དེ་རིང་ནི2025ལོའི་ཟླ10པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

འོད་དུ་འཚེར་བའི་མུ་ཏིག་རྡོག་པོ།---པདྨ་གསེར་བྲིས་གླིང་།

2025-10-30 11:14:48   |   40

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། བཤེར་འབེབས། རིན་ཆེན་ཚེ་རིང་།


མཚོ་སྔོན་གསར་འགྱུར་སྨྱན་སྦྱོར་ལྟེ་གནས་ཀྱིས་སི་ཁྲོན་ནས་སྤེལ་བའི་འཕྲིན། (གསར་འགོད་པ། བནྡེ་འཚོ། རྡོ་རིན། ཚེ་རྡོ།) ཟླ10པའི་ཚེས28ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་བོད་སྐད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉེར་གསུམ་པའི་ཚོགས་ཞུགས་མི་སྣ་ཡོངས་སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་དུ་ཡོད་པའི་པདྨ་གསེར་བྲིས་གླིང་དུ་བཅར་འདྲིར་སོང་། པདྨ་གསེར་བྲིས་གླིང་དུ་ན་གཞོན་བྲིས་པ་གང་མང་ཞིག་གི་པིར་རྩེ་ལས་ཐོན་པའི་གསེར་བྲིས་ཡིག་གཟུགས་ཀྱིས་ཡུལ་དངོས་ཀྱི་གསར་འགོད་པ་རྣམས་ཀྱི་མིག་དབང་ཅིག་ཅར་དུ་འཕྲོག་པར་བྱས།

1.jpg

པདྨ་གསེར་བྲིས་གླིང་གི་འགན་འཁུར་པས་ངོ་སྤྲོད་བྱས་པ་ལྟར་ན། པདྨ་ཚུལ་ཁྲིམས་བཀའ་བསྟན་གསེར་བྲིས་རིག་གནས་ཞིབ་འཇུག་གླིང་ངམ་པདྨ་གསེར་བྲིས་གླིང་ནི། བོད་ཀྱི་སྲོལ་རྒྱུན་གསེར་བྲིས་རིག་གནས་དང་གསེར་བྲིས་ལག་རྩལ་ལ་ཞིབ་འཇུག་གཙོས། སྲོལ་རྒྱུན་བོད་ཤོག་བཟོ་རྩལ་རྒྱུན་འཛིན་གྱི་རྨང་གཞིའི་སྟེང་གསུང་རབ་འབྲི་བཞེངས་ཀྱི་ལས་ཀ་གཙོ་བོ་གཉེར་བཞིན་པའི་དེང་རབས་ཚད་ལྡན་གྱི་ཁེ་ལས་ཤིག་རེད།

2.jpg

2013ལོར་ཁྱུང་མཆུ་རྫོང་པདྨ་ཚུལ་ཁྲིམས་ཤེས་རིག་སྒྱུ་རྩལ་སློབ་གླིང་ནས་རི་མོ་དང་ཡིག་གཟུགས། མགར། རྐོས་བཟོ་སོགས་ཀྱི་འཛིན་གྲྭ་ཐོག་མ་བཙུགས་པ་ནས་གསེར་བྲིས་ལག་རྩལ་པ་གསོ་སྐྱོང་བྱས་ཏེ་རྨང་གཞི་བཏིངས་ཤིང་། 2016ལོར་ཁྲིན་ཏུའུ་རུ་གསེར་བྲིས་འབྲི་བཞེངས་ཀྱི་ཚོད་ལྟའི་དབུ་བཙུགས་ཏེ། 2017ལོར་ཁྲིན་ཏུའུ་གྲོང་ཁྱེར་དུ་པདྨ་གསེར་བྲིས་གླིང་དངོས་སུ་དབུ་བཙུགས་པ་ཡིན། ད་ལྟའི་བར་དུ་མི་ལོ་མང་པོའི་རིང་ཕྱོགས་སོ་སོའི་དགེ་བའི་བཤེས་གཉེན་དང་། རིགས་ལ་ཞེན་པ་དཀར་བའི་སྐྱེས་ཆེན་དག་གི་ཐུགས་ཁུར་རྒྱབ་སྐྱོར་དང་། སྒོས་སུ་གསེར་བྲིས་གླིང་གི་དགེ་སློབ་ཀུན་གྱི་ལོ་མང་དཀའ་སྤྱད་འབད་འབུངས་འོག 《དཔལ་ལྡན་གསོ་བ་རིག་པའི་རྒྱུད་བཞི》དང《ལམ་རིམ་ཆེན་མོ》སོགས་གཙོར་བྱས་སྲོལ་རྒྱུན་ལག་རྩལ་གྱི་ཁྱད་ཆོས་མ་བོར་བའི་གསེར་བྲིས་ཀྱི་བརྩམས་ཆོས་མང་པོ་ལེགས་གྲུབ་བྱུང་བ་ལ་བོད་ཀྱི་ཤེས་ལྡན་པ་མང་པོས་ཚད་མཐོ་བའི་གདེང་འཇོག་དང་སྤྱི་ཚོགས་ཁྲོད་དགའ་བསུ་ཆེན་པོ་ཐོབ་ཡོད་ལ། དེ་མིན་བཀའ་འགྱུར་གསེར་བྲིས་པོད་བརྒྱ་ལྷག་ཅན་འབྲི་བཞེངས་བྱེད་བཞིན་ཡོད།

3.jpg

པདྨ་གསེར་བྲིས་གླིང་གིས་སྲོལ་རྒྱུན་ལག་རྩལ་དང་སྒྱུ་རྩལ་སོགས་རིག་གནས་སྤྱི་དང། ཁྱད་པར་གསུང་རབ་འབྲི་བཞེངས་དང་འབྲེལ་བའི་རིག་གནས་ལག་རྩལ་སྐོར་ཏེ། སྲོལ་རྒྱུན་གྱི་བོད་ཤོག་དང་མཐིང་ཤོག་བཟོ་སྟངས། རིན་ཆེན་སྣ་ལྔའི་འདུལ་ཐབས་དང་སྤྱོད་ཐབས། ཐང་ག ཡིག་གཟུགས། གསེར་བྲིས། འཇིམ་བཟོ། མགར་བཟོ། ཤིང་བཟོ། རྡོ་བརྐོས། རིན་པོ་ཆེའི་ཕྲ་རྒྱན་བཟོ་བ། འཚེམ་བཟོ་སོགས་ལ་རིག་གཞུང་དང་ལག་ལེན་གཉིས་ཟུང་འབྲེལ་གྱིས་ཞིབ་འཇུག་དང་སླར་གསོ། རྒྱུན་འཛིན་དང་དར་སྤེལ་བཅས་ལ་འབད་འབུངས་བྱེད་མུས་ཡིན། བོད་ཁུལ་གྱི་མིང་དུ་གྲགས་པའི་རིག་གནས་རྒྱུན་འཛིན་མཁན་མང་པོ་ལས་ཁུངས་ནང་དུ་གདན་འདྲེན་ཞུས་ནས་ཆེད་ལས་རང་བཞིན་ཅན་གྱི་བྲིས་པ་དང་ལྷ་རིས་པ་སོགས་གསོ་སྐྱོང་བྱེད་པ། ཕྱོགས་མང་པོའི་ཆེད་ལས་དགེ་རྒན་དག་གི་མདུན་ནས་དུས་ཡུན་ངེས་ཅན་ནང་སློབ་སྦྱོང་གི་གོ་སྐབས་སྤྲད་ནས་ལག་རྩལ་ཟབ་སྦྱོང་བྱེད་པ། མདོ་དབུས་ཁམས་གསུམ་སོགས་སུ་ཡུལ་དངོས་བརྟག་དཔྱད་དུ་སོང་སྟེ་རྩ་ཆེ་བའི་རིག་དངོས་དང་ལག་རྩལ་སོགས་ལ་ཞིབ་འཇུག་དང་སློབ་སྦྱོང་བྱེད་པ་སོགས་ཡོད་ལ། དེ་མིན་དུས་ཐུང་གི་ཡིག་གཟུགས་ཟབ་སྦྱོང་འཛིན་གྲྭ་ཡང་ཐེངས་མང་པོར་བསྡུས་ནས་སྔ་ཕྱིར་སློབ་མ་ཉིས་བརྒྱ་ལྷག་གསོ་སྐྱོང་བྱས་ཡོད།

4.jpg

མདོར་ན་གསེར་བྲིས་ཀྱིས་མཚོན་པའི་ལག་རྩལ་རྣམས་ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་དུ་བཏང་སྟེ། གསེར་བྲིས་རིག་གནས་ལ་བརྟེན་ནས་ན་གཞོན་དག་གི་ལས་ཞུགས་གནད་དོན་ཐག་གིས་བཅད། བོད་ཀྱི་ཐུན་མིན་རིག་གནས་རྒྱུན་འཛིན་དང་ཁྱབ་བསྒྲགས་ནུས་པ། མི་རིགས་རང་གི་རིག་གནས་ཀྱི་བྱིན་རླབས་དང་རིན་ཐང་ལ་ཡིད་ཆེས་ཡོད་པའི་འདུ་ཤེས་གསོ་སྐྱོང་བྱས་ནས། དུས་རབས་གསར་པའི་བོད་ཀྱི་ཚབ་མཚོན་དང་མིག་དཔེར་འོས་པའི་ཁེ་ལས་ཤིག་ཆགས་ཐུབ་པར་འབད་བརྩོན་བྱེད་དང་བྱེད་མུས་སུ་མཆིས།

5.jpg

6.jpg    


མཉམ་སྤྱོད།