མཐོང་རྟོག་ཞིབ་ནི"གནས"ལ་བྱ་བ་ཡིན་ཏེ། ངོས་དང་གནས་གཉིས་ཟུང་འབྲེལ་མཛད་ན། ད་གཟོད་ས་གནས་རིག་གནས་དེའི་ངོ་བོ་ལ་གཏིང་ཟབ་པའི་གཅིག་སྒྲིལ་དང་ཤེས་རྟོགས་བྱ་ནུས་སོ།།

3  གཞིས་ཁུལ་དང་དཔེ་གཞི།

ཕྲ་མཐོང་གི་ཁྱབ་ཁོངས་ཁྲོད་དུ་གཞིས་ཁུལ(社区)དང་དཔེ་གཞི(个案)གཉིས་ནི་མིའི་རིགས་རིག་པའི་ཞིབ་འཇུག་ཟུར་ཚད་དཔེར་མཚོན་ཅན་གཉིས་ཡིན། གཞིས་ཁུལ་རྟོག་ཞིབ་ནི་སྤྱི་ཚོགས་རིག་པའི་ཁྲོད་སྤྱོད་རྒྱ་ཆེས་ཆེ་བའི་ཡུལ་དངོས་རྟོག་དཔྱོད་ཅིག་ཡིན་མོད། འོན་ཀྱང་གཞིས་ཁུལ་ཞེས་པ་ནི་སྤྱི་ཚོགས་རིག་པ་ཁོ་ནར་སྤྱོད་པའི་ཆེད་དབང་ཞིག་མ་ཡིན་ཏེ། གཞིས་ཁུལ་ཞིབ་འཇུག་བྱ་ཐབས་ནི་དོན་གྱིས་མིའི་རིགས་རིག་པ་སྨྲ་བ་ཚོས་ཉེ་རབས་ཚོ་བའི་སྤྱི་ཚོགས་ལ་རྟོག་ཞིབ་མཛད་པའི་གོ་རིམ་ཁྲོད་བྱུང་བ་ཡིན། མིའི་རིགས་རིག་པའི་ཁྲོད་ཀྱི་གཞིས་ཁུལ་ཞེས་པ་ནི་ཡུལ་དངོས་རྟོག་ཞིབ་བྱ་བའི་གཞི་རྩའི་ཚན་ཁག་ཅིག་སྟེ། རང་རྒྱལ་གྱི་མིའི་རིགས་རིག་པ་མཁས་པ་བོའུ་བུན་ཚོའོ་ལྟར་ན་གཞིས་ཁུལ་ལ་རྩ་བའི་གྲུབ་ཆ་གསུམ་ཡོད་པར་འདོད་དེ། གཅིག མི་ཚོགས། གཉིས། མི་ཚོགས་གནས་སའི་ས་ཁུལ། གསུམ། མི་ཚོགས་ཀྱི་འཚོ་བའི་རྣམ་པའམ་རིག་གནས་བཅས་སོ།། མིའི་རིགས་རིག་པའི་ཞིབ་འཇུག་ཁྲོད་དུ། གཞིས་ཁུལ་རྟོག་ཞིབ་ནི་མི་རིགས་སྤྱི་ཚོགས་ཀྱི་རིམ་པ་ག་གེ་མོ་ཞིག་གི་རིག་གནས་ཀྱི་ཆ་ཡོངས་གསལ་སྟོན་བྱ་བའི་ཆེད་དུ་ཡིན། གཞིས་ཁུལ་ཞེས་པར་ཆེ་ཆུང་གི་ཚད་ནི་ངེས་མེད་ཡིན་ཏེ། སྒྲ་ཡངས་འཇུག་ལྟར་ན་དེར་མི་རིགས་གཅིག་གམ་དུ་མའི་ས་ཁུལ་འདུ་རུང་སྟེ་དཔེར་ན་བོད་རིགས་གཞིས་ཁུལ་ལྟ་བུ་ཡིན། དངོས་ཡོད་ཀྱི་རྟོག་ཞིབ་ཁྲོད་དུ་གཞིས་ཁུལ་ནི་ཁྱབ་རྒྱ་ཧ་ཅང་ཆུང་སྟེ། དེའི་ཁྱབ་ཁོངས་ཁྲོད་དུ་ཐད་ཀར་ལྟ་རྟོག་བྱེད་ནུས་པ་ཞིག་ཡིན་ནོ།།

མིའི་རིགས་རིག་པས"མི་ཚོགས"གང་ཞིག་རང་གི་ཞིབ་འཇུག་བྱ་ཡུལ་དུ་འཛིན་པས་ན། གཞིས་ཁུལ་རྟོག་ཞིབ་ལ་མཐོང་ཆེན་བྱ་བ་ནི་བསམ་ན་ཤེས་ནུས་པ་ཞིག་ཡིན་ལ། དུས་མཚུངས་སུ་དཔེ་གཞི་རྟོག་ཞིབ་བྱ་ཐབས་ཀྱང་གཙོ་བོར་འཛིན་དགོས། དཔེ་གཞིར་འགོད་ཐབས་ནི་དང་ཐོག་སེམས་ཁམས་རིག་པའི་ཞིབ་འཇུག་བྱ་ཐབས་ཤིག་སྟེ། ཕྱིས་སུ་མིའི་རིགས་རིག་པའི་མཁས་པ་རྣམས་ཀྱིས་ཚུར་དྲངས་ཏེ་རིག་གནས་ཞིབ་འཇུག་གི་ཕྱོགས་སུ་བཀོལ་བ་ཡིན། དེས་མི་སྒེར་གང་ཞིག་བརྟག་གཞིར་འཛིན་པ་ཡིན་མོད། མཐར་ ཐུག་གི་དམིགས་ཡུལ་ནི་མི་སྒེར་བརྒྱུད་དེ་སྤྱི་ཡོངས་ལ་ཤེས་རྟོགས་བྱ་རྒྱུ་དེ་ཡིན། ཐབས་ལམ་འདིས་མི་སྒེར་རམ་ཡང་ན་ཁྱིམ་ཚང་གང་ཞིག་དཔེ་གཞིར་བཟུང་སྟེ། བྱེ་བྲག་གི་བརྟག་གཞི་དེར་རྟོག་ཞིབ་མཛད་པ་བརྒྱུད་དེ་གཞིས་ཁུལ་ཞིག་གི་ཚོགས་པའི་རིག་གནས་ཀྱི་གྲུབ་སྟངས་སོགས་ལ་དབྱེ་ཞིབ་བྱ་བ་ཡིན་ལ། དེ་ནི་གཞིས་ཁུལ་ཞིབ་འཇུག་གི་ཕྱོགས་གཙོ་བོ་ཞིག་ཡིན་ནོ།།

4  ངོ་བོ་འཇལ་བ་དང་གྲངས་ཚད་འཇལ་བ།

ངོ་བོ་འཇལ་བ(定性)དང་གྲངས་ཚད་འཇལ་བ(定量)གཉིས་ནི་རྫས་འགྱུར་རིག་པ་ལས་དྲངས་པའི་ཐ་སྙད་གཉིས་ཏེ།     སྔ་མས་དངོས་པོ་གང་ཞིག་ཏུ་གྲུབ་རྫས་ཀྱི་རིགས་གང་དག་འདུས་པ་དབྱེ་འབྱེད་བྱ་བ་དང་། ཕྱི་མས་དེར་འདུས་པའི་གྲུབ་ཆ་དག་ གི་ཚད་འཇལ་བ་ཡིན། མིའི་རིགས་རིག་པས་སྔ་མ་དེ་སྤྱད་ནས་རིག་གནས་གང་གི་རང་བཞིན་དང་ངོ་བོ་འཇལ་བ་དང་། ཕྱི་མ་དེ་ སྤྱད་ནས་གྲངས་ཚད་འཇལ་བ་ཡིན། ཡར་སྔོན་གྱི་མིའི་རིགས་རིག་པའི་རྟོག་ཞིབ་ཁྲོད་དུ་ངོ་བོ་འཇལ་བ་དང་གྲངས་ཚད་འཇལ་བ་གཉིས་ནི་མཉམ་འབྲེལ་སྒོས་བེད་སྤྱོད་པ་དང་། སྔ་མ་དེས་གཙོ་ཁྲིད་ཀྱི་གོ་གནས་ཟིན་ཡོད་དེ། དཔེ་གཞི་གང་ཞིག་ལ་རྟོག་དཔྱོད་མཛད་པ་བརྒྱུད་ནས་དེའི་ངོ་བོའི་ཁྱད་ཆོས་ལ་དབྱེ་ཞིབ་བྱ་བ་ནི་སྲོལ་རྒྱུན་དུ་སྤྱོད་པའི་ཐབས་ལམ་ཞིག་ཡིན། མིའི་རིགས་རིག་པའི་རྟོག་ཞིབ་ཁྲོད་དུ་གྲངས་ཚད་འཇལ་བ་ནི་སྣེ་མང་རྙོག་འཛིང་གི་བྱ་བ་ཞིག་དང་ངོ་བོ་འཇལ་རྒྱུ་ནི་ཤིན་ཏུ་གལ་ཆེར་མངོན། གྲངས་ཚད་ལས་ངོ་བོ་གཙོ་བོར་འཛིན་པ་འདི་ནི་མིའི་རིགས་རིག་པའི་རྟོག་ཞིབ་བྱ་བའི་སྲོལ་རྒྱུན་གྱི་ཕྱོགས་ལྷུང་ཞིག་ཏུ་ངོས་འཛིན་ཏེ།   འདི་ནི་བརྟག་ཐབས་སྨྲ་བའི་ཚད་བཀག་དང་འབྲེལ་བ་ལྡན་པར་མ་ཟད། ཚན་རིག་ལག་རྩལ་གྱི་ཆུ་ཚད་དང་ཡང་འབྲེལ་བ་དམ་པོ་མཆིས། དེང་རབས་ཀྱི་མིའི་རིགས་རིག་པ་སྨྲ་མཁན་ཚོས་གྲངས་ཚད་འཇལ་བར་མཐོང་ཆེན་བྱ་སྟེ། གཙོ་བོ་བསྡོམས་རྩིས་བྱ་ཐབས་ཉིད་རྟོག་ཞིབ་བྱ་བར་རྒྱ་ཁྱབ་ཏུ་སྤྱད་དེ། རྒྱུ་ཆར་དབྱེ་ཞིབ་དང་ཚོད་དཔག་བསྐྲུན་པ་སོགས་ཀྱི་བརྒྱུད་རིམ་ཡོངས་ལ་བཀོལ་བ་ཡིན་ནོ།།

5  ཆེད་དོན་དང་སྣ་འཛོམས།

ཆེད་དོན(专题)རྟོག་ཞིབ་ཅེས་པ་ནི་བྱེ་བྲག་གི་གནད་དོན་གང་ཞིང་བརྟག་གཞིར་བཟུང་སྟེ་ཕྱོགས་ཡོངས་དང་གཏིང་ཟབ་པའི་སྒོ་ནས་རྟོག་དཔྱོད་ཞིབ་འཇུག་བྱ་བ་སྟེ། སྔོན་མ་དག་བསྐྱོད་མ་མྱོང་བའི་ས་གནས་མང་པོར་དངོས་སུ་ཞུགས་ནས་བརྟག་དཔྱད་ཞིབ་ཚགས་བྱས་པ་བརྒྱུད་རང་ཉིད་ལ་གཏོགས་པའི་རྒྱུ་ཆ་དང་པོ་མང་དུ་བསགས་ཏེ་སྔ་མའི་སྟོང་ཆ་བསྐང་དགོས་པར་མ་ཟད། རྟོག་ཞིབ་པ་དེར་གསར་གཏོད་དང་རྒྱ་བསྐྱེད་པའི་སྙིང་སྟོབས་དང་ཤེས་རབ་ལྡན་དགོས་ཏེ། སྔོན་མས་མ་རྙེད་པའམ་ཡང་ན་ནམ་ཡང་འགྱུར་ལྡོག་ཁྲོད་གནས་པའི་བརྗོད་གཞི་དེ་དག་འཚོལ་སྙེག་བྱ་དགོས་སོ།།

མིའི་རིགས་རིག་པའི་བརྟག་གཞི་གཙོ་བོ་སྟེ་མི་རིགས་དང་རིག་གནས་ཞེས་པའི་ཁྱབ་ཁོངས་ནི་ཧ་ཅང་རྒྱ་ཆེ་སྟེ། མིའི་རིགས་  རིག་པ་ཁོ་ན་ཙམ་གྱིས་བརྗོད་གཞི་དེ་མཐའ་དག་ལ་ཁ་ལོ་བསྒྱུར་ཁག་པོ་ཡིན། མིའི་རིགས་རིག་པ་སྨྲ་མཁན་ཞིག་ལ་མཚོན་ནའང་།  རིག་གཞུང་མཐའ་དག་གི་ཤེས་བྱ་དང་ལག་རྩལ་ཡོད་ཚད་བྱང་ཆུབ་པ་ཞིག་མིན་པས། རང་ཁོ་ནའི་རིག་ཚན་ལས་བརྒལ་ཏེ་རིག་   གཞུང་གཞན་དག་དང་མཉམ་འབྲེལ་སྒོས་ཕྱོགས་བསྡུས་དང་སྣ་འཛོམས(综合)ཀྱི་སྒོ་ནས་རྟོག་དཔྱོད་ཞིབ་འཇུག་བྱ་དགོས། དེང་དུས་ས་ཁུལ་རང་བཞིན་གྱི་རྟོག་དཔྱོད་ཁྲོད་དུ་སྣ་འཛོམས་རྟོག་ཞིབ་ཀྱི་ཐབས་འདི་རྒྱ་ཆེར་སྤྱོད་དེ། རྒྱུན་དུ་རིག་གནས་མིའི་རིགས་རིག་པ་དང་སྐད་བརྡ་རིག་པ། གནའ་དཔྱད་རིག་པ། ཆོས་ལུགས་རིག་པ། དཔལ་འབྱོར་རིག་པ། མི་གྲངས་རིག་པ། ས་ཁམས་རིག་པ།       གཟུགས་གཞི་མིའི་རིགས་རིག་པ་སོགས་རིག་ཚན་སྣ་ཚོགས་ཤིག་བེད་སྤྱད་དེ་ཕྱོགས་བསྡུས་ཀྱིས་ཞིབ་འཇུག་མཛད་པའོ།།

གསུམ། ཡུལ་དངོས་རྟོག་དཔྱོད་ཀྱི་ཞིབ་འཇུག་བྱ་ཐབས།

མིའི་རིགས་རིག་པའི་ཡུན་རིང་གི་རྟོག་དཔྱོད་ལག་ལེན་ཁྲོད་དུ་བྱེ་བྲག་གི་ཞིབ་འཇུག་བྱ་ཐབས་མང་པོ་ཞིག་གྲུབ་འདུག་སྟེ།   འདིར་རྒྱུན་སྤྱོད་ཀྱི་བྱ་ཐབས་འགའ་ངོ་སྤྲོད་མདོར་ཙམ་མཛད་ན།

1  ལྟ་ཞིབ་དང་དངོས་ཞུགས་ལྟ་ཞིབ། 

མིའི་རིགས་རིག་པས་ལྟ་ཞིབ(观察法)ཀྱི་ཐབས་འདིར་ཤིན་ཏུ་མཐོང་ཆེན་བྱ་སྟེ། དེ་ནི་དཔྱད་གཞིའི་རྒྱུ་ཆ་དང་པོ་འཚོལ་བསྡུ་བྱ་བའི་ཆེས་རྩ་བའི་ཐབས་ལམ་ཞིག་ཏུ་འཛིན། རང་ཉིད་བརྟག་བྱའི་ཡུལ་དེར་སླེབས་པ་ནས་ས་གནས་དེའི་རང་བྱུང་ཁོར་ཡུག་ དང་སྡོད་ཁང་ལ་སོགས་དང་། གཞན་ཡང་གནས་དེའི་རྒྱུན་ལྡན་གྱི་རིག་གནས་བྱ་འགུལ་དང་འཚོ་བའི་གོམས་སྲོལ། མི་དང་མིའི་བར་གྱི་འབྲེལ་བ་ལ་སོགས་པར་ཡིད་གཟབ་གཟབ་ཏུ་དོ་སྣང་བྱེད་དགོས་ཏེ། རང་ཉིད་ཡུལ་དངོས་སུ་སོང་སྟེ་ཐད་ཀར་དུ་ལྟ་ཞིབ་བྱ་དགོས། ལྟ་ཞིབ་བྱ་བ་གཟབ་ནན་དང་ཞིབ་ཚགས་ཡིན་མིན་དེ་གནད་དོན་གང་ཞིག་རྙེད་མིན་གྱི་གནད་འགག་ཡིན། དཔེར་ན་རིག་ གནས་ཀྱི་བྱ་འགུལ་ལྟ་བུ་ཞིག་ལ་མཚོན་ན། མགོ་ནས་མཇུག་བར་དུ་ཕྱོགས་ཡོངས་དང་ཆ་ཚང་དུ་ལྟ་ཞིབ་བྱ་དགོས། མི་གཅིག་གིས་ཐེངས་གཅིག་ལ་ལྟ་ཞིབ་བྱས་པ་ཙམ་གྱིས་ཆ་ཚང་ཞིག་འབྱུང་དཀའ་བས་ན། རྒྱུན་དུ་མི་མང་པོས་མཉམ་ལས་བྱ་བའམ་ཡང་ན་ཡང་ དང་བསྐྱར་དུ་ལྟ་ཞིབ་བྱ་དགོས་པའང་ཡོད་དོ།།

དངོས་ཞུགས་ལྟ་ཞིབ(参与观察法)ཀྱི་བྱ་ཐབས་འདི་ལ་གནས་བཅས་མྱོང་ཚོར(居住体验法)ཞེས་ཀྱང་བྱ། དེ་ནི་རྟོག་ཞིབ་པ་རང་ཉིད་ས་གནས་དེའི་ཐོན་སྐྱེད་དང་འཚོ་བའི་བྱ་འགུལ་ཁྲོད་དངོས་སུ་ཞུགས་ཏེ། ཁོ་ཚོའི་རིག་གནས་སྣང་ཚུལ་དང་སྤྱི་ཚོགས་གནད་དོན་སྣ་ཚོགས་ལ་ཐད་ཀར་དུ་ལྟ་ཞིབ་མཛད་པ་དང་། ཡང་ན་ས་གནས་དེའི་སྤྱི་ཚོགས་སུ་གནས་བཅས་ཏེ་རིག་གནས་ འཚོ་བ་སོགས་དངོས་སུ་མྱོང་བའི་ཐབས་ཤིག་ལ་བྱ། འདི་ནི་རིག་གནས་མིའི་རིགས་རིག་པ་སྨྲ་མཁན་ཚོས་རྒྱུན་དུ་སྤྱོད་པའི་རྒྱུ་ཆ་བསྡུ་ཉར་བྱ་བའི་ཐབས་ལམ་གཙོ་བོ་ཞིག་སྟེ། དེའི་སྔོན་འགྲོའི་ཆ་རྐྱེན་ཞིག་ནི་ས་གནས་གཅིག་ཏུ་ཡུན་རིང་ལ་གནས་བཅས་ནས་   འདུག་དགོས། དེ་ཡང་ཕྱི་གླིང་གི་མིའི་རིགས་རིག་པའི་སྡེ་ལ་ལུགས་སྲོལ་རང་བཞིན་གྱི་གཏན་ཆགས་སུ་སོང་བ་ལྟར་ན། མ་མཐའ་ཡང་མི་ལོ་གཅིག་གི་ཡན་ལ་ས་གནས་དེར་འདུག་དགོས་ལ། ས་དེའི་སྐད་ཡིག་སྦྱངས་ནས་ཁོ་ཚོའི་ཐོན་སྐྱེད་དང་འཚོ་བ། ཡུལ་སྲོལ་གོམས་གཤིས། ཆོས་ལུགས་སོགས་ཀྱི་བྱ་འགུལ་སྣ་སྒོ་མོར་ཕྱོགས་ཡོངས་ནས་ལྟ་ཞིབ་དང་མྱོང་བ་བྱ་དགོས། མིའི་རིགས་རིག་པའི་བྱུང་འཕེལ་ལོ་རྒྱུས་སྟེང་གི་གྲུབ་འབྲས་རླབས་ཆེན་མང་པོ་ཞིག་ཀྱང་ཞིབ་འཇུག་བྱ་ཐབས་འདིའི་རྨང་གཞིའི་སྟེང་བསྐྲུན་པ་ཡིན་ནོ།།

2  བཅར་འདྲི་བྱ་ཐབས། 

རང་ཉིད་བརྟག་གཞིའི་ས་གནས་དེའི་རྒྱུན་ལྡན་འཚོ་བར་དངོས་སུ་ཞུགས་ནའང་ཁོ་ཚོའི་བྱ་སྤྱོད་ཙམ་ལ་ལྟ་ཞིབ་བྱ་བ་ལས་སེམས་ཀྱི་དྲན་ཚུལ་དང་ཡིད་འགྱུར་སོགས་རྟོགས་ཐབས་བྲལ། གཞན་ཡང་བརྟག་གཞི་ལ་ལ་ཞིག་སྟེ་དཔེར་ན་ལྷ་སྒྲུང་དང་ཆོས་ལུགས་དད་མོས། ལོ་རྒྱུས་ཤེས་བྱ་སོགས་ནི་ཕྱི་བལྟས་ཙམ་གྱིས་ངོས་འཛིན་མི་ནུས་ཏེ་ངེས་པར་དུ་མི་སྣ་ག་གེ་མོ་ཞིག་གིས་མཁོ་འདོན་བྱ་དགོས། དེ་བས་མི་སྣར་བཅར་འདྲི་བྱ་བ་འདི་ཡང་ཡུལ་དངོས་རྟོག་དཔྱོད་ཁྲོད་མེད་དུ་མི་རུང་བའི་ཐབས་ལམ་ཞིག་གོ། འབྲེལ་  ཡོད་མི་སྣར་བཅར་འདྲི(访谈法)བྱ་བ་འདི་ནི་དཔྱད་གཞིའི་རྒྱུ་ཆ་དང་པོ་ལག་སོན་འབྱུང་བའི་བྱ་ཐབས་གཙོ་བོ་ཞིག་སྟེ། འདིས་ཕ་རོལ་བའི་བསམ་པའི་བརྩེ་དུང་དང་ཕྱི་ཡུལ་འཇིག་རྟེན་ལ་བཟུང་བའི་ལྟ་ཚུལ་སོགས་མངོན་པར་མ་ཟད། དངོས་ཞུགས་ལྟ་ཞིབ་  ལས་ཐོན་པའི་རྒྱུ་ཆ་རྣམས་ཡང་དག་ཡིན་མིན་ལ་ཞིབ་བཤེར་བྱ་ནུས་ཤིང་། ཚོགས་པ་གང་ཞིག་གི་འབྲེལ་ཡོད་དད་མོས་སོགས་ཀྱི་གནས་ཚུལ་ཁྱད་པར་བ་རྣམས་ཤེས་རྟོགས་བྱ་ནུས། ཡིན་ཡང་དེར་ཞན་ཆ་ཞིག་ལྡན་པ་ནི། བཅར་འདྲི་བྱ་ཡུལ་གྱི་མི་དེས་ཀྱང་སྐབས་ལ་ལར་བརྟག་གཞིའི་བྱ་དངོས་དེའི་འགོ་མཇུག་བར་གསུམ་གྱི་ཞིབ་ཆ་མཐའ་དག་བློ་ལ་འཆར་བའི་ངེས་པ་མེད་ཅིང་། ངག་ནས་བརྗོད་པ་ཐམས་ཅད་ཕྱི་ཡུལ་དོན་དངོས་དང་མཐུན་པའི་ངེས་པའང་མ་མཆིས། སྐབས་འདི་ལྟ་བུ་ལ་རང་གི་ལྟ་ཞིབ་ལས་རྙེད་པའི་དོན་དངོས་དང་བཅར་འདྲིའི་གནས་ཚུལ་གཉིས་ཞིབ་བསྡུར་མཛད་ཚེ། ད་གཟོད་བདེན་རྫུན་ལ་དབྱེ་བ་ཕྱེས་ཏེ་ཕུགས་ཀྱི་འདོད་   དོན་དེ་འགྲུབ་འོང་ངོ་།།

ཡང་བཅར་འདྲི་བྱ་ཡུལ་གྱི་མི་སྣ་ནི་དམིགས་ཡུལ་ཡོད་པའི་སྒོ་ནས་འདེམས་སྒྲུག་བྱ་དགོས་ཏེ། དངོས་སུ་མྱོང་མཁན་ཞིག་དང་ཡང་ན་བྱ་བ་དེར་གསལ་ཆ་ལྡན་པ་སོགས་གང་ལྟར་དཔེར་མཚོན་རང་བཞིན་གྱི་མི་སྣ་ཞིག་ཡིན་དགོས། བཅར་འདྲི་དེ་ཡང་སྔོན་མ་ ནས་ས་གནས་དང་དུས་ཚོད་སོགས་ཐག་བཅད་ཅིང་། དྲི་བྱའི་རྩ་གནད་གཏན་དུ་འཁེལ་ཏེ་དམིགས་ཡུལ་ཡོད་པའི་སྒོ་ནས་གནད་དོན་ཕྱོགས་གཅིག་ལ་རྒྱུས་ལོན་བྱས་རུང་ལ། ཡང་ཚད་བཀག་གང་ཡང་མེད་པར་རྒྱུན་ལྡན་གྱི་ཁ་བརྡའི་རྣམ་པས་སྤེལ་ཡང་རུང་།   བཅར་འདྲིའི་གོ་རིམ་ཁྲོད་དུ་ཕ་རོལ་བར་དོགས་གཞིའི་དྲི་བ་འདོན་རུང་མོད་དགག་པ་དང་སྐྱོན་བརྗོད་སོགས་ཀྱི་སྐད་ཆར་ཤིན་ཏུ་འཛེམ་དགོས། བཅར་འདྲི་བྱ་ཡུལ་གྱི་མི་དེས་ཇི་ལྟ་ཇི་ལྟར་བརྗོད་པ་དེ་ལྟ་དེ་ལྟར་ཟིན་ཐོར་འགོད་པ་ལས་རང་གི་འདོད་མོས་དང་ཡང་ན་གཞན་གྱི་ཟུར་སྒྲོས་བཞིན་བཟོ་བཅོས་བྱ་མི་རུང་། ཡང་བཅར་འདྲིའི་སྐབས་སུ་སྐད་བརྡའི་བཀག་རྒྱ་འདྲ་བྱུང་ན་ཆུ་ཚད་ངེས་ཅན་ལྡན་པའི་མི་སྣ་གཞན་པའི་སྐད་གཉིས་ལོ་ཙཱ་ལ་བརྟེན་དགོས་སོ།།

3  འདྲི་གཞིའི་རྟོག་ཞིབ།

འདྲི་གཞིའི་རྟོག་ཞིབ་བྱ་ཐབས(问卷调查法)ནི་བརྟག་ཡུལ་གྱི་མི་སྣ་དེས་འདྲི་གཞིའི་རེའུ་མིག་སྐོང་བའི་ཐབས་ལམ་ཞིག་ལ་བྱ་སྟེ། འདྲི་གཞི་དང་དེ་དག་གི་དྲིས་ལན་སྐོར་ཞིག་ཇུས་འགོད་བྱས་ཏེ། ལན་འདེབས་མཁན་དེར་དེའི་ཁྲོད་ཀྱི་དྲིས་ལན་གཅིག་གདམ་ཀ་བྱེད་དུ་འཇུག་པ་ཡིན། མིའི་རིགས་རིག་པས་བྱ་ཐབས་འདི་སྤྱོད་པ་ནི་སྤྱི་ཚོགས་རིག་པ་དང་མི་འདྲ་སྟེ། ཨ་རིའི་མཁས་པ་ བེ་ལེན·A.ཧ་བེ་ལན་གྱིས།"མིའི་རིགས་རིག་པས་ནི་སྤྱི་ཚོགས་རིག་པ་སྨྲ་མཁན་དང་མི་འདྲ་བར་སྔོན་མ་ནས་བཟོས་པའི་རྟོག་ཞིབ་རེའུ་མིག་ལ་མི་བརྟེན་ཏེ། རྟོག་ཞིབ་རེའུ་མིག་དེ་དག་ནི་ཁོ་ཚོས་རྟོགས་འདོད་པ་དེ་ཉིད་ཁོ་ནར་དམིགས་པ་ཡིན། མིའི་རིགས་རིག་པ་སྨྲ་བས་དེ་བས་ཀྱང་དམིགས་བྱ་རྒྱ་བསྐྱེད་པས་ན་བློ་ཡུལ་དུ་མ་ཤར་བའི་གནད་དོན་མང་པོ་ཞིག་རྙེད་སྲིད། འོན་ཀྱང་མིའི་རིགས་རིག་པ་སྨྲ་མཁན་ཚོས་འདྲི་གཞིའི་རྟོག་ཞིབ་རེའུ་མིག་མི་སྤྱོད་པ་མ་ཡིན་པར་སྐབས་འགར་བེད་སྤྱོད་གཏོང་བ་ཡིན། སྤྱིར་བཏང་དུ་ བརྗོད་ན། བྱ་ཐབས་འདི་ནི་ཁ་སྐོང་གི་ཚུལ་དུ་གཞན་ལས་ཐོབ་ཟིན་པའི་རྒྱུ་ཆ་དག་གསལ་བཤད་ཀྱི་ཆེད་དུ་བཀོལ་བ་ཡིན།"⑸ཞེས་གསུངས་པ་བཞིན་ཐབས་ལམ་འདིས་གཙོ་བོ་དཔེ་གཞི་ཅན་གྱི་གནད་དོན་ཐག་གཅོད་པ་ལས་གཞན་ད་དུང་བརྟག་གཞིའི་མི་སྣ་དེ་ དག་གིས་གནད་དོན་གང་ཞིག་ལ་བཅངས་པའི་ལྟ་ཚུལ་དང་སེམས་ཁམས་སོགས་ཀྱང་ཤེས་རྟོགས་བྱ་བ་ཡིན་ནོ།།

4  རིག་རྫས་དང་ཡིག་ཚགས་བསྡུ་ཉར་བྱ་ཐབས།

གྲངས་ཉུང་མི་རིགས་ཀྱི་རིག་རྫས་ནི་སྤྱིར་བཏང་དུ་གྲངས་ཉུང་མི་རིགས་གང་དེའི་དངོས་ཡོད་སྤྱི་ཚོགས་འཚོ་བའི་ཁྲོད་དུ་གནས་ཡོད་དེ། མིའི་རིགས་རིག་པའི་ཞིབ་འཇུག་གི་རིན་ཐང་དང་དངོས་མང་བཤམས་སྟོན་གྱི་རིན་ཐང་ལྡན་པ་ཡོད་ཚད་རིག་རྗས་སུ་གཏོགས་པ་ཡིན། དཔེར་ན་དངོས་སུ་སྤྱོད་བཞིན་པའི་ལག་ཆ་ཞིག་གམ་ཡང་ན་ལུས་ལ་གྱོན་པའི་ལྭ་བ་ཞིག མཆོད་ཡུལ་དུ་བཀུར་བའི་ལྷ་སྐུ་ཞིག་སོགས་ཀྱང་རིག་རྗས་སུ་མཐོང་བ་ཡིན། མི་རིགས་ཀྱི་རིག་རྫས་ཡིན་ན་དེར་ཚབ་བྱེད་རང་བཞིན་དང་དཔེར་མཚོན་རང་བཞིན་ཏེ་མི་རིགས་ཀྱི་ཁྱད་ཆོས་ངེས་ཅན་ཞིག་ལྡན་པ་ཡིན། རིག་རྫས་དེ་དག་བསྡུ་ཉར་བྱ་བ་ལ་ངེས་པར་དུ་སྲིད་ཇུས་ལྟར་བྱ་བ་ལས་བཙན་དབང་སྤྱོད་མི་རུང་ལ། མི་རིགས་དེའི་དད་མོས་དང་བརྩེ་དུང་སོགས་ལ་གནོད་འཚེ་གཏོང་མི་རུང་ཞིང་བདག་ཉར་    ལེགས་པོ་བྱ་དགོས་སོ།། ཡིག་ཚགས་བསྡུ་ཉར་ནི་བརྟག་བྱའི་མི་སྣ་དེའི་ཁྱིམ་ཐོ་དང་རིགས་ཐོ། གཉེན་ཚན་ལམ་ལུགས་སོགས་ལ་རྟོག་ཞིབ་བྱ་བ་སྟེ། དེ་ལྟར་ན་མི་རིགས་དེའི་ཁྱིམ་ཚང་གི་ལམ་ལུགས་དང་གཉེན་སྲོལ་ལམ་ལུགས། མི་རིགས་གནས་སྤོར་སོགས་ལ་དབྱེ་ཞིབ་བྱ་བར་རིན་ཐང་ཆེན་པོ་ལྡན་ཞིང་། འདི་ལྟར་བསྒྲུབ་པ་ལ་སྐད་བརྡ་རིག་པ་དང་སྐད་ཆའི་འབྲེལ་འདྲིས་ཀྱི་ཤེས་བྱ་ངེས་ཅན་ ཞིག་ལྡན་དགོས་སོ།།

5  རིག་གནས་ཞིབ་བསྡུར་བྱ་ཐབས།

འདི་ནི་འཛམ་གླིང་གི་མི་རིགས་མི་འདྲ་བ་དག་གི་ལོ་རྒྱུས་ཟིན་ཐོ་ལས་དཔེར་མཚོན་ཅན་གྱི་རྒྱུ་ཆ་བླངས་ནས་ཕན་ཚུན་ཞིབ་བསྡུར་དང་བསྡོམས་རྩིས་དབྱེ་ཞིབ་མཛད་ནས་རང་གི་ལྟ་བ་གང་ཞིག་ར་སྤྲོད་བྱ་བ་དང་། མིའི་རིགས་ཀྱི་བྱ་སྤྱོད་སྤྱི་ལ་ཁྱབ་པའི་ཐུན་མོང་གི་མཐུན་ཆ་དང་རིག་གནས་ཀྱི་ཁྱད་པར་སོགས་འཚོལ་སྙེག་བྱས་པ་བརྒྱུད་དེ། ཆོས་ཉིད་ག་གེ་མོ་ཞིག་སྤྱི་བསྡོམས་བྱ་བ་ཡིན།   མིའི་རིགས་རིག་པའི་ཡུལ་དངོས་རྟོག་ཞིབ་ཀྱི་མཐར་ཐུག་གི་དམིགས་ཡུལ་ནི། རིག་གནས་གང་ཞིག་ལ་དོན་དངོས་དང་མཐུན་པའི་གདེང་འཇོག་མཛད་རྒྱུ་དང་། དཔྱད་གཞིའི་རྒྱུ་ཆ་དང་པོར་བརྟེན་ནས་མི་རྣམས་ཀྱི་བྱ་སྤྱོད་ལ་འགྲེལ་བཤད་མཛད་པའི་གཞུང་གཞུང་སྒྲོམ་གཞི་ཞིག་བསྐྲུན་རྒྱུ་དེ་ཡིན་ནོ།།

གཞན་ཡང་མིའི་རིགས་རིག་པ་སྨྲ་བ་ཚོས་རིག་གནས་སྣང་ཚུལ་གང་ཞིག་ལ་དབྱེ་ཞིབ་བྱེད་ནའང་དུས་འདས་རྣམ་པའི་ཞིབ་འཇུག(历时态研究)དང་དུས་མཉམ་རྣམ་པའི་ཞིབ་འཇུག(共时态研究)གི་ཐབས་ལམ་གཉིས་ཙམ་སྤྱོད་པ་ཡིན། སྔ་མ་ནི་གཙོ་བོ་རིག་གནས་གྱི་ལོ་རྒྱུས་འབྱུང་ཁུངས་འཚོལ་སྙེག་བྱ་བ་སྟེ། དེ་ཡང་སྤྱི་ཚོགས་ཤིག་གམ་ས་ཁུལ་ངེས་ཅན་ཞིག་གི་རིག་གནས་བརྗོད་གཞི་ག་གེ་མོ་ཞིག་ལ་ལོ་རྒྱུས་ཀྱི་གཞུང་ཕྱོགས་ཐད་ནས་དབྱེ་ཞིབ་མཛད་པ་དང་། ཕྱི་མ་ནི་གཙོ་བོ་རིག་གནས་ཀྱི་ངོ་བོ་དང་   གྲུབ་ཚུལ། བྱེད་ནུས་སོགས་ལ་ཞིབ་འཇུག་བྱེད་པ་སྟེ། དེ་ཡང་སྤྱི་ཚོགས་ཤིག་གམ་ས་ཁུལ་ངེས་ཅན་ཞིག་ལ་འཕྲེད་ཕྱོགས་ཀྱི་ཟུར་ནས་དབྱེ་ཞིབ་མཛད་པ་ཡིན། ཕྱི་མ་འདིས་སྤྱིར་བཏང་དུ་དུས་ཡུན་ངེས་ཅན་ཞིག་གི་སྤྱི་ཚོགས་རིག་གནས་ཀྱི་ཁྱད་ཆོས་དང་སྤྱི་ཚོགས་འཚོ་བའི་མངོན་ཚུལ་སོགས་ལ་ལྟ་ཞིབ་དང་། དེ་དང་ཉེ་མཚུངས་ཀྱི་སྤྱི་ཚོགས་རིག་གནས་ཕན་ཚུན་བར་ཞིབ་བསྡུར་བྱ་བ་ཡིན། དུས་མཉམ་རྣམ་པའི་ཞིབ་འཇུག་ནི་དོན་གྱིས་རིག་གནས་ཞིབ་བསྡུར་གྱི་ཐབས་ལམ་ཞིག་སྟེ། ལོ་རྒྱུས་དུས་རིམ་གཅིག་ལ་གནས་པའི་ཚོགས་པ་གང་ཞིག་དང་འཛམ་གླིང་ཁྱབ་ཁོངས་ཀྱི་ཚོགས་པ་གཞན་དག་གིས་བྱེ་བྲག་གི་བྱ་དངོས་ཤིག་ལ་བཅང་བའི་ལྟ་ཚུལ་སོགས་ཤེས་རྟོགས་བྱ་བར་ཕན་པ་ཆེ་བས་ན། མཁས་པ་ཁ་ཤས་ཀྱིས་འདི་ནི་མིའི་རིགས་སྤྱི་ཚོགས་ཀྱི་སྤྱིར་བཏང་བའི་རྩ་བའི་ཁྱད་ཆོས་འཚོལ་བའི་ཐབས་ལམ་ཉག་གཅིག་ཡིན་པར་བརྗོད། ཞིབ་བསྡུར་ཞིབ་འཇུག་བྱ་བར་དོ་སྣང་བྱ་དགོས་པ་གཤམ་གྱི་ཕྱོགས་གསུམ་ཙམ་སྣང་སྟེ། གཅིག ཞིབ་བསྡུར་བྱེད་དུས་དུས་རབས་རང་བཞིན་ལ་དོ་སྣང་བྱ་དགོས་ཏེ། སྤྱི་ཚོགས་འཕེལ་རིམ་གཅིག་ལ་གནས་པའི་ཚོགས་པ་རྣམས་ད་གཟོད་ཕན་ཚུན་ཞིབ་བསྡུར་བྱ་བ་ཡིན། གཉིས། གལ་ཏེ་རྒྱུ་ཆ་མི་འཕྲོད་པ་དང་ཡང་ན་བསྡུར་ཐབས་བྲལ་བ་ཞིག་ཡིན་ན་བཙན་གྱིས་སྤྱོད་མི་རུང་། གསུམ། ཞིབ་བསྡུར་བྱེད་དུས་ཕྱོགས་ཡོངས་ལ་གཞིགས་དགོས་ཏེ། དཔེ་གཞི་བྱེ་བྲག་པ་ཞིག་གི་གཏིང་ཟབ་ཅིང་རྒྱ་ཆེ་བའི་ཞིབ་འཇུག་ནས་འགོ་རྩོམ་དགོས་སོ།།

མདོར་ན། མིའི་རིགས་རིག་པའི་ཡུལ་དངོས་རྟོག་དཔྱོད་ཀྱི་ཞིབ་འཇུག་བྱ་ཐབས་ལ་འདྲ་མིན་སྣ་ཚོགས་ཤིག་མཆིས་ཏེ། ཐབས་ལམ་གྱི་རིགས་གང་ཞིག་ཡིན་ཡང་འབྲེལ་མེད་ཁེར་རྐྱང་དུ་སྤྱད་ན་མི་རུང་བར་ཕན་ཚུན་ཁ་སྐོང་དང་རམ་འདེགས་ཀྱི་ཚུལ་དུ་བཀོལ་དགོས། ཆེད་ལས་ཀྱི་མིའི་རིགས་རིག་པ་སྦྱངས་མཁན་ཞིག་ཡིན་ན། རྟོག་ཞིབ་བྱ་ཐབས་འདི་དག་ལ་བྱང་ཆ་ལྡན་དགོས་ལ་ལག་ལེན་དུའང་སྤྱོད་ཤེས་དགོས། མིའི་རིགས་རིག་པའི་སྐོར་ལ་ཞིབ་འཇུག་བྱེད་དུས་གཞན་ད་དུང་ལོ་རྒྱུས་རིག་པ་དང་སྐད་བརྡ་རིག་པ།        དམངས་སྲོལ་རིག་པ། གནའ་དཔྱད་རིག་པ། སྤྱི་ཚོགས་རིག་པ། ཆབ་སྲིད་རིག་པ། སེམས་ཁམས་རིག་པ། མཚན་ཉིད་རིག་པ།       བསྡོམས་རྩིས་རིག་པ་སོགས་བསླབ་ཚན་གཞན་པའི་གཞུང་ལུགས་ཤེས་བྱ་ཡང་བསྡུ་ལེན་དང་བེད་སྤྱོད་བྱེད་དགོས་མོད། འདིར་རེ་རེ་བཞིན་ཞིབ་བརྗོད་མི་བྱའོ།། །།

ཁུངས་ལུང་། 

⑴《སྟབས་བདེའི་པོ་ལེ་ཏེན་ཤེས་བྱ་ཀུན་བཏུས》རྒྱ་ཡིག་དེབ་དཔར་ཐེངས་དང་པོའི་ལེའུ་བརྒྱད་པའི་ཤོག་ངོས260ན་གསལ། 1986ལོར་པེ་ཅིན་ཀྲུང་གོའི་ཤེས་བྱ་ཀུན་བཏུས་དཔེ་སྐྲུན་ཁང་། 

⑵ཁོའོ་པོའི《སྤྱི་ཚོགས་ཚན་རིག་གི་ཤེས་བྱ་ཀུན་བཏུས》རྒྱ་ཡིག་དེབ་དཔར་ཐེངས་དང་པོའི་ཤོག་ངོས161ན་གསལ། 1989ལོར་ཧྲང་ཧེ་འགྱུར་རྩོམ་དཔེ་སྐྲུན་ཁང་།

⑶ ཨ་རིའིC.ཨིན་པོ་དངM.ཨིན་པོའི《རིག་གནས་ཀྱི་འགྱུར་བ་སྟེ་དེང་རབས་རིག་གནས་མིའི་རིགས་རིག་པའི་སྤྱི་དོན》རྒྱ་འགྱུར་མ། 1988ལོར་ལོའུ་ཉིན་མི་དམངས་དཔེ་སྐྲུན་ཁང་། ཤོག་ངོས97-98ན་གསལ། 

⑷ ཨ་རིའིR.M.ཅི་ཞིན་གྱི《དེང་རབས་རིག་གནས་མིའི་རིགས་རིག་པ》རྒྱ་འགྱུར་མ། 1981ལོར་ཐའེ་ཝན་ཅུའུ་ལིག་དཔེ་སྐྲུན་ཀུང་སི། ཤོག་ངོས21ན་གསལ།

⑸ བེ་ལེན·A.ཧ་བེ་ལན་གྱི《དེང་རབས་མིའི་རིགས་རིག་པ》 ཝང་མེན་མེན་སོགས་ཀྱིས་རྒྱ་ཡིག་ཏུ་བསྒྱུར། 1987ལོར་ཧྲང་ཧེ་མི་དམངས་དཔེ་སྐྲུན་ཁང་། ཤོག་ངོས19ན་གསལ།


མཉམ་སྤྱོད།