དེ་རིང་ནི2025ལོའི་ཟླ09པའི་ཚེས16ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

བོད་བཙན་པོའི་དུས་ཀྱི“འགྱུར་སྐྱོན་བརྒྱད”ཀྱི་རྣམ་གཞག་དང་དེའི་རིག་གཞུང་དོན་སྙིང་སྐོར་གླེང་བ།

2025-09-16 15:20:45   |   68

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། ནུབ་བྱང་མི་རིགས་སློབ་ཆེན་རིག་དེབ། བཤེར་འབེབས། རིན་ཆེན་ཚེ་རིང་།


888888.jpg

འབའ་སྟོད་ཚེ་དབང་རྡོ་རྗེ། 1973ལོར་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་འབའ་རྫོང་སུམ་མདོ་སྡེ་བར་སྐྱེས། མི་རིགས་རིག་པའི་འབུམ་རམས་པ། མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་དགེ་རྒན་ཆེན་མོ་དང་། མི་རིགས་རིག་པའི་ཆེད་ལས་ཀྱི་འབུམ་རམས་པའི་མཛུབ་སྟོན་དགེ་རྒན། ཞིང་ཆེན་རིམ་པའི་མཐོ་རིམ་སློབ་གྲྭའི་རྐང་འཛིན་དགེ་རྒན་བཅས་ཡིན། སྔ་ཕྱིར་ཞིབ་འཇུག་སློབ་མ་དང་དངོས་གཞི་སློབ་མ་རྣམས་ལ《རིག་གནས་མིའི་རིགས་རིག་པ》《བོད་རིག་པ་སྤྱི་བཤད》《རྒྱ་བོད་རྩོམ་རིག་ལོ་ཙཱ》སོགས་སློབ་ཁྲིད་བྱས་མྱོང་། 《ཀྲུང་གོའི་བོད་རིག་པ》སོགས་རིག་གཞུང་དུས་དེབ་སྟེང་རྒྱ་བོད་ཡིག་རིགས་གཉིས་ཀྱི་ལམ་ནས་དཔྱད་རྩོམ་ལྔ་བཅུ་ལྷག་སྤེལ་ཅིང་། བསྒྱུར་དཔེ་གསུམ་དང་སློབ་དེབ་བཞི། རིག་གཞུང་ཆེད་དེབ་གསུམ་བཅས་དངོས་སུ་པར་བསྐྲུན་བྱས། མིག་སྔར་བར་རྒྱལ་ཁབ་རིམ་པའི་ཞིབ་འཇུག་ལས་གཞི་གསུམ་ཙམ་ལ་མགོ་འཛིན་བྱས་ཏེ་ཡོངས་སུ་གྲུབ་ལ། སློབ་གྲྭ་རིམ་པའི་ལས་གཞི་གསུམ་ཙམ་བསྒྲུབས།  ཞིང་ཆེན་དང་སློབ་གྲྭ་རིམ་པའི་སློབ་ཁྲིད་བྱ་དགའ་གསུམ་ཙམ་དང་། རྒྱལ་ཁབ་རིམ་པའི་ཞིབ་འཇུག་བྱ་དགའ་གཅིག ཞིང་ཆེན་དང་སློབ་གྲྭ་རིམ་པའི་ཞིབ་འཇུག་བྱ་དགའ་མང་པོ་བླངས་མྱོང་ངོ་།།

ནང་དོན་མདོར་བསྡུས།“འགྱུར་སྐྱོན་བརྒྱད”ཅེས་པ་ནི་བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་བཀའ་བསྩལ་བ་ལྟར་ཀ་ཅོག་ཞང་གསུམ་གྱིས་གཙོས་པའི་ལོ་པཎ་མང་པོས་སྔ་འགྱུར་རྣམས་ལ་ཞུ་དག་མཛད་དུས་བཏོན་པའི་འགྱུར་སྐྱོན་རིགས་བརྒྱད་དུ་བཏོན་པ་ལ་བྱ་སྟེ། དུས་སྐབས་དེའི་བཙན་པོའི་བཀའ་འཁྲོལ་བཞིན་ནང་བསྟན་བོད་ཡིག་ཏུ་བསྒྱུར་བའི་བྱ་རིམ་ཁྲོད་སྤྱི་བསྡོམས་མཛད་པའི་འགྱུར་དཔྱད་ཀྱི་གྲུབ་འབྲས་ཡིན་པས། དེར་བཙན་ཤུགས་རང་བཞིན་དང་དབང་གྲགས་རང་བཞིན་ཆེས་ཆེར་ལྡན་པ་སྨྲས་མེད་ཡིན།“འགྱུར་སྐྱོན་བརྒྱད”ཀྱི་རྣམ་གཞག་ནི་ཁྲི་སྲོང་ལྡེ་བཙན་ཡབ་སྲས་ཀྱི་སྐུ་རིང་ལ་བོད་ཡིག་ལ་བཀས་བཅད་ཐེངས་དང་པོ་དང་གཉིས་པ་མཛད་པའི་རིག་པའི་རྨང་གཞི་རུ་གྲུབ་ཅིང་། ལོ་པཎ་རྣམ་པས་ནང་བསྟན་ལོ་ཙཱ་དང་འགྱུར་ཞུས་མཛད་དུས་གཞིར་འཛིན་ས་དང་རྒྱབ་རྟེན་སའི་བཀའ་ཁྲིམས་ལྟ་བུའང་ཡིན། དཔྱད་རྩོམ་འདིར་འགྱུར་སྐྱོན་བརྒྱད་སོ་སོའི་གོ་དོན་དང་དེ་དག་གི་འབྱུང་རྐྱེན། སྐྱོན་སེལ་ལ་སོགས་བྱེ་བྲག་གི་དཔེ་དང་བཅས་གསལ་བཤད་བྱས་པ་དང་། འགྱུར་སྐྱོན་བརྒྱད་དུ་མཛད་པ་འདིར་ལུགས་མཐུན་དང་ཡང་དག་གི་ཁྱད་ཆོས་མངོན་པར་གསལ་བས། བོད་སྔ་རབས་ཀྱི་ལོ་ཙཱའི་བྱ་གཞག་ཁྲོད་དུ་རིག་གཞུང་གི་དོན་སྙིང་གལ་ཆེན་ལྡན་པར་མ་ཟད། དུས་ད་ལྟའི་ལོ་ཙཱའི་དཔྱད་བརྗོད་དང་ལག་ལེན་ལ་མཚོན་ནའང་སྣེ་ཁྲིད་དང་མཛུབ་སྟོན་གྱི་བྱེད་ནུས་ཆེན་པོ་ལྡན་པ་ར་སྤྲོད་བྱས་ཡོད།

གནད་ཚིག ཁྲི་སྲོང་ལྡེ་བཙན། འགྱུར་སྐྱོན་བརྒྱད། རིག་གཞུང་དོན་སྙིང་།

“འགྱུར་སྐྱོན་བརྒྱད”ཅེས་པ་ནི་བོད་རྒྱལ་ཁྲི་སྲོང་ལྡེ་བཙན་ཡབ་སྲས་ཀྱི་སྐུ་རིང་ལ་ནང་བསྟན་བོད་ཡིག་ཏུ་རྒྱ་ཆེར་བསྒྱུར་ནས་འགྱུར་སྤུས་ལ་ཁག་ཐེག་འོང་བའི་དགོས་མཁོ་ལྟར་ལོ་པཎ་མང་པོ་བསྡུས་ཏེ་སྔ་འགྱུར་རྣམས་ལ་ཞུ་དག་དང་འགྱུར་བཅོས་གཏོང་དུས་སྤྱི་བསྡོམས་མཛད་པའི་འགྱུར་གྱི་སྐྱོན་མི་འདྲ་བ་རིགས་བརྒྱད་དེ། བྱེ་བྲག་ཏུ་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་ཚེ་སྨད་ཙམ་ལ་བྱོན་པའི་ལོ་ཆེན་འབྲོ་ཀ་བ་དཔལ་བརྩེགས་དང་། ཅོག་རོ་ཀླུའི་རྒྱལ་མཚན། སྣ་ནམ་གྱི་ཡེ་ཤེས་སྡེ་གསུམ་གྱིས་བཙན་པོའི་བཀའ་སྤྱི་བོར་བླངས་ནས་སྔ་འགྱུར་རྣམས་ལས་བྱུང་བའི་འགྱུར་སྐྱོན་ཐམས་ཅད་བསལ་དུས་བྱེ་བྲག་གི་འགྱུར་སྐྱོན་བརྒྱད་ཙམ་བཏོན་པ་ལ་བྱ། འདི་ནི་དུས་སྐབས་དེར་བཙན་པོའི་བཀའ་འཁྲོལ་བཞིན་ནང་པའི་བསྟན་བཅོས་བོད་ཡིག་ཏུ་བསྒྱུར་བའི་བྱ་རིམ་ཁྲོད་བྱུང་བའི་འགྱུར་སྐྱོན་རྣམས་བྱེ་བྲག་ཏུ་བསྟན་པས་ན། བཙན་ཤུགས་རང་བཞིན་དང་དབང་གྲགས་རང་བཞིན་མངོན་པར་མཐོ་བ་སྨྲས་མ་དགོས་ལ། འགྱུར་ཡིག་རྣམས་ལ་ལེགས་ཉེས་ཀྱི་དཔྱད་བརྗོད་མཛད་དུས་བརྩི་སྲུང་དང་ལག་བསྟར་བྱ་འོས་པའི་བཀའ་རྒྱ་ལྟ་བུའང་ཡིན། སྔ་མ་སྔ་མའི་འགྱུར་ཡིག་ལ་ཕྱི་མ་ཕྱི་མས་དཔྱད་བརྗོད་སྤེལ་ཏེ་ཡང་དག་པར་བཅོས་པ་དེས་འགྱུར་སྐྱོན་རྣམས་དུས་ལྟར་དུ་སེལ་ཏེ་འགྱུར་སྤུས་ལ་ཁག་ཐེག་དང་བཅས་ལོ་ཙཱའི་བྱ་བ་སྤྱི་ཡོངས་གོང་འཕེལ་འབྱུང་བར་སྐུལ་འདེད་ཀྱི་ནུས་པ་རྒྱ་ཆེར་ཐོན་ཡོད་པས། དེར་རིག་གཞུང་གི་དོན་སྙིང་དང་ལག་ལེན་གྱི་རིན་ཐང་བླ་ན་མཐོ་བར་མ་ཟད། དུས་ད་ལྟའི་ལོ་ཙཱའི་ལག་ལེན་ལའང་དྲན་སྐུལ་དང་མཛུབ་སྟོན་གྱི་བྱེད་ནུས་གལ་ཆེན་ལྡན་པ་ཡིན།

དང་པོ།“འགྱུར་སྐྱོན་བརྒྱད”བཏོན་པའི་ལོ་རྒྱུས་རིག་གནས་ཀྱི་རྒྱབ་ལྗོངས་བཤད་པ།

སྤྱི་ལོ་དུས་རབས་བདུན་པའི་བོད་རྒྱལ་སྲོང་བཙན་སྒམ་པོའི་སྐུ་རིང་ལ། བོད་ཀྱི་ལོ་ཙཱ་བ་ཐོག་མ་སློབ་དཔོན་ཐོན་མི་དང་རྒྱ་གར་གྱི་སློབ་དཔོན་ཀུ་ས་ར་ལ་སོགས་ཀྱིས《མདོ་ཟ་མ་ཏོག་བཀོད་པ》དང《སྤང་སྐོང་ཕྱག་རྒྱ་བའི་མདོ》དང་བཅས་པའི་ནང་བསྟན་གྱི་གཞུང་ཁ་ཤས་རང་སྐད་དུ་ཐོག་མར་བསྒྱུར་པ་ནས་བོད་ཀྱི་ལོ་ཙཱ་བྱ་བའི་སྒོ་འཕར་ཐེངས་དང་པོར་ཕྱེ་མོད། དེ་ནས་དུས་རབས་ཕྱེད་ཙམ་གྱི་རིང་ལ་རྒྱུ་རྐྱེན་སྣ་ཚོགས་པའི་དབང་གིས་ལོ་ཙཱའི་ལས་དོན་གྱི་རྒྱུན་བསྐྱང་མ་ནུས་པར་ལུས། དུས་རབས་བརྒྱད་པའི་དུས་མགོ་ཙམ་ལ་བོད་རྒྱལ་ཁྲི་ལྡེ་གཙུག་བརྟན་དང་ལྷག་ཏུ་གདུང་རབས་ཕྱི་མ་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་རིང་ནས་ལོ་ཙཱའི་བྱ་བར་ཡང་བསྐྱར་གསོན་ཤུགས་རྒྱས་པ་དང་བསྟུན་ནས་སྔ་འགྱུར་རྣམས་ལ་དཔྱད་བརྗོད་སྤེལ་བའི་དབུ་ཡང་བརྙེས་པར་མངོན། ལོ་རྒྱུས་ཡིག་ཆ་ལས་ཤེས་གསལ་ལྟར་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ལ་ནང་བསྟན་ལོ་ཙཱ་མཛད་པར་ཕྱི་ནང་གི་མཐུན་རྐྱེན་སྣ་ཚོགས་བསྐྲུན་པ་སྟེ། མ་ཞང་ཁྲོམ་པ་སྐྱེས་ཀྱིས་གཙོས་པའི་བོན་ཕྱོགས་ཀྱི་སྟོབས་ཤུགས་མེད་པར་བཟོས་ནས་སངས་རྒྱས་ཆོས་གཞུང་བསྒྱུར་བར་ཕྱིའི་མཐུན་རྐྱེན་གྲུབ་པ་དང་། མཁན་སློབ་རྣམ་གཉིས་སྤྱན་དྲངས་ནས་བསམ་ཡས་གཙུག་ལག་ཁང་བཞེངས་ཤིང་ལྷག་ཏུ་སྒྲ་བསྒྱུར་རྒྱ་གར་གླིང་ཞེས་པའི་ལོ་ཙཱའི་བྱ་བ་ཆེད་གཉེར་གྱི་སྡེ་བཏབ། སད་མི་བདུན་རབ་ཏུ་བྱུང་ནས་བོད་ལ་རབ་བྱུང་གི་སྡེ་བཙུགས། ཕྱིའི་ལོ་པཎ་མང་པོ་རང་ཡུལ་དུ་གདན་དྲངས། བཙན་པོའི་བླ་ནས་འགྲོ་གྲོན་འབོར་ཆེན་བཏང་སྟེ་ལོ་ཙཱ་བ་མང་དུ་གསོ་སྐྱོང་གནང་བ་ལ་སོགས་པའི་ཕྱི་ནང་གི་རྟེན་འབྲེལ་ལས་ནང་བསྟན་བསྒྱུར་བའི་མཐོ་རླབས་འཕྱུར་ཏེ“སྡེ་སྣོད་གསུམ་དང་གསང་སྔགས་ཀྱི་ཆོས་རྒྱ་གར་དུ་མ་ལུས་པ་ཙམ་བསྒྱུར་པ”[1]ཡིན།  དུས་སྐབས་དེའི་བསྒྱུར་བྱ་གཙོ་བོར་གྲུབ་པའི་ནང་པའི་བསྟན་བཅོས་ནི་སྐད་ཡིག་སྣ་ཚོགས་ནས་བསྒྱུར་འོངས་པ་ནི《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད》ལས“བདེ་བར་གཤེགས་པའི་བཀའ་གསུང་རབ་ཐམས་ཅད་གཟིགས་པས། ཆོས་པ་ལ་ལ་ནི་རྒྱ་དཀར་པོའི་སྐད། 【ལ་ལ་ནི་རྒྱ་ནག་པོའི་སྐད།】 ལ་ལ་ནི་བལ་པོའི་སྐད། ལ་ལ་ནི་ཨོ་རྒྱན་གྱི་སྐད་དུ་ཆོས་སྨྲ་བ། མེས་ཀྱི་ལྷ་དང་ཆོས་སྐད་སྣ་ཚོགས་སུ་འབྱུང་བ་འདི་སློབ་དཀའ་བས་མ་ལེགས་པས། སངས་རྒྱས་རྒྱ་གར་དུ་བྱོན་ནས་ཆོས་རྒྱ་གར་དུ་གསུངས་པ་ཡིན་པས། ད་ཡང་རྒྱ་གར་གྱི་སྐད་དུ། གཞན་གྱི་སྐད་རིགས་ཀུན་བསྒྱུར་ནས་རྒྱ་གར་གྱི་སྐད་ཡུག་གཅིག་ཏུ་འགྱུར་བ་བྱེད་ཅེས་བཀའ་སྩལ།”[2]ཞེས་དང་། དེ་བཞིན་དུ་ལོ་ཆེན་ཆོས་སྐྱོང་བཟང་པོའི་གསུང་ལས། ལོ་པཎ་སྐྱེས་མཆོག་དུ་མ་ཡིས།། རྒྱ་གར་རྒྱ་ནག་ཁ་ཆེ་དང་།། ལི་དང་བལ་བོའི་ཡུལ་སོགས་ནས།། ཐུབ་པའི་གསུང་རབ་སྣ་ཚོགས་བསྒྱུར།། བརྡ་ཡང་མི་འདྲ་སྣ་ཚོགས་བྱུང་།། ཞེས་པ་བཞིན་དུས་སྐབས་དེར་ཐུབ་པའི་བསྟན་པ་ནི་རྒྱ་དཀར་ནག་དང་ལི་ཡུལ། བལ་བོ། ཁ་ཆེ་ལ་སོགས་རྒྱལ་ཁབ་དང་མི་རིགས་མི་འདྲ་བའི་ཡིག་རིགས་སྣ་ཚོགས་ནས་བསྒྱུར་འོངས་པ་དང་གཅིག  ཕྱི་ནང་གི་ལོ་པཎ་མང་པོ་བྱོན་ནས་འགྱུར་རྩོམ་སྣ་ཚོགས་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་བཞིན་མང་དུ་བྱུང་བ་དང་གཉིས། གཞི་རྒྱ་ཆེ་བའི་ཡིག་སྒྱུར་ལག་ལེན་དངོས་ལ་མཛུབ་སྟོན་དུ་རུང་བའི་སྤྱི་མཐུན་གྱི་རིགས་པའི་གཞུང་ལུགས་ཤིག་ཕྱོགས་བསྡོམས་མ་བྱུང་བ་དང་གསུམ་བཅས་ལ་བརྟེན་ནས། ལོ་ཙཱའི་སྡེ་ཡོངས་སུ་ཆོས་གཞུང་གི་ཐ་སྙད་མི་འདྲ་བ་མང་པོ་གཅིག་གྱུར་མ་བྱུང་བས་ཆོས་སྐད་བཀླག་མི་བདེ་བ་དང་། གཞན་ཡང་ལོ་ཙཱ་བ་སོ་སོས་སྒྱུར་ཐབས་ཐུན་མིན་དུ་སྤྱད་པས་འགྱུར་ཡིག་རྣམས་གཅིག་གྱུར་ཚད་ལྡན་དུ་མ་བྱུང་བ་ལ་སོགས་པའི་ལོ་ཙཱའི་གནད་དོན་མང་པོ་བྱུང་བ་རེད།

དེ་ལྟ་བུའི་ལོ་ཙཱའི་གནས་བབ་དང་དགོས་མཁོ་དམིགས་བསལ་ཅན་ལ་གཞིགས་ཏེ། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་བཀའ་བསྩལ་བ་ལྟར་ལོ་ཆེན་ཀ་ཅོག་ཞང་གསུམ་གྱིས་སྔ་འགྱུར་རྣམས་ལ་གཞི་རྒྱ་ཆེ་བའི་ཞུ་དག་དང་འགྱུར་བཅོས་ཐེངས་གཅིག་གནང་ཞིང་། སྔ་འགྱུར་ཁྲོད་དུ་བྱུང་བའི་འགྱུར་སྐྱོན་རྣམས་ཕྱོགས་བརྒྱད་དུ་སྤྱི་བསྡོམས་མཛད་དེ་འགྱུར་ཡིག་ཐམས་ཅད་ཡང་དག་པར་བཅོས་པ་ཡིན། “འགྱུར་སྐྱོན་བརྒྱད”ཀྱི་རྣམ་གཞག་བཏོན་པའི་ཚུལ་ནི《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད》ལས“དེ་ནས་བཙན་པོ། ཁྲི་སྲོང་ལྡེ་བཙན་སྐུ་ཚེའི་སྨད་ལ་བྱོན་པ་འབྲོ་ཀ་བ་དཔལ་བརྩེགས། ཅོག་རོ་ཀླུའི་རྒྱལ་མཚན། སྣ་ནམ་གྱི་ཡེ་ཤེས་སྡེ་གསུམ་ལ་བཀའ་སྩལ་ནས་འགྱུར་སྐྱོན་ཐམས་ཅད་བསལ་ཏེ། མ་འགྱུར་བ་དང་། མ་གྲགས་པ་གཉིས། འགྱུར་ཆད་པ་དང་འགྱུར་ལྷག་པ་གཉིས། འགྱུར་ལོག་པ་དང་འགྱུར་འཁྲུགས་པ་གཉིས། འགྱུར་དམན་དང་འགྱུར་གཅོང་གཉིས་ཏེ། འགྱུར་སྐྱོན་བརྒྱད་ཀྱི་ཆ་ཅུང་ཟད་ཀྱང་མེད་པར་བྱས་ནས་འགྱུར་ཐམས་ཅད་དག་པར་བྱས། རྒྱ་གར་ཉི་འོག་གི་མཁན་པོ་ཨ་ཙཱརྱ། ཁ་ཆེའི་པཎྜིཏ་ཛི་ན་མི་ཏྲ་དང་། སུ་རེན་དྲ་བོ་དྷི་དང་། བཱིརྱ་ཀ་ར་པྲ་བྷ་དེ་དང་། དྷཱ་ན་ཤྲི་ལ་དང་བཞི【སྤྱན་དྲངས་ཏེ་】གཏན་ལ་ཕབ་ནས། སྔར་གྱི་བསྒྱུར་བ་རྣམས་ནི་མི་ཉམས་པར་བྱ་བ་དང་། ཕྱིས་འགྱུར་སློབ་པ་རྣམས་ལ་ཕན་པའི་ཡན་ལག་ཏུ། 【ཐིག་པར་】རྟ་ཆེ་ཆུང་དང་། བཀས་བཅད་དང་། དཀར་ཆག་གི་ཡི་གེ་གསུམ་ཡང་མཛད་དོ།།”[3]ཞེས་སྔ་འགྱུར་རྣམས་ལས་བྱུང་བའི་འགྱུར་སྐྱོན་རྣམས་བསལ་ཅིང་རྒྱ་གར་དང་ཁ་ཆེ་ལ་སོགས་ནས་པཎྜིཏ་དང་མཁན་པོ་སྤྱན་དྲངས་ནས་ཡང་དག་པར་བཅོས་ནས་གཏན་དུ་ཕབ་པ་དང་། སྔ་འགྱུར་རྣམས་དེ་ལྟར་དུ་མི་ཉམས་པར་བཞག་པ་དང་ཕྱིས་འགྱུར་རྣམས་ལ་སྨན་པའི་ཆེད་དུ་དཀར་ཆག་ཏུ་བྲིས་སོ།།

དེ་ལྟར་སྔ་མའི་འགྱུར་རྣམས་ལ་ཞུ་དག་དང་འགྱུར་བཅོས་ཀྱི་མཛད་པ་རླབས་པོ་ཆེ་ཞིག་གནང་བའི་རྨང་གཞིའི་སྟེང་བཙན་པོའི་བཀའ་བཞིན་དུ་མཁན་པོ་དང་ལོ་ཙཱ་བ་རྣམས་གདན་གཅིག་ཏུ་འཛོམས་ནས་སྔ་འགྱུར་མདོ་ཕྱོགས་ལས་བྱུང་བའི་མིང་གི་རྣམ་གཞག་གཅིག་གྱུར་གཏན་འབེབས་མཛད་པ་སྟེ། སངས་རྒྱས་ཀྱི་མཚན་དང་། སྐུ་དང་ཆེ་བ་ཉིད་ཀྱི་རྣམ་གྲངས་ཀྱི་མིང་དང་། དེ་བཞིན་གཤེགས་པ་སོ་སོའི་མཚན་ལ་སོགས་པའི་ཐ་སྙད་དགུ་སྟོང་ལྷག་ཙམ་བསྡུས་པའི་ལེགས་བོད་སྐད་གཉིས་ཤན་སྦྱར་གྱི་ཚིག་མཛོད《སྒྲ་བྱེ་བྲག་རྟོགས་བྱེད་ཆེན་མོ》ཞེས་པ་གཏན་ལ་ཕབ་སྟེ་བོད་ཀྱི་ཡི་གེ་ལ་བཀས་བཅད་དང་པོ་མཛད་པ་ཡིན། དེ་ལྟར་བཀས་བཅད་དང་པོ་ནི་དུས་སྐབས་དེའི་ལོ་ཙཱའི་ལས་དོན་གྱི་དགོས་མཁོ་ལྟར་མཛད་པའི་རིག་གནས་ཀྱི་ལས་འགུལ་རྒྱ་ཆེན་པོ་ཞིག་སྟེ། དེ་ཡང་མདོར་དེད་ན་གཙོ་བོ་འགྱུར་སྐྱོན་བརྒྱད་སེལ་བ་ལ་སོགས་པའི་གཞི་རྒྱ་ཆེ་བའི་འགྱུར་དཔྱད་ཀྱི་རྨང་གཞིའི་སྟེང་སྤེལ་བ་ཡིན། དེ་བཞིན་དུ་བཙན་པོ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཇིང་ཡོན་གྱི་དུས་སུ་བོད་ཡིག་ལ་བཀས་བཅད་ཐེངས་གཉིས་པ་མཛད་དུས་ཀྱང་སྔར་བཞིན་འགྱུར་སྐྱོན་དེའི་རིགས་སེལ་བར་བརྗོད་ཡོད་དེ། བཀས་བཅད་ཐེངས་གཉིས་པའི་ཡིག་ཆ《སྒྲ་སྦྱོར་བམ་གཉིས》ཀྱི་དབུའི་བཀས་བཅད་ལས།“སྔོན་ལྷ་སྲས་ཡབ་ཀྱི་རིང་ལ……ཆོས་ཀྱི་སྐད་བོད་ལ་མ་གྲགས་པ་ལས་མིང་དུ་བཏགས་པ་མང་དག་ཅིག་མཆིས་པའི་ནང་ནས་ཁ་ཅིག་ཆོས་ཀྱི་གཞུང་དང་། བྱཱ་ཀ་ར་ཎའི་ལུགས་དང་མི་མཐུན་ཏེ། མི་བཅོས་སུ་མི་རུང་བ་རྣམས་ཀྱང་བཅོས།”[4]ཞེས་གསུངས་པ་ལྟར་ཆོས་སྐད་བོད་དུ་བསྒྱུར་པ་རྣམས་ལས་ཁ་ཅིག་ཆོས་ཀྱི་གཞུང་དང་བརྡ་སྤྲོད་ལུགས་སོགས་ལ་མི་མཐུན་པས་ཡང་དག་པར་བཅོས་པར་བརྗོད་ཡོད་ལ། གང་ཞིག་བསྒྱུར་པ་ཡང་མ་དག་པ་རྣམས་ཀྱང་མདོར་ན་འགྱུར་སྐྱོན་བརྒྱད་ཀྱི་ཁོངས་སུ་མ་འདུ་བ་མེད་དེ། སྔ་མའི་འགྱུར་ལ་གཞི་རྒྱ་ཆེ་བའི་དཔྱད་བརྗོད་དང་དག་བཅོས་ཐེངས་གཅིག་མཛད་པ་ཡིན་ནོ།།

གཉིས་པ། “འགྱུར་སྐྱོན་བརྒྱད”སོ་སོའི་གོ་དོན་གསེད་བཀྲོལ།

གོང་སྨྲས་ལྟར་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་ཚེ་སྨད་ཙམ་ལ་འཁྲུངས་པའི་ལོ་ཆེན་ཀ་ཅོག་ཞང་གསུམ་གྱིས་སྔ་འགྱུར་རྣམས་ལ་ཞུ་དག་དང་འགྱུར་བཅོས་མཛད་དུས་འགྱུར་སྐྱོན་ཀྱི་རིགས་ལ་ནང་གསེས་སུ་བརྒྱད་དུ་ཕྱེས་ནས་འགྱུར་ཐམས་ཅད་ཡང་དག་པར་བཅོས་པར་བསྟན་མོད། འོན་ཀྱང“འགྱུར་སྐྱོན་བརྒྱད”ཀྱི་མཚན་ཙམ་དྲངས་པ་ལས་སོ་སོའི་གོ་དོན་དང་མངོན་སྟངས་ལ་སོགས་པར་འགྲེལ་བ་གསལ་པོ་ཞིག་བཀོད་མེད། གཞན་དུ་ན་ང་ཚོའི་རིག་གཞུང་སྡེ་རུའང་མིག་སྔར་བར་དུ་འདི་ལ་དོ་སྣང་དང་གཙིགས་ཆེན་བྱེད་མཁན་ཧ་ཅང་ཉུང་ལ། ལྷག་པར་དུ་དེ་དག་གི་རིག་གཞུང་དོན་སྙིང་དང་མཛུབ་སྟོན་རིན་ཐང་བཅས་ལ་ངོས་འཛིན་ཡང་དག་ཅིག་བྱུང་མེད། འདི་ནི་ང་ཚོ་ལོ་ཙཱའི་བྱ་བ་གཉེར་མཁན་རྣམས་ལ་མཚོན་ན་ངེས་པར་དུ་ཁ་གསབ་བྱ་དགོས་པའི་གཞུང་ལུགས་ཀྱི་སྟོང་ཆ་ཞིག་ལགས་ན། འདིར་ཐོག་མར་འགྱུར་སྐྱོན་བརྒྱད་སོ་སོའི་གོ་དོན་ཇི་ལྟར་ཡིན་པ་བྱེ་བྲག་གི་དཔེ་དང་བཅས་ངོ་སྤྲོད་རགས་ཙམ་ཞུ་རྗེས་དེའི་རིག་གཞུང་གི་དོན་སྙིང་སོགས་ལ་གཞུག་པར་བྱ་སྟེ།

གཅིག མ་འགྱུར་བའི་སྐྱོན།

འདི་ནི་བསྒྱུར་བྱའི་ལེགས་སྦྱར་སྐད་ཀྱི་བརྡ་དང་ཐ་སྙད་གང་ཞིག་བརྗོད་དོན་ཇི་བཞིན་བོད་རང་གི་སྐད་དུ་མ་བསྒྱུར་བར་དེའི་སྒྲ་གདངས་ཙམ་བོད་ཡིག་གིས་མཚོན་པར་བྱས་པ་སྟེ། བོད་དུ་བརྗོད་དོན་ཇི་བཞིན་བསྒྱུར་མ་ནུས་པར་བསྒྱུར་བྱ་གང་གི་སྒྲ་ཙམ་ལས་ཐོན་མེད་པས་ན་མ་འགྱུར་བའི་སྐྱོན་ཞེས་བྱ་བ་ཡིན་ལ། དེའི་ཤུགས་སུ་བོད་རང་གི་སྐད་ལ་གོ་བདེ་བའི་ཕྱིར་ཅི་ནུས་སྒོས་བརྗོད་དོན་བཞིན་བསྒྱུར་དགོས་པར་བསྟན་ཡོད། དེ་ཡང་ནང་བསྟན་བོད་ཡིག་ཏུ་ཐེངས་དང་པོར་བསྒྱུར་བའི་གནས་སྐབས་སུ་དེ་སྔ་བོད་ལ་མ་གྲགས་པའི་ཆོས་ཀྱི་མིང་བརྡ་ཧ་ཅང་ཕུན་སུམ་ཚོགས་པ་ཞིག་ཐོན་པ་ལས། ལ་ལ་ཞིག་ནི་ལེགས་སྦྱར་སྐད་ཆའི་ཚིག་ངོས་ཀྱི་གོ་དོན་བཞིན་ཐད་ཀར་བསྒྱུར་པ་དཔེར་ན“སུ་དྷཱིཿ”ལ་“བློ་བཟང”ལྟ་བུ་དང་། ལ་ལ་ཞིག་ནི་བརྗོད་བྱའི་ནང་དོན་ཇི་བཞིན་རང་སྐད་དུ་བསྒྱུར་པ་དཔེར་ན“ཡོ་ག”ལ་“རྣལ་འབྱོར”ལྟ་བུ་ཡིན། ཡང་བསྟན་དོན་ཟབ་ཅིང་བརླིང་བའམ་ཡང་ན་གསང་སྔགས་ཀྱི་ཆོས་སྐད་ཁ་ཤས་ཤིག་ནི་བསྟན་དོན་ཇི་བཞིན་མ་བསྒྱུར་བར་བོད་རང་སྐད་ཀྱིས་སྒྲ་ཙམ་ཐོན་པར་བྱས་ཡོད་དེ།  འདི་ལ་མཁས་དབང་དགེ་འདུན་ཆོས་འཕེལ་ལགས་ཀྱིས “ལར་སྔོན་གྱི་རྒྱ་སྐད་གདངས་ཅི་ལྟར་ཐོན་པ་ཙམ་བོད་ཡིག་ལ་བྲིས་པ་ལས་མི་འདུག་ཅིང་། བཛྲ་སོགས་ལའང་། འབའ་འཛར་སོགས་སུ་ལོ་ཙཱ་བ་འགའ་ཞིག་གི་མཚན་གཤམ་དུ་གསལ་བའི་ཕྱག་བྲིས་ལ་ཡང་འདུག”[5]ཅེས་དང་།“ཆེས་རྙིང་མའི་དུས་སུ་རྒྱ་སྐད་བྲིས་པ་རྣམས་ལ་ཡང་བུདྡྷ་ལ་འབུད་འདའ། དྷརྨ་ལ་འདར་མ། སངྒ་ལ་སང་འགའ། པྲཛྙཱ་ལ་པར་འགྱའ། ཙཀྲ་ལ་ཙ་དཀར། ཏྲཻལོ་ཀ་ལ་ཏར་རེའི་ལོ་ཀ་སོགས་སྒྲ་གདངས་ཅི་ལྟར་འཐོན་པ་བྲིས་ལ། གནུབས་ཆོས་གྲགས་ཀྱི་ཕྱག་བྲིས་སུ་ཡང་། བུ་ལ་འབུ་སོགས་ལན་ཁ་ཡར་བྱུང་ངོ་།།”[6]ཞེས་གནའ་དུས་སུ་རྒྱ་སྐད་བོད་དུ་སོར་འཇོག་བྱེད་དུས་གཙོ་བོ་བོད་རང་གི་སྐད་ལ་ཀློག་བདེ་བའི་ཆེད་དུ་རྒྱ་གར་གྱི་གདངས་ཅི་ལྟར་ཐོན་པ་ཙམ་དུ་བྲིས་པ་སྟེ། ལེགས་སྦྱར་སྐད་ཀྱི་ཡི་གེའི་གྲུབ་གཟུགས་ལ་འགྱུར་བ་བཏང་ནས་དེའི་སྒྲ་དོན་གཉིས་སོར་འཇོག་བྱ་བའི་སྒྲ་སྒྱུར་གྱི་ཐབས་འདི་སྤྱོད་པ་མང་མོད། འདི་དག་ནི་དོན་གྱིས་མ་འགྱུར་བའི་སྐྱོན་ཏེ་བོད་རང་གི་སྐད་དངོས་མར་མ་བསྒྱུར་བའི་སྐྱོན་དུ་བགྲང་བ་ཡིན་ནོ།།

གཉིས། མ་གྲགས་པའི་སྐྱོན།

གང་ཞིག་བསྒྱུར་པ་དེ་བོད་ཀྱི་བརྡ་སྤྲོད་གཞུང་ལུགས་དང་སྐད་ཆའི་སྦྱོར་སྲོལ་སོགས་དང་མི་མཐུན་པར་ཀུན་ལ་གྲགས་ཤིང་འབྱོར་བ་ཞིག་མ་ཐོན་པའི་སྐྱོན་ཏེ། མིང་གང་ཞིག་བསྒྱུར་ཡང་བོད་རང་གི་བསྟན་བཅོས་ཀྱི་སྤྱི་སྐད་དང་བརྡ་གོམས་སྲོལ་གྱི་སྦྱོར་ལུགས་སོགས་དང་ངེས་པར་མཐུན་ནས། བོད་མི་རང་གིས་གོ་སླ་ཞིང་འཇུག་བདེ་བ་ཞིག་ངེས་པར་ཡིན་དགོས་པར་བསྟན། མ་གྲགས་པའི་འགྱུར་སྐྱོན་འདི་ལའང་བྱེ་བྲག་ཏུ་དབྱེ་ན། བོད་སྐད་བརྡ་རྙིང་དུ་བསྒྱུར་ཏེ་བརྡ་གསར་རྙིང་གི་ཁྱད་མ་ཕྱེས་པས་ཡོངས་སུ་མ་གྲགས་པའི་སྐྱོན་དང་། ཡུལ་སྐད་དང་ལུང་སྐད་དུ་བསྒྱུར་པས་བོད་ཡུལ་ཀུན་ལ་མ་གྲགས་པའི་སྐྱོན། བོད་ཀྱི་སྐད་ལ་མི་འབྱོར་ཡང་བསྒྱུར་བྱའི་ཡིག་ངོས་ཇི་བཞིན་བཙན་བསྒྱུར་བྱས་པས་ཀུན་གྱིས་གོ་དཀའ་བར་གྱུར་པ་སོགས་མཆིས། འགྱུར་སྐྱོན་འདིའི་རིགས་ལ་ས་སྐྱ་པཎ་ཆེན་ལགས་ཀྱིས“བོད་ཀྱི་སྐད་ལ་མི་ཤེས་པ།། ཕལ་ཆེར་ཐོས་པ་ཆུང་བའི་སྐྱོན།། འགའ་ཞིག་འགྱུར་གྱི་བྱེ་བྲག་དང་།། ཡུལ་སྐད་དག་གིས་བསྒྲིབས་པའང་ཡོད།།”[7]ཅེས་བོད་རང་གི་སྐད་དུ་མ་གྲགས་པའི་འགྱུར་སྐྱོན་བྱེ་བྲག་ཏུ་བསྟན་ཡོད་དེ། དང་པོ་བརྡ་གསར་རྙིང་གི་ཁྱད་མ་ཕྱེ་བར་བསྒྱུར་བས་མ་གྲགས་པའི་སྐྱོན་བྱུང་བ་ལ་ཁོང་གིས“ལོ་ཙཱ་བ་སྔ་རབས་པ་དང་ཕྱི་རབས་པ་དག་གིས་བརྡ་གསར་རྙིང་གི་ཁྱད་པར་ལ་བྱུང་བའང་ཡོད། ལ་ལས་རྒྱ་གར་གྱི་རང་སྐད་དུ་བཞག ལ་ལས་བོད་སྐད་དུ་བསྒྱུར། དེ་གཉིས་མ་འཕྲོས་པས་མ་ཤེས་པའང་ཡོད། ལ་ལས་སྒྲ་འགྱུར་ལ་དོན་འགྱུར་དུ་བྱས་པའང་ཡོད། སྒྲ་འགྱུར་ལའང་ཁམས་ཐ་དད་ཀྱི་སྐད་ཀྱི་ལུགས་སུ་བསྒྱུར་བས་འགའ་ཞིག་ལམ་གྲགས་པའི་སྟོབས་ཀྱིས་མ་ཤེས་པར་སོང་བ་ཡོད། དཔེར་ན་ཧྭགས་ལ་བྱེ་མ་ཀ་ར་དང་། གླ་གོར་ཞོ་ཤ་ལ་གོ་ཡུ་དང་། རིན་ཆེན་ཏོག་ལ་རིན་ཆེན་དབལ་དང་། ནམ་ཡང་ལ་གཞར་ཡང་ལ་སོགས་བོད་ཀྱི་བརྡ་རྙིང་པ་རྣམས་དེང་སང་གོ་དཀའ།”[8]ཞེས་དང་། རང་རང་གི་ཡུལ་སྐད་དུ་བསྒྱུར་པས་ཀུན་ལ་མ་གྲགས་པར་གོ་དཀའ་བར་སོང་བ་ལ“གཞན་ཡང་རང་རང་གི་ཡུལ་གྱི་སྐད་དུ་བསྒྱུར་བས། མདའ་ལ་ཉག་ཕྲན། གཞུ་ལ་གནམ་རུ། ཏོག་ཙེ་ལ་འཇོར་རམ་ཤིམ་པ། གཤོལ་ལ་ཐོང་བ། གཞོང་པ་ལ་ཡོལ་གོ བུ་རམ་ལ་ལྀ་ཁ་ར། འཕང་བ་ལ་འགྱོད་པ། ལག་པ་ལ་སུག་པ། བཞོན་པ་ལ་ཕྱུགས་ཆུང་། ཆུད་མི་འཛའ་བ་ལ་ཆབ་མི་འཚལ་བ་ལ་སོགས་པ་ཡུལ་ཕན་ཚུན་དུ་མ་གྲགས་པ་བསྒྱུར་བས་གོ་དཀའ་བ་ཡོད།”ཅེས་དང་། དེ་བཞིན་དུ“གཞན་ཡང་གདུགས་དཀར་ལ་ཚད་སྐྱོབ་དཀར་པོ། སྨོན་ལམ་ལ་ཡོངས་སུ་བསྒྱུར་བ། དགེ་བ་ལ་ངན་འབྱོལ་ལ་སོགས་པ་ལྟ་བུ་སྒྲའི་ཁམས་མ་ཤེས་ན་གོ་དཀའ།”[9]ཞེས་སོགས་རང་སྐད་དུ་མ་གྲགས་པའི་འགྱུར་སྐྱོན་རྣམས་དཔེ་དང་བཅས་བསྟན་ཡོད་པ་ལྟ་བུས་མཚོན་ནོ།།  

གསུམ། འགྱུར་ཆད་པའི་སྐྱོན།

བསྒྱུར་བྱའི་ལེགས་སྦྱར་སྐད་ཀྱི་བསྟན་བཅོས་ལས་བརྗོད་དོན་སྟོན་པར་མེད་དུ་མི་རུང་བའི་མིང་དང་ཚིག་ཁ་ཤས་ཤིག་བོད་ཡིག་ཏུ་མ་བསྒྱུར་བར་སྟོང་པར་སོང་ནས་ཆད་པ་སྟེ། མ་ཡིག་གི་དགོངས་དོན་ཁ་ཤས་ཤིག་འགྱུར་ཡིག་ཁྲོད་བོར་བརླག་ཏུ་སོང་བའི་སྐྱོན་ལ་བྱ། འདི་ནི་བསྒྱུར་བྱའི་མ་རྩོམ་གང་གི་བརྗོད་དོན་ཆ་ཚང་མ་ཐོན་པར་སྟོང་ཆར་ལུས་པས་འགྱུར་སྐྱོན་རྣམས་ལས་ཅུང་ཚབས་ཆེན་གྱི་རིགས་ཡིན་ཏེ། བྱེ་བྲག་ཏུ་མིང་ཆད་པ་དང་ཚིག་ཆད་པ། དོན་ཆད་པ་སོགས་མཆིས། འགྱུར་ཆད་པའི་སྐྱོན་གྱི་རིགས་འདི་ལ་ཕྱིས་ཀྱི་མཁས་དབང་རྣམས་ཀྱིས་ཀྱང་དོ་སྣང་མཛད་ཡོད་དེ། དཔེར་ན་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས“སྙན་དངགས་མེ་ལོང་ནི་བོད་དུ་སྐད་གཉིས་ཤན་སྦྱར་ཞིག་ཡོད་པས་འདིར་ཚིགས་བཅད་སོགས་མ་དྲངས་ལ། རྒྱ་གར་གྱི་དཔེ་རྣམས་ལྟར་ན་འགྱུར་ཆད་པའི་ཆ་འདི་རྣམས་ཡོད་དེ། ལེའུ་གཉིས་པའི། ཨིདྲྀཤཾབཪྒཏེསདྡྷིཿཀཱརཎཾཏཏྲཅིནྟྱཏཱམ།། གུཎདོཥབིཅཱརཱཡསྭཡམེབམཱནཱིཥིབྷིཿ།། འདི་འདྲ་སྤངས་ཏེ་མཁས་རྣམས་ཀྱིས།། རྒྱུ་ཡང་འདིར་ནི་བསམ་པར་བྱོས།། བྱ་བའི་མཇུག་གི་རྒྱ་སྐད་ཚིག་རྐང་གཉིས་མ་བསྒྱུར། འདི་དཔེ་རྒྱན་གྱི་སྐྱོན་སེལ་སྐབས་ན་ཡོད། དེའི་རྗེས་མཚུངས་པ་གསལ་བྱེད་ཀྱི་སྒྲ་རྣམས་རྫོགས་ནས། སྒྲ་རྣམས་མཚུངས་པ་གསལ་བྱེད་ཡིན།། བྱ་བའི་མཇུག་ཏུ། ཨུཔམཱཡཱམིམེཔྲོཀྟཱཿཀབིནཱཾབུདྡྷིསཽཁྱདཱཿ། བྱ་བའི་རྐང་བ་གཉིས་ཆད།……ཡང་རབ་སྤེལ་གྱི་སྐབས། འདི་ལ་བྱ་དཀའ་ཅི་ཞིག་ཡོད། ཅེས་པའི་མཇུག་ཏུ། ལིམྤཏཱིབཏམོཉངྒཱནིབཎཏཱིཔཱཉྫནཾནབྷཿ།། ཨསཏྤུརུཥསེབེབདྲྀཥྚིརྦཕལཏཱཾགཏཱ། བྱ་བའི་ཚིགས་བཅད་དོ་གལ་ཆེ་བ་འདི་ཡང་ཆད།།……དེས་ན་རྒྱ་སྐད་ཚིགས་བཅད་བཞི་དང་རྐང་བ་གཉིས་པོ་འདི་སྙན་ངག་མེ་ལོང་མའི་འགྱུར་ཆད་ལགས།”[10]ཞེས་སྙན་ངག་མེ་ལོང་གི་འགྱུར་ཆད་རྣམས་བསྟན་པ་དང་། གཞན་ཡང《འཆི་མེད་མཛོད》སོགས་གཞུང་དུ་མར་འགྱུར་ཆད་བྱུང་བ་རྣམས་རེ་རེ་བཞིན་བསྟན་ཡོད་པ་བཞིན་ནོ།།

བཞི། འགྱུར་ལྷག་པའི་སྐྱོན།

འདི་ནི་བསྒྱུར་བྱའི་མ་ཡིག་གི་དངོས་ཤུགས་གང་ནའང་མེད་པའི་མིང་ངམ་ཚིག་ཁ་ཤས་ལོ་ཙཱ་བ་རང་གི་འདོད་བློ་བཞིན་ཁ་བསྣན་ནས་བརྗོད་དོན་ལྷག་མར་གྱུར་པའི་སྐྱོན་ཏེ། འདི་ལྟར་ན་མ་ཡིག་གང་གི་དགོངས་དོན་དང་འགལ་བར་མ་ཟད། དམ་པའི་ཆོས་དྲི་མ་མེད་པ་ལ་ཉེས་བཤད་དང་ལོག་བཤད་སོགས་ཀྱི་བསླད་ཀྱང་འདྲེ་སྲིད། སྤྱིར་ན་ལོ་ཙཱའི་བྱ་བ་ནི་བསྒྱུར་བྱའི་མ་རྩོམ་གང་གི་བསྟན་དོན་ཇི་མ་ཇི་བཞིན་སྒྱུར་བྱེད་སྐད་ཀྱིས་མཚོན་པར་བྱེད་པ་ལས་ལོ་ཙཱ་བ་རང་གི་འདོད་བློ་ལྟར་དེའི་ལེགས་ཉེས་མཆོག་དམན་ལ་གདེང་འཇོག་བྱ་བ་མ་ཡིན་ལ། གང་མོས་ཀྱིས་བརྗོད་དོན་སྣོན་འཕྲི་བྱ་མི་རུང་བ་འདི་ནི་རྩ་དོན་ལྟ་བུར་ངེས་པས། ཕྱིས་སུ《སྒྲ་སྦྱོར་བམ་གཉིས》ལས“དམ་པའི་ཆོས་བསྒྱུར་བའི་ལུགས་ནི་དོན་དང་ཡང་མི་འགལ་ལ་བོད་སྐད་ལའང་གར་བདེ་བར་གྱིས་ཤིག”ཅེས་བཀའ་ཁྲིམས་སུ་གཏན་ཕབ་མཛད་པ་ཡིན། འགྱུར་ལྷག་པ་འདིའང་འགྱུར་སྐྱོན་ཚབས་ཆེན་ཞིག་སྟེ། ཕྱིས་ཀྱི་འགྱུར་དཔྱད་ཁྲོད་དུའང་དོ་སྣང་དང་གཙིགས་ཆེན་མཛད་ཡོད། དཔེར་ན་དགེ་འདུན་ཆོས་འཕེལ་ལགས་ཀྱིས། “རང་རེ་མཁས་པ་ཐམས་ཅད་ཀྱིས། ལེགས་སྦྱར་ཤིན་ཏུ་དོན་ཟབ་པ་སྐད་བྱས་ཏེ་ཡིག་འབྲུ་རེ་རེའི་ནང་ནས་དོན་འཛད་མེད་རེ་བཏོན་ཏེ། བླུན་པོ་ཐམས་ཅད་ལང་ལ་འཆོར་བ་ཞིག་བྱས། སམཡཨཔཱཏིམིཏཛྙཱནཿབྱ་བའི་ཡི་གེ་བཅུ་ཕལ་ཆེར་ཚེ་གཟུངས་ནང་ནས་ཡིན་རྒྱུ་བ་འདི་ལོ་ཆེན་བཻ་རོའི་མཚན་ལ་བསྙད་བཏགས་ཏེ་བོད་སྐད་དུ་བསྒྱུར་བར་སྔོན་གྱི་དམ་ཚིག་ཆེན་པོ་བདག་བསྐུལ་ནས། ཁྱེད་དང་མི་འཕྲད་པ་ཡི་རང་དབང་མེད། འགྲོ་བའི་སེམས་ཉིད་བདེ་བར་གཤེགས་པ་ཡིན། སྲིན་བུ་པད་མ་ཡན་ཆད་སངས་རྒྱས་རྒྱུ། སོགས་ཤོག་ལྡེབ་ཕྱེད་ཙམ་ལོང་བ་བྲིས། གོང་གི་རྒྱ་སྐད་དེ་ལ། དམ་ཚིག་དཔག་མེད་ཡེ་ཤེས་བྱ་བ་ཙམ་ལས་མེད། གལ་ཏེ་དེ་དོན་བསྒྱུར་བ་ཡིན་ཟེར་ན། སྲིན་བུ་པད་མ་སོགས་ཡི་གེ་གང་གི་དོན་ཡིན། ས་འབུ་ཐག་ནར་ཡན་ཆད་ཅེས་བསྒྱུར་ན་འགྱུར་སྐྱོན་ཨེ་ཡོང་།”[11]ཞེས་དང་།“ཡང་རིག་བྱེད་འགོག་སྐབས་ཁྱི་ཤ་ཟ་ཞེས་བྱ་བ་ལ་ཁཱདཙྩམཱཾསམཱིཏི་སོགས་ཤ་ཟོ་ཞེས་བྱ་བ་ལས། ཁྱི་ཤ་བྱ་བའི་ཚིག་མི་འདུག་པས་ཁྱེད་ཀྱི་བླ་མ་ལོ་ཙཱ་བས་ངེད་ཅག་ལ་སྙིང་ནད་ཀྱིས་སྦྱར་འདུག་ཟེར་ནས་གད་མོ་ཤོར།”[12]ཞེས་གསུངས་པ་ལྟར་མ་ཡིག་རྒྱ་གཞུང་ན་མེད་བཞིན་བོད་དུ་ཁ་སྣོན་བྱས་པའི་སྐྱོན་དུ་བརྗོད་ཡོད་པ་ལྟ་བུས་མཚོན་ནོ།།

ལྔ། འགྱུར་ལོག་པའི་སྐྱོན།

བསྒྱུར་བྱའི་མ་ཡིག་གང་གི་དགོངས་དོན་དང་འགལ་ཏེ་ཕྱིན་ཅི་ལོག་པར་བསྒྱུར་པ་སྟེ། བཀས་བཅད་གཉིས་པའི་སྐབས་ཀྱི“དོན་དང་ཡང་མི་འགལ”ཞེས་པའི་ལོ་ཙཱའི་རྩ་དོན་དང་འགལ་ཏེ་མ་ཡིག་གི་བསྟན་དོན་ཇི་བཞིན་མ་ཐོན་པའི་འགྱུར་སྐྱོན་ལ་བྱ། འགྱུར་སྐྱོན་འདིའི་རིགས་ལ་ས་སྐྱ་པཎ་ཆེན་གྱིས།“འགའ་ཞིག་རྣམ་གྲངས་ནོར་བ་དང་།། ལ་ལས་ས་མཚམས་འཆུགས་པ་དང་།། ལ་ལ་མུན་སྤྲུལ་གྱིས་བསླད་པས།། ལོག་པར་བསྒྱུར་བ་གོ་བ་དཀའ།།”[13]ཞེས་པ་ལྟར་ལེགས་སྦྱར་སྐད་ལ་མིང་གང་ཞིག་དོན་གྱི་རྣམ་གྲངས་དུ་མར་འཇུག་པ་ཕན་ཚུན་འཆོལ་བ་རལ་གྲིའི་སྒྲ“ཁཊྒཿ”དང་བསེ་རུའི་སྒྲ“ཁཊྒ”ཞེས་པ་གཉིས་འཆོལ་ཏེ་བསེ་རུ་ལ་རལ་གྲི་དང་། རལ་གྲི་ལ་བསེ་རུ་ཞེས་སུ་བསྒྱུར་པ་དང་། དེ་བཞིན་རྣམ་དབྱེ་གསུམ་པའི་ནའི་སྒྲ་ཚིག་འོག་མའི་དགག་པའི་སྒྲར་འོག་ཏུ་སྦྱར་བ་དང་། ཚིག་འོག་མའི་དགག་སྒྲའི་ན། གོང་མའི་རྣམ་དབྱེ་གསུམ་པའི་ནའི་སྒྲར་སྦྱར་བའི་སྟོབས་ཀྱིས་སྒྲ་འཁྲུལ་བར་བསྒྱུར་པ་དང་། གཏོར་མ་ཤ་ཁྲག་མེད་པ་ལ། ཁྲག་མེད་པའི་གཏོར་མ་ཤ་དང་བཅས་པར་བསྒྱུར་པ་སོགས་གཅོད་མཚམས་འཆུགས་པས་དོན་ནོར་བར་བསྒྱུར་པའང་ཡོད། ཡང་ལ་ལ་ནི་སྒྲ་དོན་དཔྱིས་ཕྱིན་པ་མ་རྟོགས་པར་གང་བྱུང་གྱ་ཚོམ་དུ་བསྒྱུར་ནས་དོན་དང་འགལ་བ་དཔེར་ན།“ཧྲཏ”ཞེས་པ་སྙིང་བོའི་དོན་ལ་མདར་བསྒྱུར་བ་དང་། “ཧརིཏ”ཞེས་ལྗང་ཁུའི་དོན་ལ“ཧརཎཾ”ཞེས་པའི་སྒྲ་དང་འཁྲུལ་ནས་འཕྲོག་པར་བསྒྱུར་བ་དང་། དེ་བཞིན་རྒྱ་གར་སྐད“ཨིནྡྲ་བྷཱུ་ཏི”ཞེས་བྱ་བའི་སྒྲ་དེ་བོད་སྐད་དུ་འབྱུང་པོའི་དབང་པོ་ཞེས་བྱ་བར་འགྱུར་ཡང་། དེ་ཡི་སྒྲ་དོན་མ་ཤེས་པར་བརྒྱ་བྱིན་བྱང་ཆུབ་ཏུ་བསྒྱུར་པ་ལ་སོགས་སྒྲ་དོན་འཁྲུལ་བར་བསྒྱུར་པའི་སྟབས་ཀྱིས་བརྗོད་བྱའི་དོན་ཅི་ཡིན་མི་རྟོགས་པར་མུན་སྤྲུལ་གྱིས་བསླད་འདུག་པ་སོགས་ནི་འགྱུར་སྐྱོན་གནད་ཆེ་བ་དག་ཏུ་བགྲང་ཡོད་པ་ལྟ་བུ་ཡིན། གཞན་ཡང་། ལ་ལ་སྔོན་རབས་ལས་བྱུང་བའི།། གཏམ་རྒྱུད་ལེགས་པར་མ་ཤེས་པས།། མིང་གི་རྒྱུ་མཚན་མ་རྟོགས་ནས།། ལོག་པར་བསྒྱུར་བ་ཅུང་ཟད་མཐོང་།།[14]ཞེས་པ་བཞིན་མི་རིགས་སོ་སོའི་བརྡ་དང་ཐ་སྙད་མང་པོ་ཞིག་ནི་འབྱུང་གཞིའི་གཏམ་རྒྱུད་ལ་སྦྱར་ནས་ཡོད་པས། དེ་དག་བསྒྱུར་བ་ལ་ཐོག་མར་གཏམ་རྒྱུད་ངེས་དགོས་ཀྱང་དེ་མ་ངེས་པར་ལོག་པར་བསྒྱུར་པའི་སྐྱོན་ལ“མུ་སྟེགས་བྱེད་ཀྱི་སྔོན་རབས་དང་། མདོའི་རྟོགས་པ་བརྗོད་པ་སྣ་ཚོགས་ལས། སེམས་ཅན་གྱི་མིང་དང་ཡུལ་གྱི་མིང་ཐ་དད་དུ་འདོགས་པ་རྣམས་སྔོན་རབས་ཀྱི་གཏམ་རྒྱུད་མ་ཤེས་པས། ལོ་ཙཱ་བ་མཁས་ཀྱང་ཕྱིན་ཅི་ལོག་ཏུ་བསྒྱུར་པ་མཐོང་སྟེ། དཔེར་ན་ས་ར་སྭ་ཏཱིའི་སྒྲ་སྔོན་ཆད་རྒྱ་མཚོ་བསྲུབས་པ་ལས་བྱུང་བས་མཚོ་ལས་བྱུང་བ་ཡིན་མོད་ཀྱི། གཏམ་རྒྱུད་མ་གཟིགས་པ་དང་བོད་ཀྱིས་གོ་བདེ་བར་བྱ་བའི་དོན་དུ་དབྱངས་ཅན་མར་བསྒྱུར་རོ།། ས་ར་སྭ་ཏཱི་ཞེས་སྒྲ་བཟློག་ན་དབྱངས་ཅན་ཡིན་མོད་ཀྱི། འདིར་ས་ར་སྭ་ཏཱི་ཡིན་པས་དབྱངས་ཅན་དུ་བསྒྱུར་དུ་མི་རུང་ངོ་།།”[15]ཞེས་སོགས་བྱེ་བྲག་གི་འགྱུར་དཔེ་དང་བཅས་གསལ་བཤད་མཛད་ཡོད་པ་ལྟ་བུས་མཚོན་ནོ།།

དྲུག འགྱུར་འཁྲུགས་པའི་སྐྱོན།

དེ་ནི་བསྒྱུར་བྱ་གང་གི་ཚིག་སྔ་ཕྱིའི་རྒྱུ་འབྲས་ཀྱི་རིམ་པའམ་བརྗོད་བྱའི་བསྟན་དོན་སོགས་ཇི་བཞིན་མཚོན་མ་ནུས་པར་འཁྲུགས་པར་གྱུར་པ་སྟེ། ཚིག་གོང་འོག་འབྲེལ་མི་ཆགས་ཤིང་གཏན་ཚིགས་སོགས་ཀྱི་ནང་འགལ་བྱུང་བའི་འགྱུར་སྐྱོན་ལ་བྱ། དེ་ལ《ལེགས་སྦྱར་བང་མཛོད》ལས། “མེ་ལོང་མའི་འགྱུར་ནོར་གནད་ཆེ་བ་གཅིག་ནི། ལེའུ་གསུམ་པའི་ནང་ལུང་འགལ་གྱི་དཔེར་བརྗོད་དུ། བདེ་གཤེགས་འདུས་བྱས་འཇིག་པར་ནི།། གསུངས་ལ་བདེན་མོད་དེ་ལྟ་ནའང་།། ཞེས་པ་འདི། བདེ་གཤེགས་འདུས་བྱས་མི་འཇིག་པར།། བདེན་པར་གསུངས་པ་དེ་བཞིན་ཏེ།། ཙ་ཀོ་ར་ཡི་མིག་ཅན་མ།། བདག་གི་སྙིང་ལ་ད་དུང་གནས།། ཞེས་འདོན་དགོས་ཏེ། སཏྱལེབཱཧསུ་གཏཿསཾསྐརཱནབིནཤྭརཱ་ན།། ཏཐཱཧིསཱཙཀོརཱཀྵིསྠིཏཻབཱདྱཱཔིམེཧྲྀདི། སཏྱམ། བདེན་པར། ཨེབ་ཉིད། ཨཱཧ་གསུངས། སུ་གཏ བདེ་གཤེགས། སཾསྐརཱན འདུས་བྱས་རྣམས་ལ། ཨབིནཤྭརཱ་ན མི་འཇིགས་པ་རྣམས་སུ། ཏཐཱ དེ་བཞིན། ཧི ཡིན། སཱ མོ། ཙཀོརཨཀྵི ཙ་ཀ་རའི་མིག་ཅན་མ། སྠིཏཱ གནས་པ་མོ། ཨདྱ དེ་རིང་། ཨཔི ཡང་། མེ བདག་གི ཧྲྀདི སྙིང་ལ། རྒྱ་སྐད་ཀྱི་སྦྱོར་ལུགས་འདི་དག་ལ་དྲི་བའི་ཚིག་བར་དུ་བཅུག་ན་རྣམ་པ་གསལ་དུ་འགྲོ་སྟེ། དཔེར་ན། བདེན་པ་ཁོ་ནར་གསུངས་སོ།། སུས། དེ་བཞིན་གཤེགས་པས་སོ།། ཅི་ཞིག་འདུས་བྱས་རྣམས་མི་འཇིགས་པར་རོ།། དེ་ལྟར་བདེན་ནམ། དེ་བཞིན་ནོ།། ཅིའི་ཕྱིར་རམ་ཡང་ན་ཇི་ལྟར། ཙཀོརའི་མིག་ཅན་མ་ནི་གནས་སོ།། ཇི་སྲིད་དུ། དེ་རིང་ཡང་། གང་ན། བདག་གི་སྙིང་ལའོ།། ཞེས་པ་ལྟ་བུའོ།། དེ་ལྟར་གོང་དུ་བསྒྱུར་བ་དེ་ལྟར་བྱས་ན། ནང་བའི་རིགས་པ་དང་འགལ་བའི་དཔེར་བརྗོད་ཡིན་པ་ཤིན་ཏུ་གསལ་ཏེ། གཞན་དུ་ན། འཇིག་པར། གསུངས་པ་བདེན་མོད་དེ་ལྟ་ནའང་། ཞེས་པ་ལྟར་བྱས་ཚེ། རིགས་པ་དང་འགལ་བའི་སྐྱོན་མེད་པར་མ་ཟད། ཚིག་སྦྱོར་ཤིན་ཏུ་ཕུན་སུམ་ཚོགས་པ་འགྱུར་ལ། དེ་རིགས་པར་འགལ་བ་ནན་གྱིས་བཙུད་ན། བསྙོན་དོར་དང་འགོག་རྒྱན་དོན་གཞན་བཀོད་སོགས་ཐམས་ཅད་རིགས་པ་དང་འགལ་བར་འགྱུར་རོ།།”[16]ཞེས་སོགས་གསུངས་ཏེ་བརྗོད་དོན་ནང་འགལ་བྱུང་བ་དཔེ་དང་བཅས་གསལ་བཤད་མཛད་ཡོད་པ་ལྟ་བུས་མཚོན་ནོ།།

བདུན། འགྱུར་དམན་པའི་སྐྱོན།

འདི་ནི་འགྱུར་ཡིག་གི་སྤུས་ཀའི་ཐད་ལ་བྱུང་བའི་འགྱུར་སྐྱོན་ཏེ་བསྒྱུར་བྱ་གང་གི་བརྗོད་དོན་ཙམ་ཞིག་རང་སྐད་དུ་མཚོན་པར་བྱས་མོད། འོན་ཀྱང་འགྱུར་ཡིག་གི་སྤུས་ཚད་ལ་ཁག་ཐེག་བྱུང་མེད་དེ། ཡང་ན་མ་རྩོམ་གང་གི་ཚིག་གི་དངོས་ཤུགས་ལས་བསྟན་པའི་མཚོན་དོན་ཐམས་ཅད་ཇི་བཞིན་མཚོན་ཐུབ་མེད་པ་དང་། ཡང་ན་འགྱུར་མ་ཉིད་བོད་པའི་སྐད་ཆའི་སྦྱོར་སྟངས་དང་བརྡ་སྤྲོད་ཀྱི་རྣམ་གཞག་སོགས་དང་ཡོངས་སུ་མཐུན་པ་ཞིག་བྱུང་མེད་པ། ཡང་ན་སྒྱུ་རྩལ་ལ་མ་བྱང་བའི་སྟབས་ཀྱིས་འགྱུར་གྱི་དགེ་མཚན་མ་ཐོན་པ་སོགས་མདོར་ན། འདི་ནི་འགྱུར་སྐྱོན་མང་པོས་བསླད་དེ་འགྱུར་སྤུས་ཞན་ཞིང་ཡང་དག་ཚད་ལྡན་ཞིག་ཏུ་མ་སླེབས་པའི་སྐྱོན་ཞིག་ཡིན། སྤྱིར་ན་འགྱུར་སྐྱོན་འདི་ལ་མངོན་སྟངས་མང་པོ་ཞིག་མཆིས་ཏེ། བསྒྱུར་བྱའི་དོན་དང་འགལ་བ་དང་འགྱུར་ཡིག་བོད་སྐད་ལ་མ་བདེ་བ་སོགས་ལས་གཞན་ད་དུང་མ་ཡིག་གི་ཚིག་ངོས་ཇི་བཞིན་བསྒྱུར་བས་གོ་དཀའ་ཞིང་འགྱུར་སྤུས་ཇེ་ཞན་དུ་སོང་བ་སོགས་ཀྱང་འདུ། དཔེར་ན་བོད་ཀྱི་ལོ་ཙཱའི་ལོ་རྒྱུས་སྟེང་ཆོས་རྗེ་ས་པཎ་གྱི་ལོ་ཙཱའི་དགོངས་པ་དང་ཤུགས་རྐྱེན་སོགས་ལ་བརྟེན་ནས་བོད་ཀྱི་ལོ་ཙཱའི་སྡེ་ལ་སྒྲ་དོན་ཡན་ཆད་རྒྱ་གར་ལེགས་སྦྱར་སྐད་ལ་བསྟུན་པའི་སྲོལ་ཞིག་དར་བ་སྟེ། དེ་ལ་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས“ཕྱིས་སུ་ལོ་ཙཱ་བ་བལ་ཡུལ་དུ་དགུན་ཐོག་བསྡད་པ་དག་གིས་འབྲུ་རེ་རེ་ལ་ཞིབ་ཚགས་ཆེ་བ་སྐད་བསྒྱུར་ཏེ། ཚིག་གྱོང་ཞིང་དོན་གྱི་ངོ་བོ་གོ་དཀའ་བར་སོང་ཞེས་བཤད་པ་ཡང་། རྣམ་པ་གཅིག་ཏུ་ན་ཐུགས་མད་པ་ཡིན་སྙམ། འདི་རྣམས་ཞིབ་ཏུ་བརྟགས་ན་འུ་ཅག་གིས་རྒྱ་དཔེ་མ་མཐོང་བཞིན་བོད་ཚིག་ལ་བལྟས་ནས་འདིའི་སྐད་དོད་འདི་འདྲ་ཡིན་ཅེས་མོ་བཏབ་དེ་ཡང་མཐའ་གཅིག་ཏུ་བདེན་པ་མེད་ལ། དེ་ལས་ཀྱང་བོད་གཞུང་ལ་བལྟས་ནས་དེ་རྒྱ་སྐད་དུ་ཕར་བསྒྱུར་བ་སྐད་དུ་བྱ་བ་འདི་ལ་ཤིན་ཏུ་ཡང་ཉེན་ཆེ།”[17]ཞེས་དང་།“ཡར་ཀླུངས་གྲགས་པ་རྒྱལ་མཚན་གྱི་འགྱུར་རྣམས་གོ་དཀའ་བ་ཡང་རྣམ་དབྱེ་རྣམས་ཇི་ལྟ་བ་བཞིན་བསྒྱུར་བས་ཡིན།”[18]ཞེས་གསུངས་པ་དང་། ལོ་ཆེན་བྱང་ཆུབ་རྩེ་མོས་བསྒྱུར་པའི་སྙན་ངག་གི་བསྟན་བཅོས《སྤྲིན་གྱི་ཕོ་ཉ》ཡང་སྒྲ་དོན་བཞིན་བསྒྱུར་པ་ཐལ་དྲགས་པས་ཀུན་གྱིས་གོ་དཀའ་བར་གྲགས་པ་སོགས་ཀྱིས་མཚོན་ནོ།།

བརྒྱད། འགྱུར་གཅོང་གི་སྐྱོན།

འགྱུར་གཅོང་ཞེས་པ་ནི་དཔེའི་སྒོ་ནས་བཏགས་པའི་འགྱུར་སྐྱོན་ཞིག་སྟེ། གཅོང་ནད་ཅེ་ན་བཅོས་དཀའ་བའི་ནད་རིགས་ཤིག་སྟེ་དེ་ཉིད་ལུས་ལ་བྱུང་ན་མིའི་ཚེ་སྲོག་ལ་ཉེན་ཁ་ཆེ་བ་བཞིན་དུ་འགྱུར་གཅོང་གི་རིགས་བྱུང་ནའང་སངས་རྒྱས་ཀྱི་བཀའ་དྲི་མ་མེད་པ་དེ་ལ་ལོག་བཤད་དང་ཉེས་བཤད་སོགས་ཀྱི་བསླད་འདྲེ་བར་འགྱུར་བ་ཡིན། འདི་ནི་བརྗོད་བྱའི་ནང་དོན་ལ་འཁྱོག་བཤད་སོགས་ཀྱི་བསླད་འདྲེས་པས་ན་འགྱུར་སྐྱོན་རྣམས་ལས་ཆེས་ཚབས་ཆེན་ཡིན་ཏེ། ནང་པའི་བསྟན་བཅོས་གང་གི་ལྟ་བའི་དགོངས་དོན་དང་རྩ་བའི་རིགས་པ་སོགས་ཇི་བཞིན་མ་ཐོན་པར་ཕྱིན་ཅི་ལོག་ཏུ་སོང་བའི་སྐྱོན་ལ་བྱ། འགྱུར་སྐྱོན་འདིའི་རིགས་ནི་གཙོ་བོ་ལོ་ཙཱ་བའི་ཀུན་སློང་དང་ཆུ་ཚད་སོགས་ལས་བྱུང་བ་སྟེ། དཔེར་ན་ཡོངས་གྲགས་སུ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ལ་བོན་ལུགས་བསྣུབས་པ་དང་བོན་པོ་སྐོར་ཞིག་གིས་ནང་པའི་བསྟན་བཅོས་བོན་ལུགས་སུ་བཅོས་ནས་བསྒྱུར་པ་ལྟ་བུ་ནི་འགྱུར་གཅོང་གི་སྐྱོན་ཚབས་ཆེན་གྱི་རིགས་སུ་གཏོགས་པ་དང་། དེའི་མཇུག་འབྲས་ལ་ལྕང་སྐྱ་རོལ་བའི་རྡོ་རྗེ་ལགས་ཀྱིས་“དམ་ཆོས་གལ་ཆུང་དུ་བཟུང་ནས་པོ་ཏི་ཇི་མང་མང་དུ་བསྒྱུར་ན་སངས་རྒྱས་ཀྱི་བཀའ་དྲི་མ་མེད་པ་ལ་ལོག་བཤད་དང་ཉེས་བཤད་ཀྱི་བཙོག་ཆུས་བསླད་པའི་འབྲས་བུ་རང་གཞན་ཀུན་ལ་བཟོད་པར་དཀའ་བའི་སྡུག་བསྔལ་འབྱུང་བ་ལ་ཅིར་ཡང་མི་སེམས་པར་ཟད་དོ།།”[19]ཞེས་གསུངས་པས་མཚོན་ནོ།།

གསུམ་པ། འགྱུར་སྐྱོན་བརྒྱད་ཀྱི་འབྱུང་རྐྱེན་དང་དེ་དག་གི་སྐྱོན་སེལ་བཤད་པ།

གོང་དུ་འགྱུར་སྐྱོན་བརྒྱད་སོ་སོའི་གོ་དོན་དང་མངོན་སྟངས་ལ་སོགས་པ་གསལ་བཤད་ཙམ་བྱས་པ་སྟེ། དང་པོ་མ་འགྱུར་བ་དང་མ་གྲགས་པ་གཉིས་ནི་གཙོ་བོ་ཆོས་མིང་དང་ཐ་སྙད་སྒྱུར་སྟངས་ཀྱི་ཆ་ནས་བརྗོད་པ་སྟེ། བོད་རང་གི་སྐད་དངོས་མར་མ་བསྒྱུར་བ་དང་བསྒྱུར་ཡང་བོད་ཡོངས་སུ་མ་གྲགས་པས་གོ་དཀའ་བའི་སྐྱོན་གྱི་རིགས་སུ་གཏོགས་པ་དང་། གཉིས་པ་འགྱུར་ཆད་པ་དང་འགྱུར་ལོག་པ་གཉིས་ནི་གཙོ་བོ་བརྗོད་བྱ་དོན་གྱི་ཆ་ནས་བརྗོད་པ་སྟེ། བསྒྱུར་བྱ་གང་གི་བསྟན་དོན་ཉིད་འགྱུར་ཡིག་ཁྲོད་ཆད་ལྷག་བྱུང་བའི་སྐྱོན་གྱི་རིགས་སུ་གཏོགས། གསུམ་པ་འགྱུར་ལོག་པ་དང་འཁྲུགས་པ་གཉིས་ནི་གཙོ་བོ་བརྗོད་དོན་ཇི་བཞིན་ཡང་དག་པར་མཚོན་ཡོད་མེད་ཀྱི་ཆ་ནས་བརྗོད་པ་སྟེ། བསྟན་དོན་ཕྱིན་ཅི་ལོག་ཏུ་སོང་བ་དང་གཏན་ཚིགས་ཀྱི་ནང་འགལ་བྱུང་བ་ལ་སོགས་པའི་སྐྱོན་གྱི་རིགས་སུ་གཏོགས། བཞི་པ་འགྱུར་དམན་དང་འགྱུར་གཅོང་གཉིས་ནི་གཙོ་བོ་འགྱུར་ཡིག་གང་གི་རྒྱུ་སྤུས་ཀྱི་ཆ་ནས་བརྗོད་པ་སྟེ། འགྱུར་སྤུས་ཞན་པ་དང་ཡང་ན་ལྟ་བའི་དགོངས་དོན་ལ་འཁྱོག་བཤད་ལ་སོགས་པའི་བསླད་འདྲེས་པའི་སྐྱོན་གྱི་རིགས་སུ་གཏོགས། དེས་ན་འགྱུར་སྐྱོན་དེ་དག་གི་འབྱུང་རྐྱེན་ཅི་ཡིན་པ་དང་། སོ་སོའི་སྐྱོན་ཇི་ལྟར་སེལ་དགོས་ཤེ་ན།

གཅིག མ་འགྱུར་བའི་སྐྱོན་གྱི་འབྱུང་རྐྱེན་དང་དེའི་སྐྱོན་སེལ།

མ་འགྱུར་བ་ཞེས་པ་འདིར་དོན་གྱི་གོ་བ་ལེན་སྟངས་གཉིས་ཙམ་མཆིས་པར་འདོད་དེ། སོ་སོའི་འབྱུང་རྐྱེན་ལྟར་ན་གཅིག་ནི་ལེགས་སྦྱར་གྱི་མིང་གང་གི་སྒྲ་གདངས་ཙམ་ཐོན་པར་བོད་ཡིག་གི་ལུགས་སུ་བྲིས་པ་དང་། གཉིས་ནི་བརྗོད་དོན་བཞིན་བོད་དུ་བསྒྱུར་ནུས་ཀྱང་མ་བསྒྱུར་བར་སྒྲ་ཙམ་བསྒྱུར་བ་ལ་བྱ། སྔ་མ་ནི་དཔེར་ན“བཛྲ”ལ“འབའ་འཛར”ཞེས་དང་། “བུདྡྷ”ལ“འབུད་འདའ”།“དྷརྨ”ལ“འདར་མ”།“པྲཛྙཱ”ལ“པར་འགྱའ”ཞེས་སོགས་ལེགས་སྦྱར་ཀློག་པའི་སྒྲ་གདངས་ཅི་ལྟར་ཡིན་པ་བོད་ཡིག་གིས་སྒྲ་ཙམ་ཐོན་པར་བྲིས་པ་ཡིན། འདི་ནི་ནང་བསྟན་དང་པོར་བསྒྱུར་དུས་སུ་བྱུང་བའི་སྒྲ་བསྒྱུར་གྱི་ཐབས་ལམ་ཞིག་སྟེ། ལེགས་སྦྱར་སྐད་ཀྱི་སྒྲ་དོན་གཉིས་ལས་གཟུགས་ལ་འགྱུར་བ་བཏང་སྟེ་བྲིས་པ་ཡིན། སྒྱུར་ཐབས་འདི་ཉིད་ཕྱིས་ཀྱི་འགྱུར་དཔྱད་ཁྲོད་དུ་སྐྱོན་དུ་བཟུང་སྟེ་འགྱུར་བཅོས་མཛད་ནས་ཚད་ལྡན་དུ་བཏང་བ་ནི“ལེགས་སྦྱར་གཙང་སང་རྒྱ་ཡིག་ཇི་ལྟ་བ་བཞིན་བྲིས་ཆོག་པ་འདི་ཕྱིས་ཙ་ན་མཁས་པ་རྣམས་ཀྱིས་མཛད་པ་ཞིག་ཏུ་སྣང་། འོན་ཀྱང་འདིའི་པྲཛྙཱ་སོགས་རྒྱ་ཡིག་བཞིན་བྲིས་པས་ད་ལྟའི་ཀློག་ལ་བོད་སྐད་ཀྱི་དཔེ་བཀབ་སྟེ། ཊཛྙར་སོང་ཞིང་། གནའ་བྲིས་ཕལ་ཆེར་དུ་པར་འགྱའ་ཞེས་བྲིས་པས་ཀློག་ལ་དེ་ལེགས་པར་མངོན་ནོ།།”[20]ཞེས་པ་བཞིན་རྒྱ་གར་ཡི་གེའི་སྒྲ་དོན་གཟུགས་གསུམ་པོ་ཇི་ལྟ་བ་བཞིན་རང་སོར་འཇོག་པའི་ཐབས་དམ་པ་འདི་ནི་ཕྱིས་ཀྱི་མཁས་པ་རྣམས་ཀྱིས་མཛད་པ་ཞིག་དང་། སྒྱུར་ཐབས་འདི་བྱུང་བ་དང་བསྟུན་ནས་གོང་གི་སྒྲ་དོན་ཙམ་བསྒྱུར་བའི་ཐབས་དེའང་མི་མཁོ་བར་བྱས་པར་མངོན། མདོར་ན་ལེགས་སྦྱར་སྐད་ཀྱི་བརྗོད་དོན་ཇི་བཞིན་མ་བསྒྱུར་བར་སྒྲ་གདངས་ཙམ་མཚོན་པར་བྱས་པའི་སླ་བཅོས་ཀྱི་སྒྱུར་ཐབས་འདི་ནི་མ་འགྱུར་བའི་སྐྱོན་དུ་བགྲང་ཞིང་། ཕྱིས་སུ་འགྱུར་སྐྱོན་དེའི་རིགས་ཡང་དག་པར་བཅོས་ནས་ཡང་ན་རྒྱ་གར་སྐད་ཀྱི་ཡིག་གཟུགས་ཇི་བཞིན་སོར་འཇོག་བྱས་པ“པདྨ”“ཨུཏྤལ”“ཙནྡན”ལྟ་བུ་སོགས་དང་། ཡང་ན་བུདྡྷ”ལ“སངས་རྒྱས”“དྷརྨ”ལ“ཆོས”“པྲཛྙཱ”ལ“ཤེས་རབ”ཅེས་བརྗོད་དོན་ཇི་བཞིན་བོད་སྐད་དངོས་མར་བསྒྱུར་ཡོད་པ་ལྟ་བུས་མཚོན་ནོ།།

གཉིས། མ་གྲགས་པའི་སྐྱོན་གྱི་འབྱུང་རྐྱེན་དང་དེའི་སྐྱོན་སེལ།

མ་གྲགས་པའི་འགྱུར་སྐྱོན་ཞེས་པ་ནི་གང་ཞིག་བསྒྱུར་པ་དེ་བོད་སྐད་བྱིངས་དང་མི་མཐུན་པར་ཀུན་ལ་མ་གྲགས་ཤིང་གོ་དཀའ་བར་གྱུར་པ་ལ་བྱ་སྟེ། འགྱུར་སྐྱོན་འདིའི་རིགས་ཀྱི་འབྱུང་རྐྱེན་ལ་གོང་སྨྲས་བཞིན་བརྡ་གསར་རྙིང་གི་ཁྱད་མ་ཕྱེ་བར་བསྒྱུར་པ་དང་། ཡུལ་སྐད་དང་ལུང་སྐད་དུ་བསྒྱུར་པ། ཡང་ན་བོད་ཡིག་གི་མིང་བརྡའི་གྲུབ་སྟངས་དང་བརྡ་སྤྲོད་ཐབས་སོགས་ལ་མི་འབྱོར་བཞིན་དུ་བཙན་གྱིས་བསྒྱུར་པ་སོགས་མཆིས། གོང་སྨྲས་བཞིན་བསྒྱུར་ན་བོད་ཡུལ་ཡོངས་སུ་མ་གྲགས་པའི་སྟབས་ཀྱིས་གོ་དཀའ་བར་འགྱུར་བ་ཆོས་ཉིད་ཡིན་ལ། ཞོར་དུ་མིང་བརྡ་རྣམས་བོད་རང་གི་ཡོངས་གྲགས་སུ་སྤྱོད་པའི་སྤྱི་སྐད་ལྟར་བསྒྱུར་དགོས་པའི་སྐུལ་མ་བཏང་ཡོད། འགྱུར་སྐྱོན་འདིའི་རིགས་སེལ་བ་ལ་ཐོག་མར་གང་ཞིག་བསྒྱུར་པ་དེ་བོད་སྐད་ཀྱི་མིང་གི་གྲུབ་ལུགས་དང་བརྡ་སྤྲོད་ཆོས་ཉིད་སོགས་དང་མཐུན་དགོས་ལ། གཞན་བོད་པའི་བརྡ་གོམས་སྲོལ་གྱི་སྦྱོར་ལུགས་སོགས་དང་ཡང་མཐུན་དགོས་ཏེ། འདི་ལ་མཁས་དབང་དགེ་ཆོས་ལགས་ཀྱིས“བོད་སྐད་མི་ཤེས་པ་ཞིག་གིས། རྩེ་ན་བུ་ཆུང་ལག་པའི་ཞིག་སྦྲང་མ། ཞེས་བྲིས་པ་ལ། དེ་མ་དག་གི བུ་ཆུང་ལག་པའི་རྩེ་ན་སྦྲང་མ་ཞིག ཅེས་བྲིས་དགོས་མོད། འོན་ཀྱང་སུམ་རྟགས་ཀྱི་ལུང་ཞིག་དྲངས་ནས་སྔ་མ་ལ་སྐྱོན་སྟོན་དགོས་ན་ཅི་ཡང་མི་རྙེད་པར་ཡུད་ཙམ་གྱིས་གང་ན་སྡོད་དགོས་པ་མྱོང་བས་གྲུབ།”[21]ཅེས་མི་རིགས་སོ་སོར་བརྡ་སྤྲོད་ཀྱི་གཞུང་དང་གཏན་ཚིགས་ལ་མི་བསྟུན་པར་སྐད་ཆའི་གནས་སྐབས་ཀྱི་དབང་གིས་གོ་བའི་ཡོངས་གྲགས་ཀྱི་ཚིག་གི་སྦྱོར་བ་ཞིག་གོམས་སྲོལ་དུ་ཆགས་ཡོད་པས་ངེས་པར་དུ་དེར་མཐུན་དགོས་པར་བསྟན་ཡོད།  གཞན་དུ་ན་མཁས་དབང་ཚེ་ཏན་ཞབས་དྲུང་མཆོག་གིས་ཀྱང“ཐོག་མར་རང་གི་སྐྱེ་ཡུལ་དང་གོམས་གཤིས་ཀྱི་ཁོར་ཡུག་ཆུང་ངུ་ལག་མཐིལ་ཙམ་ཞིག་ལ་མ་དམིགས་པར་བོད་ཀྱི་ཡུལ་ཁམས་མཐའ་དག་དམིགས་འོག་ཏུ་ཆུད་པ་བྱེད་དགོས། མིང་ཚིག་གསར་བ་ཞིག་བསྒྱུར་དགོས་པ་བྱུང་ཚེ་འདི་ལྟར་བསྒྱུར་ན་སྟོད་མངའ་རིས་ནས་བཟུང་ཨ་མདོ་ཤར་མཐའི་བར་གྱི་རོང་འབྲོག་ཚང་མས་གོ་ཐུབ་བམ་མི་ཐུབ་ལ་བསམ་བློ་མཐའ་ཆོད་པའི་སྒོ་ནས་གྲོས་བསྡུར་གྱིས་ཐག་གཅོད་དགོས། དེ་དུས་མཉམ་འཇོག་བྱེད་རྒྱུའི་གནད་འགག་ནི། རང་རང་གི་ས་ཆའི་ཕལ་སྐད་ཇི་མ་ཇི་བཞིན་བྱས་ཏེ་བསྒྱུར་ན་བོད་ཀྱི་ཡུལ་ཁམས་མཐའ་དག་ལྟ་ཅི། ཤན་ཁག་གཅིག་གི་ལུང་བ་ཕ་རི་ཚུ་རིའི་བར་ནས་ཀྱང་གོ་མི་ཐུབ།”[22]ཅེས་གསུངས་པ་ལྟར་ང་ཚོས་མིང་བརྡ་གང་ཞིག་བསྒྱུར་ཡང་བོད་མདོ་དབུས་ཁམས་གསུམ་ལ་ཡོངས་སུ་གྲགས་ཤིང་ཀུན་གྱིས་གོ་ནུས་པ་ཞིག་ཏུ་བསྒྱུར་རྒྱུ་ནི་ཤིན་ཏུ་གལ་ཆེའོ།།

གསུམ། འགྱུར་ཆད་པའི་སྐྱོན་གྱི་འབྱུང་རྐྱེན་དང་དེའི་སྐྱོན་སེལ།

འགྱུར་ཆད་པའི་སྐྱོན་ནི་བསྒྱུར་བྱའི་མ་རྩོམ་ལས་བྱུང་བའི་བརྗོད་དོན་ཁ་ཤས་འགྱུར་ཡིག་ཁྲོད་དུ་མ་བསྒྱུར་བར་ཆད་སོང་བ་སྟེ། བརྗོད་བྱ་ཡོངས་སུ་ཆ་ཚང་བ་ཞིག་མ་བྱུང་བར་བོར་བརླག་བྱུང་བ་ལ་བྱ། འདིར་བརྗོད་པའི་འགྱུར་ཆད་པ་དང་འཕྲི་སྒྱུར་ཞེས་པ་གཉིས་ལ་ངོ་བོའི་ཁྱད་པར་ཡོད་དེ། སྔ་མ་ནི་ངེས་པར་འགྱུར་དགོས་ཀྱི་དོན་རྣམས་མ་བསྒྱུར་བར་འགྱུར་ཡིག་ནང་དུ་ཆད་སོང་བས་སྐྱོན་དུ་སོང་བ་དང་། ཕྱི་མ་ནི་དགོས་མེད་ཀྱི་ཕྲད་དང་ཚིག་ལྷག་རྣམས་བསྐྱུངས་ཤིང་བརྗོད་དོན་ཉུང་ངུར་བསྡུས་ནས་མཚོན་པས་ན་ལོ་ཙཱ་བྱ་བའི་ཡོན་ཏན་དུ་མངོན་ཏེ། འདི་ནི་ལོ་ཙཱའི་ལག་ལེན་ཁྲོད་དུ་ངེས་པར་སྤྱོད་དགོས་པའི་ཐབས་ཤིག་ཡིན། ཡང་གང་ཞིག་འཕྲིས་པ་དེས་བརྗོད་དོན་མཚོན་པར་གནོད་མི་རུང་སྟེ། འཕྲི་ཉེས་བྱུང་སྟེ་དོན་གྱི་བསྟན་བྱ་གང་ལ་གཏོར་བརླག་ཐེབས་ན་སྐྱོན་དུ་སོང་བ་ཡིན་ལ། འདི་ལ་ལྕང་སྐྱ་རོལ་བའི་རྡོ་རྗེ་ལགས་ཀྱིས་འཕྲི་བའི་དགོས་པ་དང་རྩ་དོན་དང་བཅས་པ་བསྟན་ཡོད་དེ། “ཡང་འགའ་ཞིག་བོད་སྐད་ཇི་ལྟ་བ་བཞིན་བསྒྱུར་ན་ཧོར་སྐད་ལ་ཚིག་ལྷག་ཧ་ཅང་མང་བས་དོན་གྱི་ཆ་བསྒྲིབས་པ་ལྟ་བུའང་ཡོད་པས། དེ་ལ་ནི་དོན་ལ་མི་གནོད་པར་བྱས་ཏེ་ཚིག་ལྷག་རྣམས་དོར་བས་ཆོག”[23]ཅེས་པ་བཞིན་ཚིག་ལྷག་ཧ་ཅང་མང་བས་དོན་གྱི་ཆ་བསྒྲིབས་པ་ནི་འཕྲི་སྒྱུར་བྱ་བའི་དགོས་པ་ཡིན་ལ། དོན་ལ་མི་གནོད་པ་དང་ཚིག་ལྷག་རྣམས་དོར་བ་གཉིས་ནི་འཕྲི་སྒྱུར་གྱི་རྩ་དོན་ཡིན། འགྱུར་ཆད་ཀྱི་འབྱུང་རྐྱེན་ལ་རིགས་མང་སྟེ། བསྒྱུར་བྱའི་པར་གཞི་མི་འདྲ་བ་ལས་བརྗོད་དོན་ཁ་ཤས་ཆད་སོང་བ་དང་། དོན་ལ་གཟབ་ནན་མ་བྱས་པ་ལས་བོར་བརླག་བྱུང་བ་སོགས་དང་། གཞན་ཡང་བརྗོད་དོན་ཟབ་ཅིང་བརླིང་ལ་གོ་དཀའ་ཞིང་བསྒྱུར་ཁག་པ་ཁ་ཤས་ལ་བསམ་བཞིན་དུ་གཡོལ་ནས་སྟོང་བར་ལུས་པ་སོགས་མཆིས། སྐྱོན་དེའི་རིགས་སེལ་བ་ལ་ཐོག་མར་བསྒྱུར་བྱ་གང་གི་ཚིག་དོན་དང་བརྗོད་སྙིང་སོགས་ལ་བརྩི་འཇོག་དང་བློ་དཀར་བར་བྱས་ཏེ་གྲ་མ་ཞིག་གྲུ་མ་ཉམས་པར་ཇི་བཞིན་འགྱུར་ཡིག་ཁྲོད་དུ་ཐོན་པར་བྱེད་དགོས་ལ། རང་གིས་ཇི་ལྟ་བ་བཞིན་མི་ཤེས་པ་རྣམས་མཁས་པར་གྲགས་པ་མཆོག་དམན་སུ་ལའང་རུང་སྟེ་ལེགས་པར་དྲིས་ཤིང་ཐེ་ཚོམ་བཅད་ནས་བསྒྱུར་དགོས། འདི་ནི་རིག་གཞུང་གང་ཞིག་བསྒྱུར་བར་ངེས་པར་མཁོ་བའི་བྱེད་ཐབས་ཤིག་སྟེ། དཔེར་ན་མཁས་དབང་དགེ་འདུན་ཆོས་འཕེལ་ལགས་ཀྱིས《སྙན་ངག་མེ་ལོང》ལས་བྱུང་བའི་འགྱུར་ཆད་པའི་རིགས་རེ་རེ་བསྟན་རྗེས“བོད་ཀྱི་ཡུལ་དུ་ལེགས་སྦྱར་བཀླག་ཤེས་པར་མ་ཟད། རྩོམ་ཡང་ཤེས་པའི་མཁས་པ་གྲངས་ཀྱིས་མི་ཆོད་པ་བཞུགས་པ་དེ་ཀུན་གྱིས། ཤོ་ལོ་ཀ་ཕྱེད་དང་ལྔ་པོ་འདི་དག་ལེགས་པར་བསྒྱུར་ནས་དཎྜིའི་གཞུང་ཆ་ཚང་བར་མཛད་པས་རིགས་སོ།།”[24]ཞེས་ཆད་པ་ཁ་གསབ་བྱ་དགོས་པའི་འབོད་སྐུལ་བཏང་ཡོད་པ་ལྟ་བུའོ།།

བཞི། འགྱུར་ལྷག་པའི་སྐྱོན་གྱི་འབྱུང་རྐྱེན་དང་དེའི་སྐྱོན་སེལ།

འགྱུར་ལྷག་པ་ཞེས་པ་ནི་བསྒྱུར་བྱའི་མ་ཡིག་གང་དེའི་ཚིག་གི་དངོས་ཤུགས་གང་ནའང་མེད་པའི་ནང་དོན་ཁ་ཤས་ལོ་ཙཱ་བས་རང་མོས་བཞིན་ཁ་སྣོན་བྱས་ནས་བརྗོད་དོན་ལྷག་མར་གྱུར་པའི་སྐྱོན་ལ་བྱ་སྟེ། འདི་ནི་བསྟན་བཅོས་གང་ལ་ཉེས་བཤད་དང་ལོག་བཤད་སོགས་ཀྱི་བསླད་འདྲེ་སྲིད་པའི་སྐྱོན་ཆེ་ཤོས་ཤིག་ཡིན། འགྱུར་ལྷག་པ་དང་སྣོན་སྒྱུར་གཉིས་ལ་ངོ་བོའི་ཁྱད་པར་ལྡན་ཏེ། མ་ཡིག་གི་ཚིག་གི་དངོས་ཤུགས་ཀུན་ན་དེ་འདྲའི་བརྗོད་དོན་མེད་བཞིན་དུ་གསར་དུ་ཁ་སྣོན་བྱས་པ་འགྱུར་ལྷག་པའི་སྐྱོན་དུ་སོང་ཞིང་། སྣོན་སྒྱུར་ཞེས་པ་ནི་བརྗོད་དོན་གོ་བདེ་ཞིང་རང་སྐད་ལ་འབྲེལ་ཆགས་པའི་ཆེད་དུ་ཚིག་ཟུར་ཅུང་ཟད་རེ་བསྣན་ནས་བསྒྱུར་བས་ཡོན་ཏན་དུ་འགྲོ་བ་ཡིན། བསྣན་ནས་བསྒྱུར་བ་ནི་བརྗོད་དོན་གྱི་མཚོན་སྟོབས་ཇེ་ཆེར་གཏོང་བ་དང་ཡང་ན་རང་སྐད་ལ་བརྗོད་བདེ་བའི་ཆེད་དུ་ཡིན་དགོས་ཏེ། དེ་ལ་ས་སྐྱ་པཎ་ཆེན་ལགས་ཀྱིས།“འགའ་ཞིག་བོད་ལ་གོ་བདེའི་ཕྱིར།། ལེགས་པར་སྦྱར་ལ་མེད་ན་ཡང་།། ཅུང་ཟད་ལྷག་པར་བསྒྱུར་བ་ཡོད།། དེ་ལ་མཁས་པས་བཤད་མི་དགོས།།”[25]ཞེས་དང་། གཞན་ཡང་ལྕང་སྐྱ་རོལ་བའི་རྡོ་རྗེས“སྐབས་འགའ་ཞིག་ཏུ་ཚིག་ཟུར་ཅུང་ཟད་རེ་མ་བསྣན་ན་དོན་གྱི་ནུས་པ་མི་རྫོགས་པ་ལྟ་བུའང་ཡོད་པས། དེ་ལ་ནི་དོན་གསལ་བ་ལ་ཕན་ཞིང་ཚིག་རོར་མ་སོང་བའི་སྐད་ཟུར་དུ་བསྣན་ནས་བསྒྱུར་བར་བྱའོ།།”[26] ཞེས་དོན་གྱི་ནུས་པ་རྫོགས་པར་བྱེད་པ་ནི་སྣོན་སྒྱུར་བྱ་བའི་དགོས་པ་དང་། དོན་གསལ་བ་ལ་ཕན་ཞིང་ཚིག་རོར་མ་སོང་བ་ནི་དེའི་རྩ་དོན་དུ་བསྟན་ཡོད། འགྱུར་ལྷག་པའི་སྐྱོན་གྱི་འབྱུང་རྐྱེན་ནི་གཙོ་བོ་ལོ་ཙཱ་བའི་ཀུན་སློང་དང་རྣམ་འགྱུར། ཆུ་ཚད་སོགས་ལ་རག་ལས་ཏེ། ཐོག་མར་དོན་དང་ཡང་མི་འགལ་ཞེས་པའི་ལོ་ཙཱའི་རྩ་དོན་དང་འགལ་ཏེ་བརྗོད་བྱ་གསར་པ་རང་གི་བློ་བཟོ་དང་འདོད་མོས་ལྟར་ཁ་སྣོན་བྱས་པ་དང་། བརྗོད་བྱ་གང་ཉིད་ཇེ་གསལ་དུ་གཏོང་བར་སྙམ་ནས་དགོས་མེད་ཀྱི་འཕྲོས་བཤད་དང་ཚིག་ལྷག་ཁ་སྣོན་བྱས་པ། གཞན་ཚིག་སྦྱོར་མཛེས་པར་དམིགས་ཏེ་འཁྱོག་རྒྱན་ལ་སོགས་ཀྱིས་རྒྱས་པར་སྤྲས་པ་ལ་སོགས་མཆིས། དེའི་སྐྱོན་སེལ་བ་ལ་བསྒྱུར་བྱའི་ཚིག་དོན་དང་ལྟ་དགོངས་ཇི་བཞིན་བསྒྱུར་བ་ལས་རང་བཟོ་མི་བྱེད་པ་དང་། མ་ཡིག་ན་མེད་པའི་བརྗོད་དོན་ཁ་སྣོན་མི་བྱ་བ། དགོས་མེད་ཀྱི་ཚིག་ལྷག་དང་འཕྲོས་བཤད་སོགས་ལ་ཆེས་ཆེར་འཛེམ་དགོས་པ་སོགས་སོ།།

ལྔ། འགྱུར་ལོག་པའི་སྐྱོན་གྱི་འབྱུང་རྐྱེན་དང་དེའི་སྐྱོན་སེལ།

འགྱུར་ལོག་པ་ནི་བསྒྱུར་བྱའི་ནང་དོན་ཇི་བཞིན་མཚོན་མ་ནུས་པར་ཕྱིན་ཅི་ལོག་ཏུ་བསྒྱུར་པ་སྟེ། འགྱུར་སྐྱོན་འདིའི་རིགས་ཀྱི་འབྱུང་རྐྱེན་ལ་གོང་དུ་ས་སྐྱ་པཎ་ཆེན་ལགས་ཀྱིས་བསྟན་པ་བཞིན་མིང་གི་རྣམ་གྲངས་ནོར་བ་དང་། བརྡ་སྤྲོད་སྦྱོར་སྟངས་ཀྱི་ས་མཚམས་འཆུགས་པ། མུན་སྤྲུལ་གྱིས་བསླད་པ། སྔོན་རབས་གཏམ་རྒྱུད་མ་རྟོགས་པ་ལ་སོགས་མཆིས་པར་བརྗོད་པ་སོགས་མདོར་ན་གཙོ་བོ་གཤམ་གསལ་ལྟར་ཏེ། བསྒྱུར་བྱའི་མ་ཡིག་གི་བསྟན་དོན་ཇི་བཞིན་གོ་བ་དཔྱིས་ཕྱིན་པ་ཞིག་མ་ལོན་པར་གོ་ལོག་ཏུ་བསྒྱུར་པ་སྟེ། བསྒྱུར་བྱའི་སྐད་ཡིག་གི་ཆུ་ཚད་དམའ་ཞིང་དེར་འབྲེལ་གྱི་རིག་གཞུང་ལ་མ་བྱང་བའི་སྟབས་ཀྱིས་བྱུང་བ་དང་། སྒྱུར་བྱེད་སྐད་ཀྱིས་ཇི་བཞིན་མཚོན་མ་ནུས་པར་ཕྱིན་ཅི་ལོག་ཏུ་བསྒྱུར་པ་སྟེ། སྒྱུར་བྱེད་སྐད་ཡིག་གི་ཆུ་ཚད་ཞན་ཞིང་དེའི་མཚོན་ཐབས་ལ་མ་བྱང་བའི་སྟབས་ཀྱིས་བྱུང་བ། སྐད་གཉིས་ཡིག་སྒྱུར་གྱི་ཐབས་རྩལ་ལ་མ་བྱང་བ་དང་ལོ་ཙཱ་བྱ་བའི་སྤྱིར་བཏང་གི་རྩ་དོན་སོགས་དང་འགལ་ཏེ་ལོག་པར་བསྒྱུར་པ་སོགས་མཆིས། དེ་ལྟའི་སྐྱོན་སེལ་བ་ལ་ཐོག་མར་ལོ་ཙཱ་བའི་ཀུན་སློང་ནས་འཇུག་དགོས་ཏེ། དེ་ལ་ལྕང་སྐྱ་རོལ་བའི་རྡོ་རྗེ་ལགས་ནས། སྒྱུར་བྱེད་ལོ་ཙྪ་བ་རྣམས་ཀྱིས་ཐུབ་བསྟན་གཅེས་འཛིན་པ་འབའ་ཞིག་ཡིད་ལ་བརྣགས་པ་དང་། ཁེ་འདོད་དང་གྲགས་འདོད་ཀྱི་ཕྱོགས་སུ་ལྷུང་བའི་ཡིད་སྤངས་པ། གཟུ་བོའི་བློས་ཚིག་དང་དོན་གྱི་ཆ་ལ་ལེགས་པར་དཔྱད་པ། རང་གིས་ཇི་ལྟ་བ་བཞིན་མ་ཤེས་པ་རྣམས་མཁས་པར་གྲགས་པ་མཆོག་དམན་ཀུན་ལ་ལེགས་པར་དྲིས་ཤིང་ཐེ་ཚོམ་གཅོད་པ། རང་ཉིད་མཁས་རློམ་གྱི་ཁེངས་དྲེགས་དང་གཞན་ལ་ཕྲག་དོག་དང་ཕྱོགས་ལྷུང་གི་ཡིད་སྤངས་པ་སོགས་བསམ་པའི་ཀུན་སློང་གཙང་མ་ཞིག་ལྡན་དགོས་ལ། བྱེ་བྲག་གི་རྩ་དོན་ལ་ཚིག་གསལ་ཞིང་གོ་བདེ་བ་དོན་དང་ཡང་མི་འགལ་བར་བྱ་དགོས་པར་གསུངས་པ་བཞིན་བསྒྱུར་དགོས་སོ།། [27] 

དྲུག འགྱུར་འཁྲུགས་པའི་སྐྱོན་གྱི་འབྱུང་རྐྱེན་དང་དེའི་སྐྱོན་སེལ།

འགྱུར་འཁྲུགས་པ་ཞེས་པ་ནི་འགྱུར་ཡིག་གང་ལ་ཚིག་དོན་དང་གཏན་ཚིགས་ཀྱི་ཆ་ནས་སྔ་ཕྱི་འཁྲུགས་པའི་སྐྱོན་བྱུང་བ་སྟེ། བསྒྱུར་བྱའི་ཚིག་གི་གོ་རིམ་རང་མོས་སུ་སྣོར་བ་དང་བརྡ་སྤྲོད་ཀྱི་ནུས་པ་འདོན་ལུགས་ལྟར་གྱི་ས་མཚམས་འཆུགས་པ་ལ་སོགས་ལས་བརྗོད་དོན་སྔ་ཕྱི་འགལ་ཞིང་འཆོལ་བ་ཡིན། འགྱུར་སྐྱོན་འདི་དང་སྣོར་བསྒྱུར་གཉིས་ལ་ངོ་བོའི་ཆ་ནས་ཁྱད་པར་མཆིས་ཏེ། སྔ་མ་ནི་ཚིག་དོན་དང་གཏན་ཚིགས་ཀྱི་འབྲེལ་བ་སོགས་སྔ་ཕྱི་འཁྲུགས་ནས་བརྗོད་དོན་སོགས་ལ་ནང་འགལ་བྱུང་བས་སྐྱོན་དུ་གྱུར་པ་དང་། ཕྱི་མ་ནི་རང་སྐད་ལ་འབྲེལ་ཆགས་ཤིང་གོ་བདེ་བའི་ཆེད་དུ་ཚིག་གི་གོ་རིམ་སྔ་ཕྱི་སྣོར་བས་ན་ལོ་ཙཱའི་ཐབས་རྩལ་དུ་འགྲོ་བ་ཡིན། དེའི་སྣོར་ཐབས་ལ་ཚིགས་བཅད་སྣོར་ཐབས་དང་ཚིག་ལྷུག་སྣོར་ཐབས་གཉིས་སུ་དབྱེ་ཞིང་། སོ་སོའི་དགོས་པ་དང་རྩ་དོན་སོགས་ནི《སྒྲ་སྦྱོར་བམ་གཉིས》ལས་བསྟན་པ་བཞིན་ཤེས་པར་བྱའོ།། དེས་ན་འགྱུར་སྐྱོན་འདིའི་རིགས་ཀྱི་འབྱུང་རྐྱེན་ལ་གོང་གི་ཆོས་རྗེ་ས་པཎ་ལགས་ཀྱིས་བསྟན་པའི་ས་མཚམས་འཆུགས་པ་དང་གཅོད་མཚམས་ཉམས་པ། མུན་སྤྲུལ་དུ་བསྒྱུར་པ་སོགས་མཆིས་ཤིང་། གཞན་ནང་པའི་བསྟན་བཅོས་གང་ཞིག་བསྒྱུར་བ་ལ་གྲུབ་མཐའ་མི་འདྲ་བ་སོ་སོའི་འདོད་ལུགས་དང་། གཞུང་མཛད་པ་པོ་སོ་སོའི་དགོངས་དོན་ཇི་བཞིན་ཕན་ཚུན་ཁྱད་ཕྱེ་སྟེ་བསྒྱུར་བ་ལས་གཞུང་གཞན་གྱི་ལྟ་བ་སོགས་དང་ཕན་ཚུན་མཉམ་བསྲེས་བྱ་མི་རུང་སྟེ། འདིའང་འགྱུར་འཁྲུགས་པའི་གནད་ས་ཞིག་ཡིན་པ《དག་ཡིག་མཁས་པའི་འབྱུང་གནས》ལས“གཞུང་གིས་དོན་ལེགས་པར་མ་ཤོད་པའམ་ལོག་པར་བཤད་པར་མངོན་པ་འགའ་ཞིག་འདུག་ནའང་གཞུང་རྩོམ་པ་པོས་ཇི་ལྟར་བརྩམས་པ་ལྟར་བསྒྱུར་བར་བྱ་ཡི། གཞུང་གཞན་གྱི་ལེགས་པར་བཤད་པ་ལས་བླངས་ཏེ་འཆོས་པར་མི་བྱ་སྟེ། གལ་ཏེ་དེ་ལྟར་བྱས་ན་སློབ་དཔོན་རྣམས་ཀྱི་ལུགས་སོ་སོ་བ་རྣམས་འཁྲུག་པར་འགྱུར་བའི་ཕྱིར་རོ།།”[28]ཞེས་གསུངས་པ་སོགས་ཀྱིས་མཚོན། གཞན་མི་རིགས་སོ་སོའི་སྐད་ལུགས་ཀྱི་བརྡ་སྤྲོད་ཆོས་ཉིད་ལྟར་བསྒྱུར་བ་ལས་མ་ཡིག་གི་ཚིག་ངོས་ཀྱི་བསྟན་དོན་དང་ཡང་ན་དེའི་བརྡ་སྤྲོད་ཀྱི་རྣམ་གཞག་སོགས་ལ་བཙན་གྱིས་བསྟུན་ན་འགྱུར་འཁྲུགས་པའི་རྒྱུ་རུ་འགྱུར་ཏེ། དཔེར་ན་མཁས་དབང་དགེ་ཆོས་ལགས་ཀྱིས་རྒྱ་གར་གྱི་རྣམ་དབྱེ་ཇི་ལྟ་བ་བཞིན་བོད་སྐད་དུ་བསྒྱུར་ཚེ་སྐྱོན་དུ་འགྲོ་བ་ལ“སྐྱོན་གཙོ་བོ་ཞིག་ཚིག་གི་གོ་རིམ་དང་རྣམ་དབྱེ་ཐམས་ཅད་ལ་བོད་སྐད་ཀྱི་འགྲོས་རྐྱང་གབ་པས་ལན། རྒྱ་སྐད་ཀྱི་རྣམ་དབྱེ་དང་པོ་དང་བོད་ཀྱི་གསུམ་པ།   བོད་ཀྱི་གཉིས་པ་གསུམ་པ་དང་རྒྱ་སྐད་ཀྱི་དྲུག་པ་རྣམས་ཕལ་ཆེར་མགོ་མཚུངས་སུ་ཡོད་པས་མཚོན་སྦྱོར་ལུགས་མི་འདྲ་བ་ག་ལ་ཡོང་།”[29]ཞེས་གསུངས་པ་བཞིན་ཡིག་རིགས་མི་འདྲ་བ་སོ་སོའི་ཐུན་མོང་མ་ཡིན་པའི་བརྡ་སྤྲོད་ལེགས་པར་སྦྱངས་ནས་ཁོང་དུ་ཆུད་པར་བྱས་ཏེ། སོ་སོའི་སྐད་ལུགས་བཞིན་གང་ལ་ཅི་ཐོབ་དེ་ལ་དེར་བསྟུན་གྱིས་བསྒྱུར་དགོས་པར་བསྟན་པ་ལྟ་བུའོ།།

བདུན། འགྱུར་དམན་པའི་སྐྱོན་གྱི་འབྱུང་རྐྱེན་དང་དེའི་སྐྱོན་སེལ།

འགྱུར་དམན་པའི་སྐྱོན་ཞེས་པ་ནི་འགྱུར་གྱི་སྤུས་ཀ་ཞན་པ་དང་ཡང་ན་འགྱུར་གྱི་དགེ་མཚན་མ་ཐོན་པའི་སྐྱོན་སྣ་ཚོགས་ལ་བྱ་སྟེ། སྤྱིར་ལོ་ཙཱ་བྱ་བར་མ་ཡིག་ལ་གོ་བ་ལེན་པ་དང་སྒྱུར་བྱེད་སྐད་ཀྱིས་མཚོན་པར་བྱེད་པ་ཞེས་བརྒྱུད་རིམ་གཉིས་ཙམ་ལྡན་པ་བཞིན་འགྱུར་དམན་གྱི་སྐྱོན་རྣམས་ཀྱང་བརྒྱུད་རིམ་དེ་གཉིས་དང་འབྲེལ་བ་ལྡན་ཏེ། བསྒྱུར་བྱའི་གཞུང་གང་གི་ཚིག་དོན་དང་ཆེད་ལས་ཤེས་བྱ་སོགས་ལ་མ་བྱང་བས་དོན་གྱི་གོ་བ་ཇི་བཞིན་མ་ལོན་པ་དང་། སྒྱུར་བྱེད་སྐད་ཀྱིས་ཇི་བཞིན་མཚོན་མ་ནུས་པས་བརྗོད་དོན་སོགས་ལ་ཆད་ལྷག་དང་ནོར་འཛོལ། གཏན་ཚིགས་ཀྱི་ནང་འགལ་ལ་སོགས་པའི་སྐྱོན་བྱུང་བ་ཡིན། རྩོམ་རིག་ལོ་ཙཱ་ལྟ་བུར་མཚོན་ན་ཚིག་ངོས་ཀྱི་བསྟན་དོན་ཙམ་རང་སྐད་དུ་བསྒྱུར་ཡང་འགྱུར་མ་གང་ལ་ལོ་ཙཱའི་རྨ་ཤུལ་གྱིས་བསླད་པ་དང་། ཚིག་སྦྱོར་མི་མཛེས་ཤིང་གསོན་ཉམས་དང་བྲལ་བ། མ་ཡིག་གི་རྩོམ་གཤིས་སོར་འཇོག་བྱ་མ་ནུས་པ་ལ་སོགས་ཀྱི་སྐྱོན་སྣ་ཚོགས་མཆིས་པ་ནི་དོན་གྱིས་འགྱུར་དམན་གྱི་སྐྱོན་ཡིན། འགྱུར་སྐྱོན་འདིའི་རིགས་སེལ་བ་ལ་ཐོག་མར་བསྒྱུར་བྱ་སྒྱུར་བྱེད་ཀྱི་སྐད་ཡིག་གཉིས་ལ་བྱང་ཆུད་དགོས་པར་མ་ཟད། མི་རིགས་གཉིས་ཀའི་རིག་གནས་ཀྱི་སེམས་ཁམས་དང་མཛེས་དཔྱོད་ཀྱི་ལྟ་བ། རོལ་མྱོང་གི་མོས་འདུན་ལ་སོགས་བློ་ལ་ངེས་པར་བྱས་ཏེ། ཡུན་རིང་གི་ལོ་ཙཱའི་ལག་ལེན་ཁྲོད་དུ་དྲང་ཕྱོགས་ཀྱི་ཉམས་མྱོང་དང་ལྡོག་ཕྱོགས་ཀྱི་བསླབ་བྱ་སྤྱི་བསྡོམས་བྱས་ཏེ་རང་གི་སྒྱུར་རྩལ་མཐོར་འདེགས་བྱ་དགོས། བསྒྱུར་བྱའི་རིག་གནས་གང་ལ་བྱང་དགོས་པར་མ་ཟད། རང་སྐད་ལ་ཐ་སྙད་གསར་པ་བསྐྲུན་པའི་ནུས་རྩལ་དང་ཚིག་སྦྱོར་ལེགས་པར་སྤེལ་བའི་ཡིག་རྩལ་ཡང་མཐོན་པར་ལྡན་དགོས་ཏེ། མི་རིགས་གང་ཞིག་ཡིན་རུང་ལོ་ཙཱའི་བྱ་བ་རྒྱ་ཆེར་དར་བའི་དུས་སྐབས་ལ། རང་སྐད་ལ་མིང་ཚིག་གིས་མི་འདང་བའི་ཉམས་སྣང་ཞིག་ཅིས་ཀྱང་འཆར་སྲིད་ལ། དེ་ཡང་གཅིག་ན་བསྒྱུར་བྱའི་རིག་གནས་དེར་གོམས་མ་གོམས་ཀྱི་ཁྱད་པར་ལས་བྱུང་བ་དང་། རྣམ་པ་གཞན་ཞིག་ན་རང་སྐད་ལ་མ་བྱང་བའི་སྟབས་ཀྱང་ཡིན་ཞེས་སོགས་གསུངས་པ་ལྟར་རྟོགས་དགོས་སོ།།

བརྒྱད། འགྱུར་གཅོང་གི་སྐྱོན་གྱི་འབྱུང་རྐྱེན་དང་དེའི་སྐྱོན་སེལ།

འགྱུར་གཅོང་ཞེས་པ་ནི་བསྒྱུར་བྱའི་བསྟན་བཅོས་གང་གི་དགོངས་དོན་ལ་གོ་བ་དཔྱིས་ཕྱིན་པར་མ་ལོན་པར་རང་གི་བློ་བཟོ་དང་བཅས་ལོག་བཤད་དང་འཁྱོག་བཤད་ལ་སོགས་ཀྱི་བསླད་འདྲེ་བར་བྱས་པ་སྟེ། ལོ་ཙཱ་བའི་ཀུན་སློང་མི་གཙང་བ་དང་བསྒྱུར་བྱའི་ནང་དོན་ལ་མ་བྱང་བ། སྒྱུར་བྱེད་སྐད་ཀྱིས་ཇི་བཞིན་མཚོན་མ་ནུས་པ་བཅས་ནི་དེའི་འབྱུང་རྐྱེན་གཙོ་བོ་རྣམས་ཡིན་ལ། དེ་ལྟ་བུའི་སྐྱོན་སེལ་བ་ལ་ཐོག་མར“སྒྱུར་བྱེད་ལོ་ཙྪ་བ་རྣམས་ཀྱིས་ཀྱང་ཚུལ་འདི(རྒྱལ་པའི་གསུང་རབ)འཇིག་རྟེན་དུ་ཡུན་རིང་དུ་གནས་ན་ཅི་མ་རུང་སྙམ་པའི་བསམ་པས་ཐུབ་བསྟན་གཅེས་པར་འཛིན་པ་འབའ་ཞིག་ཡིད་ལ་བརྣགས།”[30]ཞེས་ནང་པའི་བསྟན་བཅོས་བསྒྱུར་བ་ལ་ཐོག་མར་ལོ་ཙཱའི་ཀུན་སློང་གཙང་མ་ཞིག་དགོས་པའི་ཁར། དོན་དང་ཡང་མི་འགལ་ལ་བོད་ལའང་གར་བདེ་བར་གྱིས་ཤིག་ཅེས་པའི་ལོ་ཙཱའི་རྩ་དོན་ཉིད་མིག་འབྲས་བཞིན་བརྩི་སྲུང་བྱས་ཏེ། བསྒྱུར་བྱ་གང་གི་བརྗོད་དོན་ཇི་བཞིན་བསྒྱུར་ནས་དེའི་ལྟ་བའི་དགོངས་པ་སོགས་ལ་ཉེས་ལོག་དང་འཁྱོག་བཤད་སོགས་ཀྱི་བསླད་མ་འདྲེ་བ་བྱ་དགོས། དེ་ལྟར་འབྱུང་བ་ལ་ཐོག་མར་བསྒྱུར་བྱའི་གཞུང་ལ་འབད་པ་ལྷོད་མེད་ཀྱིས་སྦྱངས་ནས་དེའི་ལྟ་དགོངས་ཇི་བཞིན་ཡིད་ལ་ངེས་དགོས་པ་དང་། གྲུབ་མཐའ་སོ་སོའི་འདོད་ལུགས་དང་བརྗོད་སྟངས་མི་འདྲ་བ་སོགས་བློ་ལ་བྱང་བ། གཞན་བརྗོད་བྱ་དང་བརྡ་སྤྲོད། གཏན་ཚིགས་ལ་སོགས་པའི་ཆ་ལ་སྐྱོན་ཕྲན་བུ་ཙམ་མ་ཞུགས་པར་རང་སྐད་ཀྱིས་འབྲེལ་ཆགས་ཤིང་བརྗོད་བདེ་བའི་སྒོ་ནས་མཚོན་པར་བྱ་དགོས་སོ།།

བཞི་པ། འགྱུར་སྐྱོན་བརྒྱད་ཀྱི་རིག་གཞུང་དོན་སྙིང་བཤད་པ།

དེ་ལྟར་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་བཀའ་འཁྲོལ་བཞིན་ལོ་ཙཱ་བ་ཀ་ཅོག་ཞང་གསུམ་གྱིས་སྔ་འགྱུར་རྣམས་ལ་འགྱུར་བཅོས་མཛད་དུས་བཏོན་པའི་འགྱུར་སྐྱོན་བརྒྱད་སོ་སོའི་གོ་དོན་དང་། མངོན་སྟངས། འབྱུང་རྐྱེན། སྐྱོན་སེལ་དང་བཅས་པ་ངོ་སྤྲོད་མདོར་ཙམ་ཞུས་པ་བརྒྱུད་དེ། “འགྱུར་སྐྱོན་བརྒྱད”ཀྱི་རྣམ་གཞག་འདིའི་རིག་གཞུང་གི་དོན་སྙིང་ཡང་གཙོ་བོ་ཕྱོགས་གཉིས་ནས་དབྱེ་ཞིབ་དང་སྤྱི་བསྡོམས་བྱ་རུང་བར་འདོད། གཅིག་ནི་བོད་བཙན་པོའི་དུས་སྐབས་དང་བསྟན་པ་ཕྱི་དར་རིང་གི་ལོ་ཙཱའི་ལོ་རྒྱུས་སྟེང་གཞུང་ལུགས་བསྐྲུན་པ་དང་ལག་ལེན་མཛུབ་སྟོན་ཐད་ལ་ལྡན་པའི་དོན་སྙིང་དང་། གཉིས་ནི་དུས་ད་ལྟའི་ང་ཚོའི་ལོ་ཙཱའི་དཔྱད་བརྗོད་དང་ཡིག་སྒྱུར་ལག་ལེན་ཕྱོགས་སུ་ལྡན་པའི་དོན་སྙིང་གཉིས་སོ།།

ཐོག་མར་བཙན་པོ་ཁྲི་སྲོང་ལྡེ་བཙན་སྐུ་རིང་ལ་ནང་བསྟན་གྱིས་གཙོས་པའི་ཕྱི་ཡུལ་གྱི་རིག་གཞུང་མང་པོ་བོད་ཡུལ་དུ་འདྲེན་པའི་ཡོ་ལང་རྣམ་པར་རྒྱས་ཏེ། ཕྱི་ནང་གི་ལོ་པཎ་མང་པོས་རྒྱལ་ཁབ་དང་ཡིག་རིགས་སྣ་ཚོགས་ནས་སངས་རྒྱས་ཆོས་གཞུང་རྒྱ་ཆེར་བསྒྱུར་པ་ཡིན་མོད། ལོ་ཙཱ་བ་སོ་སོས་སྤྱད་པའི་སྒྱུར་ཐབས་མི་འདྲ་བ་སོགས་ལས་རང་སྐད་དུ་བསྒྱུར་འོངས་པའི་ཆོས་གཞུང་གི་མིང་བརྡ་མང་པོ་དང་འགྱུར་ཡིག་རྣམས་གཅིག་གྱུར་དང་ཚད་ལྡན་མ་བྱུང་བ་དང་། འགྱུར་ནོར་གྱི་སྣང་ཚུལ་ཡང་གཅིག་མིན་དུ་བྱུང་། དུས་རབས་ཀྱི་དགོས་མཁོ་དང་རིག་གནས་ཀྱི་རྒྱབ་ལྗོངས་དེ་ལྟ་བུ་ཞིག་ལ་ད་གཟོད་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་ལོ་ཆེན་ཀ་ཅོག་ཞང་གསུམ་ལ་བཀའ་བསྩལ་ནས་སྔ་འགྱུར་རྣམས་ལ་གཞི་རྒྱ་ཆེ་བའི་ཞུ་དག་དང་འགྱུར་བཅོས་ཐེངས་གཅིག་མཛད་པ་སྟེ། བྱ་ལས་དེའི་ཁྲོད་དུ་ཁོང་རྣམས་ཀྱིས་སྔ་འགྱུར་ལས་བྱུང་བའི་འགྱུར་སྐྱོན་རྣམས་རིགས་བརྒྱད་དུ་བཏོན་ནས་འགྱུར་ཐམས་ཅད་ཡང་དག་པར་བཅས་ཏེ་ཚད་ལྡན་དུ་བཏང་བ་ཡིན། འགྱུར་སྐྱོན་དེ་དག་སེལ་བའི་རིག་གནས་ཀྱི་ལས་སྒོའི་རྨང་གཞིའི་སྟེང་དུས་སྐབས་དེའི་ཨཱ་ཙཱརྱ་བོ་དྷིསཏྭ་དང་། ཡེ་ཤེས་དབང་པོ་དང་། ཞང་རྒྱང་ཉེན་ཉ་བཟང་དང་བློན་ཁྲི་བཞེར་སང་ཤི་དང་། ལོ་ཙཱ་བ་ཛྙཱ་ན་དེ་བ་ཀོ་ཥ་དང་། ལྕེ་ཁྱི་འབྲུག་དང་། བྲམ་ཟེ་ཨཱ་ནནྡ་ལ་སོགས་པའི་ལོ་པཎ་མང་པོ་གདན་གཅིག་ཏུ་འཛོམས་ཏེ་བོད་ཡིག་ལ་བཀས་བཅད་ཐེངས་དང་པོར་མཛད་པ་ཡིན་ལ། དེ་སྔོན་བསྒྱུར་པའི་ཆོས་མིང་དགུ་སྟོང་ལྷག་གཅིག་གྱུར་དང་ཚད་ལྡན་དུ་མཛད་ནས་ཕྱོགས་གཅིག་ཏུ་བསྒྲིགས་ཤིང་། ལེགས་བོད་ཤན་སྦྱར་དུ་བཀོད་པའི་ཡིག་ཆའམ་མིང་མཛོད《སྒྲ་བྱེ་བྲག་རྟོག་བྱེད་ཆེན་མོ》ཞེས་པ་བསྐྲུན། དེ་ལྟར་ན་དུས་སྐབས་དེའི་བཀས་བཅད་ནི་གཙོ་བོ་འགྱུར་མིང་རྣམས་གཅིག་གྱུར་དང་འགྱུར་ནོར་རྣམས་ཡང་དག་ཏུ་མཛད་དེ་དཀར་ཆག་ཏུ་བཀོད་པའི་རིག་གནས་ཀྱི་བཟོ་བསྐྲུན་རྒྱ་ཆེན་པོ་ཞིག་ཡིན་ལ། རླབས་ཆེན་གྱི་ལོ་ཙཱའི་ལས་དོན་དེའང་མདོར་ན“འགྱུར་སྐྱོན་བརྒྱད”ཀྱི་རྨང་གཞི་དང་མཛུབ་སྟོན་འོག་སྤེལ་བ་སྟེ། བཙན་པོའི་བཀའ་ཁྲིམས་ལྟར་དུ་སྤྱི་བསྡོམས་དང་གཏན་ཕབ་བྱས་པ་ལགས་ན་དེར་བཙན་ཤུགས་རང་བཞིན་དང་དབང་གྲགས་རང་བཞིན་ཆེས་ཆེར་མངའ་བ་བསམ་ན་ཤེས་ནུས་པ་ཞིག་རེད།

འགྱུར་སྐྱོན་རིགས་བརྒྱད་དུ་བཏོན་ནས་འགྱུར་ཐམས་ཅད་ཡང་དག་པར་བཅས་པ་དེས་དུས་སྐབས་དེའི་བོད་ཀྱི་ལོ་ཙཱའི་བྱ་གཞག་ཁྲོད་བྱུང་བའི་འགྱུར་ནོར་ལ་སོགས་པའི་གནད་དོན་རྣམས་དུས་ལྟར་དུ་སེལ་ཏེ་ཡང་དག་ཚད་ལྡན་གྱི་ལམ་དུ་ཁྲིད་ཅིང་། འགྱུར་ཡིག་མང་པོའི་སྤུས་ཚད་ལའང་གཞུང་ལུགས་ཀྱི་ཐད་ནས་རྒྱབ་སྐྱོར་དང་ཁག་ཐེག་མཛད་པས་རིག་གཞུང་གི་དོན་སྙིང་བླ་ན་མེད་པར་མངའ་བ་ཡིན། ཕྱིས་ཀྱི་བོད་རྒྱལ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཇིང་ཡོན་གྱི་དུས་སུའང་སྔོན་ལྷ་སྲས་ཡབ་ཀྱི་རིང་གི“འགྱུར་སྐྱོན་བརྒྱད”ཀྱི་རྣམ་གཞག་ལ་སོགས་པའི་ལོ་ཙཱའི་ཉམས་མྱོང་དང་བསམ་བློའི་རྨང་གཞི་སྟེང་བོད་ཡིག་ལ་གཞི་རྒྱ་དེ་བས་ཀྱང་ཆེ་བའི་བཀས་བཅད་ཐེངས་གཉིས་པ་མཛད་པ་དང་། ལོ་ཙཱའི་འགྱུར་དཔྱད་དང་དམ་དུ་འབྲེལ་བའི་བཀས་བཅད་ཐེངས་གཉིས་པའི་སྐབས་སུའང་སྔར་བཞིན་འགྱུར་ནོར་བ་རྣམས་ཡང་དག་པར་མཛད་ཡོད་དེ། བཀས་བཅད་གཉིས་པའི་ཡིག་ཆ《སྒྲ་སྦྱོར་བམ་པོ་གཉིས་པ》ལས། “ཆོས་ཀྱི་སྐད་བོད་ལ་མ་གྲགས་པ་ལས་མིང་དུ་བཏགས་པ་དག་ཅིག་མཆིས་པའི་ནང་ནས་ཁ་ཅིག་ཆོས་ཀྱི་གཞུང་དང་། བྱཱ་ཀ་ར་ཎའི་སྒྲའི་ལུགས་དང་མི་མཐུན་ཏེ། མི་བཅོས་སུ་མི་རུང་བ་རྣམས་ཀྱང་བཅོས། སྐད་ཀྱི་མིང་གཅེས་སོ་འཚལ་གྱིས་ཀྱང་མནན་ནས་ཐེག་པ་ཆེ་ཆུང་ལས་ཇི་ལྟར་འབྱུང་བ་དང་། གནའི་མཁན་པོ་ཆེན་པོ་ནཱ་ག་རྫུ་ན་དང་། བ་སུ་བནྟཱུ་ལ་སོགས་པས་ཇི་ལྟར་བཤད་པ་དང་། བྱཱ་ཀ་ར་ཎའི་ལུགས་ལས་ཇི་ལྟར་འདྲེན་པ་དང་ཡང་བསྟུན་ཏེ། མཇལ་དཀའ་བ་རྣམས་ཀྱང་ཚིག་སོ་སོར་ཕྲལ་ནས་གཏན་ཚིགས་ཀྱིས་བཤད་དེ་གཞུང་དུ་བྲིས།”[31]ཞེས་ཆོས་ཀྱི་གཞུང་དང་བྱཱ་ཀ་ར་ཎའི་ལུགས་དང་མི་མཐུན་པས་མི་བཅོས་སུ་མི་རུང་བ་རྣམས་ཞེས་དུས་སྐབས་དེར་ཡང་དག་པར་བཅས་པའི་འགྱུར་ནོར་རྣམས་ཀྱང་མདོར་ན་གོང་སྨྲས་ཀྱི་འགྱུར་སྐྱོན་བརྒྱད་ལས་མ་འདས་ཏེ། དེ་ལྟའི་འགྱུར་སྐྱོན་རྣམས་སེལ་ཏེ་ཡང་དག་པར་བཅའ་དུས་ཀྱང་གཞི་བརྟེན་ས་ནི་སྔར་བཞིན“འགྱུར་སྐྱོན་བརྒྱད”ཀྱི་རྣམ་གཞག་འདི་ཡིན་པ་མངོན་པར་གསལ། སྔ་རབས་པའི་འགྱུར་ནོར་རྣམས་ཡང་དག་ཚད་ལྡན་དུ་བཏང་བའི་སྔོན་འགྲོའི་འོག་ནང་བསྟན་བསྒྱུར་བར་གཞིར་འཛིན་སའི་ལོ་ཙཱའི་རྩ་དོན་དང་ཚད་གཞི། བྱེ་བྲག་གི་སྒྱུར་ཐབས། དོ་སྣང་བྱེད་དགོས་པའི་གནད་ས་གང་དག་མཆིས་པ་སོགས་ལོ་ཙཱའི་བྱ་བ་སྤྱི་ཡོངས་ཀྱིས་བརྩི་སྲུང་དང་དང་ལེན་བྱ་དགོས་པའི་བཀའ་ཁྲིམས་སུ《སྒྲ་སྦྱོར་བམ་གཉིས》ཞེས་པ་གཏན་དུ་ཕབ་པ་ཡིན། མདོར་ན། “འགྱུར་སྐྱོན་བརྒྱད”ཀྱི་རྣམ་གཞག་འདིས་ནི་བོད་བཙན་པོའི་རིང་གི་ལོ་ཙཱའི་ལས་དོན་གང་ཉིད་སྐྱོན་བྲལ་བདེ་བླག་ངང་གོང་འཕེལ་འབྱུང་བར་རིག་གཞུང་སྣེ་འཁྲིད་ཀྱི་བྱེད་ནུས་གལ་ཆེན་བཏོན་པར་མ་ཟད། བོད་ཀྱི་ལོ་ཙཱའི་ལོ་རྒྱུས་སྟེང་གི་གཞུང་ལུགས་ཀུན་གྱི་ཕྱི་མོར་གྱུར་པ《སྒྲ་སྦྱོར་བམ་གཉིས》གཏན་དུ་དབབ་པར་ཡང་བསམ་བློའི་རྨང་གཞི་བཏིང་བ་ཡིན། གཞན་འགྱུར་སྐྱོན་གྱི་རྣམ་གཞག་འདིས་བོད་བཙན་པོའི་དུས་སྐབས་ཙམ་མ་ཟད་བསྟན་པ་ཕྱི་དར་རིང་གི་ལོ་ཙཱའི་ལས་དོན་སྤྱི་ལའང་གཞུང་ལུགས་མཛུབ་སྟོན་གྱི་བྱེད་ནུས་གལ་ཆེན་བཏོན་པ་སྟེ། འགྱུར་ནོར་སྣ་ཚོགས་སེལ་ཏེ་ཡང་དག་པར་བཅའ་བ། ཆོས་མིང་རྣམས་གཅིག་གྱུར་དང་ཚད་ལྡན་དུ་གཏོང་བ། འགྱུར་གྱི་གྲངས་ཚད་དང་སྤུས་ཚད་མཐོར་འདེགས་བྱ་བ་ལ་སོགས་པར་རིག་གཞུང་གི་བྱེད་ནུས་གལ་ཆེན་བཏོན་ཡོད།

སྔ་རབས་པའི་འགྱུར་ཡིག་ལ་ཞུ་དག་དང་བཅས“འགྱུར་སྐྱོན་བརྒྱད”ཀྱི་རྣམ་གཞག་བཏོན་པ་འདི་ལ་བཙན་ཤུགས་རང་བཞིན་དང་དབང་གྲགས་རང་བཞིན་བླ་མེད་ཅིག་དང་། ཡང་དག་རང་བཞིན་དང་ཚད་ལྡན་རང་བཞིན་རྩོད་མེད་ཅིག་མངའ་བས་ན། བོད་ཀྱི་ལོ་ཙཱའི་ལོ་རྒྱུས་སྟེང་དུ་རིག་གཞུང་གི་དོན་སྙིང་གལ་ཆེན་ལྡན་པར་མ་ཟད། དུས་ད་ལྟ་དང་མ་འོངས་པའི་ལོ་ཙཱའི་དཔྱད་བརྗོད་དང་ཡིག་སྒྱུར་ལག་ལེན་ཕྱོགས་སུའང་མཛུབ་སྟོན་དང་སྣེ་འཁྲིད་ཀྱི་བྱེད་ནུས་བླ་མེད་ཞིག་མཆིས། ད་ལྟའི་བོད་ཀྱི་ལོ་ཙཱའི་བྱ་གཞག་སྤྱི་དང་ལྷག་ཏུ་བརྡ་ཆད་གསར་པ་བསྒྱུར་བའི་གནས་བབ་ལ་གཞིགས་ན། དགའ་འོས་པའི་གྲུབ་འབྲས་ཅུང་མངོན་གསལ་ཞིག་བླངས་འདུག་ལ་དུས་མཚུངས་སུ་གནད་དོན་ཡང་མི་ཉུང་བ་ཞིག་གནས་ཡོད། བྱེ་བྲག་ཏུ་བརྗོད་ན། སྔ་འགྱུར་ལ་དཔྱད་བརྗོད་སྤེལ་བར་གཞུང་ལུགས་ཀྱི་རྒྱབ་རྟེན་ཞན་པ་དང་། གཞི་འཛིན་སའི་བྱེ་བྲག་གི་རྩ་དོན་དང་ཚད་གཞི་གཉོམ་པས། ལེགས་ཉེས་མཆོག་དམན་གྱི་གདེང་འཇོག་དང་དཔྱད་གླེང་མཛད་པ་ཕལ་ཆེར་ཞིག་རང་རང་སོ་སོའི་དགའ་མོས་དང་འདོད་བློ་ལྟར་སོང་བས། གཞུང་ལུགས་ཀྱི་གཏིང་མི་ཟབ་ལ་དབྱེ་ཞིབ་ཀྱི་བཤད་སྟོབས་ཞན་པས། བོད་ཀྱི་ལོ་ཙཱའི་ལས་དོན་སྤྱི་ཡོངས་ལ་གདེང་འཇོག་བྱས་པ་ཡིན་ནའང་འདྲ། བྱེ་བྲག་གི་འགྱུར་རྩོམ་ལ་དཔྱད་གླེང་བྱས་པ་ཡིན་ནའང་འདྲ་སྟེ་གཞུང་ལུགས་ཀྱི་མཐོ་ཚད་ནས་ཡིད་རྟོན་རུང་བའི་བསྡོམས་ཚིག་ཅིག་དགོད་དཀའ་བའི་གནས་སུ་ལྷུང་ཡོད་པ་འདྲ། དེ་བཞིན་དུ་ཡིག་སྒྱུར་ལག་ལེན་གྱི་གྲུབ་འབྲས་ཆ་ནས་ཀྱང་གནད་དོན་ཅུང་མང་དུ་གནས་ཡོད་དེ། འགྱུར་ཡིག་རྣམས་སྤུས་ཀ་ཞན་ཞིང་ཚད་ལྡན་མིན་པ་དང་། བརྗོད་དོན་ལ་ཆད་ལྷག་དང་ནོར་འཛོལ་བྱུང་བ་སོགས་ཀྱི་སྣང་ཚུལ་ཚད་མི་འདྲ་བར་གནས་ཡོད། བརྡ་ཆད་གསར་པ་བསྒྱུར་དུས་ཀྱང་བརྗོད་དོན་བཞིན་བསྒྱུར་ནུས་བཞིན་དུ་སླ་ཐབས་སུ་སྒྲ་ཙམ་བསྒྱུར་པ་དང་། ཡུལ་སྐད་དང་ལུང་སྐད་ཀྱི་བསླད་འདྲེས་པས་ཀུན་ལ་མ་གྲགས་པ། བརྗོད་དོན་ཕྱིན་ཅི་ལོག་ཏུ་སོང་ཞིང་གཏན་ཚིགས་ཀྱི་ནང་འགལ་བྱུང་བ། འགྱུར་སྤུས་ཞན་ལ་འགྱུར་མིང་གཅིག་གྱུར་མིན་པ་ལ་སོགས་ཀྱི་གནད་དོན་ཚད་མི་འདྲ་བར་མཆིས། དེ་ལྟ་བུའི་འགྱུར་སྐྱོན་སྣ་ཚོགས་བྱུང་བ་རྣམས་ཀྱང་མདོར་བསྡུས་ན་གོང་གི་འགྱུར་སྐྱོན་བརྒྱད་དུ་མི་འདུ་བ་མེད་དེ། དེ་དག་གི་འབྱུང་རྐྱེན་ལ་བསམ་ནའང་གོང་དུ་སྤྱི་བསྡོམས་བྱས་པ་ལྟར་ཏེ། ལ་ལ་ནི་ལོ་ཙཱ་བའི་ཀུན་སློང་དང་རྣམ་འགྱུར་ལ་རག་ལས་པ་དང་། ལ་ལ་ནི་བསྒྱུར་བྱའི་རིག་གནས་དང་ཡང་ན་སྒྱུར་བྱེད་སྐད་ཡིག་ལ་མ་གོམས་པ་དང་། ཡང་ལ་ལ་ནི་གཅིག་གྱུར་ཚད་ལྡན་ཅན་གྱི་རྩ་དོན་མེད་པ་དང་ལ་ལ་ནི་ལོ་ཙཱའི་ཐབས་རྩལ་ལ་མ་བྱང་ལ་སོགས་པའི་སྟབས་ཀྱིས་ཡིན།

ལོ་ཙཱའི་གནས་བབ་དེ་ལྟ་བུའི་འོག་ཏུ་ང་ཚོས་སྔོན་བྱོན་ལོ་པཎ་རྣམས་ཀྱི་ཤེས་རབ་དང་བློ་གྲོས་ལས་འཁྲུངས་པའི་ལོ་ཙཱའི་གཞུང་ལུགས་དང་ཉམས་མྱོང་རྣམས་ལ་ཁ་མིག་ཡར་ལྟོས་ཀྱིས་སློབ་སྦྱོང་བྱ་དགོས་པར་མ་ཟད། “འགྱུར་སྐྱོན་བརྒྱད”ཀྱི་རྣམ་གཞག་འདི་ལས་བསླབ་བྱ་བླངས་ཏེ་རང་གི་མིག་དཔེ་རུ་འཛིན་པ་ཤིན་ཏུ་གལ་ཆེ། དེ་ཡང་ཐོག་མར་འགྱུར་སྐྱོན་བརྒྱད་སོ་སོའི་མངོན་སྟངས་དང་འབྱུང་རྐྱེན་སོགས་ལ་རང་གི་ལོ་ཙཱའི་ལག་ལེན་བརྒྱུད་དེ་ངོས་འཛིན་ཡང་དག་ཅིག་བསྐྱེད་དགོས་པ་དང་། དེ་ནས་སྐྱོན་དེ་དག་ཇི་ལྟར་སེལ་དགོས་ཚུལ་ལ་གོང་སྨྲས་ཀྱི་ས་སྐྱ་པཎ་ཆེན་དང་ལྕང་སྐྱ་རོལ་བའི་རྡོ་རྗེ། དགེ་འདུན་ཆོས་འཕེལ་ལ་སོགས་ཀྱི་དཔྱད་གླེང་དང་འབྲེལ་ཏེ་བསམ་གཞིགས་མང་ཙམ་བྱས་ཏེ་ཡང་དག་དང་ཚད་ལྡན་དུ་གཏོང་བའི་ཕྱོགས་སུ་འབད་དགོས། གཞན་དུ་ན་འགྱུར་གང་ཞིག་ལ་ཞུ་དག་དང་དཔྱད་བརྗོད་སྤེལ་དུས་ཀྱང“འགྱུར་སྐྱོན་བརྒྱད”ཀྱི་རྣམ་གཞག་འདི་རིག་པའི་རྒྱབ་རྟེན་དང་རྩ་བའི་ཐབས་ལམ་དུ་འཛིན་འོས་ཏེ། བརྗོད་བྱ་རྗོད་བྱེད་གཉིས་ཀྱི་ཐད་ལ་འགྱུར་སྐྱོན་བརྒྱད་ཀྱི་བསླད་འདྲེ་ཡོད་མེད་ལ་ལེགས་པར་བརྟགས་ནས་འགྱུར་ལེགས་ཉེས་ཀྱི་བརྡར་ཤ་གཅོད་པ་དང་། འགྱུར་སྐྱོན་བརྒྱད་ལས་རིགས་གང་ཞིག་བྱུང་ཡོད་ཀྱང་ཡང་དག་པར་བཅའ་དགོས། དེར་བརྟེན“འགྱུར་སྐྱོན་བརྒྱད”ཀྱི་རྣམ་གཞག་འདི་ནི་འགྱུར་སྐྱོན་འཚོལ་བའི་མེ་ལོང་ལྟ་བུ་དང་། འགྱུར་བཅོས་མཛད་དུས་ཚད་མར་འཛིན་འོས་པའི་ཁྲུ་མ་ལྟ་བུར་འཛིན་རིགས་པས། འདི་ལ་རིག་གཞུང་གི་དོན་སྙིང་དང་ལག་ལེན་མཛུབ་སྟོན་གྱི་བྱེད་ནུས་གལ་ཆེན་ལྡན་པ་སྨྲས་མ་དགོས་སོ།། །།

དཔྱད་གཞིའི་ཁུངས་ལུང་།

[1] མཁས་པ་ལྡེའུ། རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ། [M] ལྷ་ས། བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་། 1987:302.

[2][3] ཉང་ཉི་མ་འོད་ཟེར། ཆོས་འབྱུང་མེ་ཏོག་སྙིང་བོ་སྦྲང་རྩིའི་བཅུད། [M] ལྷ་ས། བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་། 1988:389  .

[4][31]དཀར་ཆག་འཕང་ཐང་མ། སྒྲ་སྦྱོར་བམ་པོ་གཉིས་པ། [M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2003:70、70-71.

[5][6][11][12][20][21][29]དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ། དེབ་དང་པོ། [M] ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐུན་ཁང་། 1990:9、263、283、37、9、292、280.

[7][15]ས་སྐྱ་པཎྜིཏ། མཁས་པ་འཇུག་པའི་སྒོ། [M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 1981:96、98-99.

[8][9][13][14][25]ས་པཎ་ཀུན་དགའ་རྒྱལ་མཚན་གྱི་གསུང་འབུམ། སྟོད་ཆ།  [M] ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2020:394-395、395、395、396、398.

[10][16][17][18][24] དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ། དེབ་གསུམ་པ། [M] ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐུན་ཁང་། 1990:445-446、448-450、400、360、447-448.

[19][23][26][27][28][30]ལྕང་སྐྱ་རོལ་བའི་རྡོ་རྗེ། དག་ཡིག་མཁས་པའི་འབྱུང་གནས།  [M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 1999:13、14、14、13、15、13.

[22] ཚེ་ཏན་ཞབས་དྲུང་རྗེ་འཇིགས་མེད་རིགས་པའི་བློ་གྲོས་མཆོག་གི་གསུང་འབུམ། གླེགས་བམ་དྲུག་པ། [M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2007:157.

གསལ་བཤད། དཔྱད་རྩོམ་འདི་ནི2025ལོའི《ནུབ་བྱང་མི་རིགས་སློབ་ཆེན་རིག་དེབ》དེབ་དང་པོའི་སྟེང་བཀོད་ཡོད། 


མཉམ་སྤྱོད།