དེ་རིང་ནི2025ལོའི་ཟླ04པའི་ཚེས29ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་སྔོན་དགེ་འོས་སློབ་ཆེན་གྱི་སློབ་མའི་བརྩམས་ཆོས་ཆེད་བསྒྲིགས།

2024-10-16 15:14:47   |   992

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་སྔོན་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


图片12.png

图片13.png

ས་སྲོད་འདིར། ཡུན་རིང་ལ་འཕྲད་དབང་མ་བྱུང་བའི་ཁྱེད་ཀྱི་འཛུམ་ཞལ་སེམས་སུ་བསྒོམས་ནས། འཚབ་འཚུབ་ཀྱིས་དངོས་པོ་ཡོད་ཚད་ལ་བསྡུ་གསོག་སྟབས་བདེ་ཞིག་བརྒྱབ་རྗེས། དྲན་གདུང་གི་གཤོག་སྣེ་རླུང་ལ་བཅོལ་ཏེ་ང་རང་ཟི་ལིང་ནས་ཁྱེད་ཀྱི་ཕ་ཡུལ་ལ་འབྱོར་ཡོད། རླུང་གིས་ཁུར་མྱོང་བའི་བཏུལ་ཐང་གི་རྒྱ་ཁྱོན་གཞལ་ནས་གློག་འོད་ལམ་ལམ་འཕྲོ་བའི་ཡུལ་གྲུ་འདིར་སླེབས་དུས། འདྲེས་འདྲེས་སུ་གྱུར་པའི་མཁར་གྲོང་འདིར། རྒྱབ་ན་སྐྱེལ་མ་བྱེད་མཁན་མེད་ལ་མདུན་ན་བསུ་མ་བྱེད་མཁན་ཞིག་ཀྱང་མི་འདུག་པས། རང་ཉིད་ཁེར་རྐྱང་ཡིན་པའི་སྣང་བ་འགོག་མེད་ཅིག་སྐྱེས།

ལམ་གྱི་རི་ཆུ་རྡོག་པས་མནན་ཞིང་། སེམས་ཀྱི་འདུན་མ་ཁྱེད་སར་ཕྱོགས་ནས། དཔལ་ཁའི་ཕུག་ལམ་འཕྲེད་ཀྱིས་གཅོད་དུས་མཚན་སྨག་གི་གྲིབ་གཟུགས་ང་ཡི་ཉེ་དྲུང་དུ་སླེབས་འདུག་ནའང་། ཁྱེད་ཀྱི་ཞལ་རས་མཐོང་བའི་སྐལ་བ་ཡོངས་སུ་དབེན་ཞིང་། རང་ཉིད་ཁྱེད་ཀྱི་ཕ་ཡུལ་དུ་འབྱོར་བའི་བརྡ་དང་གཏམ་སོགས་གཅིག་རྗེས་གཉིས་མཐུད་ཀྱིས་ཡང་ཡང་བསྐུར་ནའང་། ཚུར་ལ་བརྡ་འཕྲིན་ཙམ་ཡང་མངོན་མ་བྱུང་། སྔོན་དུས་ཤིག་ལ། ངས《བདེ་སྐྱིད་གང་དུ་ཡོད》ཅེས་རྩོམ་ཐུང་ཞིག་བྲིས་པ་དྲན། “རྒྱང་རིང་ལ་ཆས་དུས་སྐྱེལ་མ་བྱེད་མཁན་ཞིག་དང་། ཕྱིར་རང་ཡུལ་ལ་ལོག་དུས་རྟ་ཁ་ལེན་མཁན་ཞིག་བྱུང་ན། དེ་ནི་བདེ་སྐྱིད་རེད།” དངོས་གནས། རང་ཉིད་ཀྱིས་བདེ་སྐྱིད་ལ་བཟུང་བའི་རྣམ་འགྱུར་དེ་ལྟ་བུ་ཞིག་གི་ངོས་ནས་དཔྱད་ཅིང་དཔག་ཚེ། ས་སྲོད་འདིའི་ངོ་གདོང་ལ་ཤར་བའི་ང་ནི། བདེ་སྐྱིད་དང་འབྲེལ་བ་སྤུ་ཙམ་མེད་པའི་མི་ཞིག་རེད་ལ། མ་གཞི་རང་ལ་རྒྱུས་མངའ་ཟབ་པའི་སྲང་ལམ་གྱི་སྒོ་བྱང་རེ་རེ་ཡང་ད་ནི་ཆ་མེད་དུ་འགྱུར་བཞིན་པའི་ཚོར་བ་སྐྱུར་མོ་ཞིག་སེམས་སུ་བྱོ་འོང་། ད་ནི་ཞིབ་ཀྱིས་བསམས་ན། ཁྱེད་ཀྱིས་ང་ལ་བཅངས་པའི་བརྩེ་དུང་ནི་དཔག་ཚད་འབུམ་གྱིས་ཆོད་པའི་དོ་དགོང་གི་ཟླ་འོད་བཞིན། མིག་གིས་མཐོང་ཐུབ་པ་ལས། སེམས་ཀྱིས་སྙེག་མི་ཐུབ་པའི་རྒྱང་རིང་ཞིག་རེད། ཧ་ཅང་རྒྱང་ཐག་རིང་བའི་གནས་དེར། བདག་གིས་ཇི་ལྟར་བལྟས་ཀྱང་ཁྱེད་ཀྱི་བརྩེ་བའི་རི་མོ་དེ་ནུབ་ཁའི་ཉི་ཟེར་གྱི་འོད་མདངས་ལ་འཁྱུད་པའི་ལས་སྐལ་ཕྲ་མོ་ཞིག་ལས་ནམ་ཡང་ལག་མཐིལ་དུ་ལེན་ཐབས་བྲལ། དེ་ནི་ངེད་གཉིས་ལ་བར་ཐག་མ་ཡིན་པའི་བར་ཐག་རིང་བོ་ཞིག་གིས་ཆོད་ཡོད་པས་ཀྱང་ཡིན་སྲིད་ཨང་། དོ་ནུབ། ང་རང་ཁྱེད་ཀྱི་ཉེ་འཁོར་དུ་འགྲེང་ནས་ཁྱེད་ལ་ཇི་ལྟར་བསྒུགས་ཀྱང་ཁྱེད་རང་མཐོང་ལམ་དུ་མ་མངོན། ཀུ་ཏོ་ལ་བསྒུགས་པ་བཞིན་ཁྱེད་རང་སླེབས་མ་བྱུང་མོད་དགུན་ཁ་སླེབས་བྱུང་། དགུན་གྱི་ཁ་བ་དང་གྲང་ངར་ང་སར་སླེབས་བྱུང་། ངང་སྒུག་ནི་ཆེས་ཆེ་བའི་འཇིག་རྟེན་གྱི་ན་ཟུག་རིགས་ཤིག་ཡིན་པ་འདྲ། ཁྱེད་ཀྱིས་བཤད་ན་བརྩེ་དུང་ངོ་མ་སྐད་ཆ་དང་ལབ་གླེང་གི་ཁྲོད་ན་མེད་ཟེར་ཡང་། ད་ནི་དངོས་ཡོད་ཀྱི་ཁྲོད་ན་ཡོད་མེད་ལའང་འཕྱང་མོ་ཉུག

ངེད་གཉིས་སྲང་ལམ་གཅིག་གི་མགོ་རྔ་ནས་བསྡད་དེ་ངའི་ཐུག་འཕྲད་ལ་གཞའ་བ་དེས། ངས་བརྩེ་དུང་ཞེས་པའི་བརྗོད་གཞི་ཆེན་པོ་ཞིག་ལ་བསམ་གཞིག་མི་བྱེད་རང་བྱེད་དུ་ཆགས་སོང་། དངོས་གནས་བརྩེ་དུང་ཟེར་བ་དེ་ཕན་ཚུན་གྱི་མཁོ་སྐོང་བའི་ལག་ཆ་ཙམ་ཡིན་ནམ། གསང་བའི་གནས་སུ་ཡོད་ནའང་མངོན་སུམ་གྱི་ཁྲོད་དུ་ནམ་ཡང་སླེབས་ཐབས་མེད་པའི་ལྐོག་གྱུར་ཞིག་ཡིན། ཡང་ན། མི་རེ་རེའི་དཔྱོད་ཤེས་ཀྱི་ཆ་ཡོད་ཚད་ཕྱིར་བླངས་རྗེས་ཀྱི་ཐ་སྙད་ལྷག་མ་དེ་ཚོ་ཡིན། བརྩེ་དུང་མེད་མེད་འདྲ་ལ་གཏན་ཚིགས་ཡོད་འདྲ་བ་ཁྱེད། ངས་ཇི་ལྟར་བསྔོགས་ཀྱང་ཚར་མི་སྲིད་པའི་གཏེར་ཁ་ཆེན་པོ་ཞིག ངས་ཇི་ལྟར་བསམ་ཡང་དཔོག་མི་སྲིད་པའི་གསང་བའི་རྒྱ་མཚོ་ཞིག ཁྱེད་ཀྱི་བརྩེ་དུང་ནི་ད་དུང་སྨིན་མེད་པའི་ལྗང་མྱུག་ཅིག་ཡིན་ནམ། སྨིན་དྲགས་ཏེ་ལྷུང་ལ་ཉེ་བའི་སིལ་ཏོག་བཞིན་གང་ལའང་སྙིང་བོ་མེད་པར་འདོད་པ་ཡིན། དོན་ངོ་མར། ཁྱེད་རང་སྡུག་བསྔལ་གྱི་རང་བཞིན་དུ་ཟད་པའི་འཁོར་བ་འདིར་ངེས་འབྱུང་སྐྱེས་པ་ཡིན་ནམ། ཆོས་བརྒྱད་ཀྱི་དབང་དུ་སོང་ཞིང་ཆགས་སྡང་གི་དབྱེ་བ་གསལ་བའི་ང་དང་ངའི་མི་སྡུག་པའི་ལང་ཚོ་འདི་ལ་ཞེ་མེར་བ་ཡིན།

རྒྱལ་བ་ཚངས་དབྱངས་རྒྱ་མཚོས་ལྷ་སའི་བར་སྐོར་གླིང་ནས་མ་སྐྱེས་ཨ་མ་བཙལ་མྱོང་བ་བཞིན། ཧེ་ཙིས་གཏེར་ལེན་ཁ་རུ་རང་ལས་ཆེ་བའི་ཨ་ཅེ་ལ་སྡུག་བསྔལ་གླེང་མྱོང་བ་ལྟར། བོང་སྟག་རི་ལུས་ས་གྲུ་བཞི་ནས་མཁའ་མོ་ཚེ་རིང་ལ་སྙན་ངག་བྲིས་མྱོང་བ་བཞིན། ངས་ཀྱང་སྔར་བཞིན་ཧང་ཆུ་དལ་འབབ་རིང་མོའི་འགྲམ་རྒྱུད་ནས་ཁྱེད་ཀྱི་མིག་ཟུང་ཡིད་ལ་ཡང་ཡང་བསྒོམས། རྒྱང་རིང་ནས་སླེབས་ཡོང་སྙམ་པའི་ཁྱེད་ཀྱི་གོམ་སྒྲར་རྣ་བ་བླགས། ཡིན་ནའང་། མཚན་མོའི་སྨག་རུམ་ལ་འབྱམས་ཀླས་པ་ནང་བཞིན་ཁེར་རྐྱང་གིས་བསྐྱེད་པའི་སྐྱོ་གདུང་ལའང་མུ་མཐའ་བྲལ། བཙལ་ཡང་རྙེད་རྒྱུ་མ་བྱུང་བའི་གདུང་བ་དེས། བསྒུགས་ཀྱང་བསླེབ་རྒྱུ་མ་བྱུང་བའི་སྐྱོ་བ་དེས། བསམས་ཀྱང་སྙིང་བོ་མེད་པའི་ན་ཟུག་དེས། ཡུན་རིང་ལ་མ་མཇལ་བའི་དྲན་གདུང་གི་མིག་ཆུ་རྡོག་གཅིག་དེའང་རིན་ཐང་མེད་པ་ཞིག་ཏུ་བཏང་སོང་། མི་ཞིག་གིས་སྣང་མེད་དུ་བསྐྱུར་བའི་རང་ཉིད་ནི་ལྭ་བ་དྲོན་པོ་ཞིག་བེད་སྤྱོད་ལན་མང་བྱས་རྗེས་ཕར་གཡུགས་པ་དང་ཀུན་ནས་མཚུངས། མི་སེམས་འདི། སྐྱོ་དྲགས་ནས་གངས་རི་བཞིན་སྲ་མཁྲེགས་སུ་གྲུབ་རྗེས། ཉི་འོད་ཤར་བ་ཙམ་གྱིས་ཞུ་འགྲོ་བ་ཞིག་མ་རེད་ལ། རླུང་བུ་ལྡང་བ་ཙམ་གྱིས་ཁུར་འགྲོ་བ་ཞིག་ཀྱང་ཡེ་ནས་མིན་པར། དེ་ནི་དུམ་ཆད་བྱུང་རྗེས་ཀྱི་སྐམ་ས་གཉིས་ལྟར་ཚེ་ཚེ་རབས་རབས་ལ་སླར་ཡང་གཞི་གཅིག་ཏུ་འདུ་ཐབས་བྲལ།

བུ་མོ་ལགས། རང་གི་ན་ཟུག་ཡོད་ཚད་སྡུག་བསྔལ་དུ་གྲུབ་ཚར་རྗེས། ང་རང་ལམ་ལ་ཆས་རན། ཁྱེད་དང་མ་འཕྲད་པའི་མིག་ཆུ་མཐའ་དག་ཐ་སྙད་ལ་བྱིན་རྗེས། རབ་རིབ་ཀྱི་ཟླ་འོད་ཀློང་ནས་མག་མོག་གི་ལམ་ཕྲན་འདི་དག་བརྒལ་ཚར་རྗེས། ང་ནི་བརྩེ་དུང་མེད་པའི་མི་ཞིག་ཏུ་གྱུར་ཡོད་ནའང་ཐང་། དེ་དུས། ཁྱེད་ཀྱིས་ང་ལ་ལེ་བདའ་དང་འཁང་ར་མེད་པར་ཞུ། ཁྱེད་ཀྱིས་ང་རང་དེ་སྔོན་གྱི་ཁྱེད་དང་འདྲ་བའི་བརྩེ་དུང་ལ་མཇལ་འཛོམས་མི་མཁོ་བའི“རྟོགས་སད་པ”ཞིག་ཏུ་ངོས་བཟུང་བས་ཆོག དེ་དུས། ཁྱེད་ཀྱིས་ང་ལ་བརྩེ་དུང་དང་འབྲེལ་བ་ཡོད་པའི་གཏམ་རྒྱུད་དག་མི་གླེང་རོགས། སྙིང་ཉེ་ལགས། མ་མཇལ་ཡུན་རིང་། ཕྱིན་ཆད་ཀྱང་མཇལ་མི་སྲིད་ཨང་། །

图片14.png

图片15.png
དེ་རིང་འདི་རུ་ཆར་བ་ཟམ་ཟིམ་འབབ། །
ཡིད་ཀྱི་ངོས་ལ་འབྲོག་གི་རྩྭ་ཐང་འཁོར། །
སྒེའུ་ཤེལ་ངོས་ཀྱི་རླངས་པ་སྲབ་མོ་ལ། །
ཁྱོད་ཀྱི་གཅེས་མིང་བྲིས་ཤིང་ཡང་ཡང་བཀླགས། །

ཉི་ཟླའི་རྣ་ཆ་བཏགས་པའི་ཁང་རྩེག་དག །
སྨིག་སྒྱུའི་སེམས་ངལ་ཀློང་ནས་ང་ལ་ཅེར། །
ལམ་འགྲམ་ལོ་མ་དག་ཀྱང་ཤབ་ཤུབ་ཏུ། །
ང་ལ་ཅི་ཞིག་སྨྲོས་པས་དོགས་མ་བདེ། །

རྩྭ་ལོ་ཟིལ་བ་ཕྲུམ་ཕྲུམ་གང་ན་སྐྱེས། །
མེ་ཏོག་འཛུམ་ཆུང་ལྷུག་ལྷུག་གང་དུ་དགོད། །
ཆུ་མོ་དགོད་སྒྲ་ལྷང་ལྷང་གང་ལ་བཞུར། །
བུ་མོའི་རྒྱབ་གཟུགས་འདྲ་ལེ་རྒྱང་རིང་ན། །

སྲིད་པའི་གབ་ཚིག་བཤད་ཤེས་མིག་གི་མདངས། །
ཚོར་བའི་རོལ་མོ་དཀྲོལ་མཁས་སྙན་པའི་ངག །
སེམས་ཀྱི་དང་བ་འདྲེན་པའི་ལྷོད་འཇམ་གཤིས། །
ཡིད་ཀྱི་ཟབ་སར་འཁྱིལ་འོང་རྒྱང་གི་མི། །

བར་ཐག་རི་ཆུས་ཆོད་པའི་དྲན་གདུང་གིས། །
མིག་ཆུའི་འཕྲེང་བ་ཆར་ཟིལ་འཐོར་བ་འདྲ། །
ཉི་ཟླའི་འཆར་ནུབ་མཛུབ་རྩེར་བགྲངས་པ་ཡིས། །
སོར་མོའི་པད་འདབ་དག་ཀྱང་ཟེགས་ཤིང་འཐོར། །

ཉིན་ལ་དྲན་པའི་གསེང་གི་ཉི་འོད་ཡིན། །
མཚན་ལ་རྨི་ལམ་ནང་གི་ཟླ་འོད་ཡིན། །
དྲན་པ་སྨག་ལ་བྱིང་བའི་འཇིག་རྟེན་ནས། །
ཁྱོད་ནི་སེམས་ལ་འཁྱིལ་བའི་འོད་སྣང་ཡིན། །

ཞེ་ལ་བྲུགས་པའི་ཚོར་བའི་ཡིག་འབྲུ་དག །
ཚིག་གི་གཤོག་པ་སྤྲད་ནས་རྒྱང་ལ་སྤུར། །
མཚོ་ཆེན་ལྟེམ་མེར་འཁྱིལ་བའི་འགྲམ་རྒྱུད་ཀྱི། །
ཡངས་པའི་གྲོང་ཁྱེར་དེ་རུ་ཁྱོད་ལ་བསྐུར། །

ཚོར་བ་ཚིག་ལ་བཏབ་པའི་མེ་ཏོག་ཡིན། །
འཕྲིན་པའི་ཞལ་ཁ་ཕྱེས་དང་མིག་ལ་ཡག །
སེམས་པ་དབྱངས་ལ་བསྙལ་བའི་རྒུན་ཆང་ཡིན། །
ལྷོད་ལྷོད་གཙང་བཞེས་གནོང་དང་ཡིད་སེམས་གསོ། །

图片16.png

图片17.png
དུས་ཚོད་བཅུ་ཡི་ལམ་ཐག་བདག་ལ་ཧ་ཅང་རིང་སྣང་བྱུང་།
ལམ་བར་གྱི་གངས་རི་དང་མཚོ་མོ་ཁོ་ན།
ངའི་བརྩེ་གདུང་གི་མཐོ་ཚད་ཤེས་པའི་སྡོངས་གྲོགས་གཅིག་པུ།
རྨི་ལམ་འཁྲུགས་པའི་སྐད་ཅིག་མ་རེ་རེར།
རྟོག་བཟོ་བྱས་པའི་དག་ཞིང་གི་གསེར་ཏོག་དང་རྒྱ་ཕིབས།
བདག་གིས་མཐོང་ལ་ཉེ།
སྡིག་སྒྲིབ་ཀྱི་རལ་གྲི་དུམ་བུར་ཆག་རྗེས།
རྡོ་སྐས་ལས་དག་སྣང་གི་མེ་ཏོག་དང་འཇའ་ཚོན་གྱི་དབུ་རྒྱན་འཁྲུངས།
མིག་ཆུའི་ཐིགས་པ་རེ་རེས་ལྷ་ཚོགས་ཀྱི་ཞབས་ཕྱག་བརླན་ནའང་།
དངོས་གྲུབ་ཀྱི་ཆར་བ་སྤྲིན་ནག་གི་གཟེབ་ཏུ་ཚུད།
མི་ལོ་དུ་མར་བསགས་ཤིང་ཁུར་བའི་ཁྲེས་པོ་ཡོངས་རྫོགས།
པོ་ཏ་ལའི་མདུན་དུ་ཅིག་ཅར་ཐང་ལ་བྱོ་སོང་།
ཉིན་ཕྱེད་ལ་བསྒུགས་བསྒུགས་པའི་མཐར།
མིག་ཟུང་མང་པོ་ཞིག་ལས་ཤབ་ཤུབ་ཀྱི་གཏམ་ཁ་ཤས་གོ་སོང་།
སུན་སྣང་གིས་འཁང་ར་བྱེད་མཁན་འགའ་ཡིས།
འཚང་ཁ་ཤིག་ཤིག་ངང་ལྷ་མཇལ་མཆོད་མཇལ་བྱེད།
ལྟ་སྐོར་པ་དག་གི་ལྐོག་གྱུར་གྱི་མིག་ཟུང་ལས།
གསེར་སྐུ་རེ་རེར་ཤོག་སྒོར་གྱིས་རིན་ཐང་འཇལ་བཞིན་འདུག
ལོ་རྒྱུས་ཀྱི་ཐ་སྙད་ལྕི་མོ་མང་པོ་ཞིག་བྲང་གཞུང་དུ་ལྷུང་།
དུས་འགྱུར་སྣ་ཚོགས་ཀྱི་མྱ་ངན་འདི་ཡིས་བཏེགས་ཡོད།
ཕ་གཞིས་དང་གཟིམ་ཁང་དེ་དག་རེ་རེར་མཇལ་རྗེས།
མིག་ཟུང་བཙུམས་ཏེ།
ལོ་ངོ་བརྒྱ་ཕྲག་གི་སྣང་བརྙན་མང་པོ་ཞིག
རྣམ་རྟོག་གི་ཡོལ་བར་གློག་འཁྱུག་པ་བཞིན་གར་དུ་རྩེན།

图片18.png

图片19.png

Cལགས།
འཚོ་བ་ནི་རྟོགས་དཀའ་བའི་གསང་བ་ཞིག་དང་འདྲ་བར་འདུག
དེའི་ཤུབས་སུ་ཅི་ཞིག་སྦས་སྐུང་བྱས་ཡོད་པ་ཚོར་མ་བྱུང་།
དེ་སྔོན་རྒྱང་དུ་འཐེན་པའི་ཕུགས་བསམ་གྱི་དར་ཚོན་སྣ་ལྔ་དེའང་།
ད་ལྟ་གྲང་རླུང་གི་འཇབ་རྒོལ་ཁྲོད་ནས།
གྲལ་དག་པའི་ཡིག་འབྲུ་དག་ཀྱང་གར་སོང་ཆ་མེད་དུ་གྱུར་འདུག
འཚོ་བ་འགྱུར་སོང་བ་ཡིན་ནམ། ང་རང་འགྱུར་སོང་བ་ཡིན།

Cལགས།
གལ་སྲིད་ང་རང་འཚོ་བར་བཀོད་སྒྲིག་རྒྱག་པའི་བྱེད་པོ་ཡིན་ཚེ།
ངས་ཕ་ཡུལ་གྱི་ནམ་མཁར་འཇའ་འོད་ཅིག་སྤྲོས་ནས།
ཕུགས་བསམ་གྱི་ཤོག་བྱ་མཐོན་པོར་སྤུར་འདོད།
གནས་དེ་རུ། ངས་རང་ལུས་ཙམ་ཤོང་བའི་ཁང་མིག་ཅིག་དང་།
དཔག་ཚད་མི་མངོན་པའི་དཔེ་ཁང་ཞིག་བསྐྲུན་ནས།
ཁུ་སིམ་མེར་ཕ་ཡུལ་གྱི་བསིལ་རླུང་འཚོལ་འདོད།

图片20.png

图片21.png
དྭངས་གཙང་ཆུ་བོ་ལྷོ་རུ་འཁྱུགས་པར་སོམས། །
ཡིད་འོང་ཟམ་པ་ཁ་རུ་དཔྱངས་པར་སོམས། །
མི་ཚོགས་སྣེ་མོ་གཉིས་སུ་བགྲོད་པར་སོམས། །
འུ་གཉིས་ཆུ་ཆེན་ཁ་རུ་འཕྲད་པར་སོམས། །
ཆུ་བོའི་ཕར་ཚུར་གཉིས་སུ་གནས་པར་སོམས། །
དུངས་པའི་ཟུར་མིག་ལྐོག་ཏུ་འཕེན་པར་སོམས། །
སྐྱེངས་པའི་ཚུལ་གྱིས་རང་སར་གནས་པར་སོམས། །
ཆུ་བོ་རབ་རྒྱས་ཟམ་པ་ཁུར་བར་སོམས། །
འཕྲད་འདོད་བློ་ཡིས་ཡར་མར་བརྒྱུགས་པར་སོམས། །
སྨྲེང་བའི་གདངས་ཀྱིས་ཕན་ཚུན་བོས་པར་སོམས། །
ཆུ་བོའི་སྒྲ་ཡིས་ཨ་ལན་མེད་པར་སོམས། །
ཞར་དུ་ཆར་གྱིས་ལུས་སེམས་བརླན་པར་སོམས། །
དེ་ལྟར་ལོ་ནས་ལོ་ལ་བབས་པར་སོམས། །
འུ་གཉིས་ཆུ་བོའི་འགྲམ་དུ་རྒས་པར་སོམས། །
སྐྲ་ལོའི་འདབ་མ་དག་ཀྱང་འཐོར་བར་སོམས། །
མིག་གིས་ཟིན་ཡང་རེག་ཏུ་མེད་པར་སོམས། །
འགྱོད་པའི་རྟ་ཕོ་རི་ལ་ཤོར་བར་སོམས། །
ལྡོག་མེད་རི་ལ་སྨུག་སྤྲིན་འཐིབ་པར་སོམས། །

图片22.png

图片23.png

དབྱངས་ཀྱི་རྒྱུད་སྐུད་སྟེང་བཞེངས་པའི་རི་རབ་དང་གཙང་བོ།
བྱང་གི་རྒྱལ་ཁམས་ལ་ལྷུང་བའི་ཁ་བ་དཀར་པོ།
དབུ་སྐྲ་ཉིལ་ལེའི་གསེང་གི་གཉོམ་པའི་མིག་མདངས།
ཁྲོམ་ཆེན་པོར་མཆི་མ་སློང་མཁན་ངག་གི་ཁུ་བྱུག

ལོ་ཟླ་ཞིག་གི་དྲན་པའི་རླབས་རྩེ་ན་འཕྱོ་བའི།
དུས་རབས་ཀྱི་བྱ་ཆེན་རྒོད་པོ།
གཤོག་པ་བྲག་ལ་བབས་ན་བྲག་གི་རྩེ་མོ་ཡང་སྙི་བར་བྱས་འགྲོ།
ཐང་ཆེན་མོར་བསིལ་བ་སྦྱིན་པའི་མཁའ་འགྲོའི་སྤྲིན་ཕུང་།
སྤྲིན་པ་བྱང་དུ་འཁོར་ན་བྱང་གི་རི་དྭགས་ཀྱང་མིག་ཆུ་ཤོར་འགྲོ།

བདུད་བྷེ། ཕོ་རྒོད་སྙིང་རྩིད་ཅན་ཞིག་གི་ང་རྒྱལ་དང་ཁ་ཕོ།
ཁྱོད་ཀྱི་གླུ་སྐད་ཁྲོད་ཞི་བར་བྱས་སོང་།
ཁྱོད་ཀྱིས་གནང་བ་ནི་ང་རྒྱལ་གཞན་ཞིག་གོ།
རྟ་མཆོག་མཐུར་མེད་ཅིག་གི་མི་འཁུར་བའི་རྔོག་མའི་ནགས་ཚལ།
ཁྱོད་ཀྱི་གླུ་སྐད་ཁྲོད་བདག་པོའི་རྩྭ་ཐང་དུ་ལོག་བྱུང་།
ཁྱོད་ཀྱིས་གནང་བ་ནི་མི་འཁུར་བ་གཞན་ཞིག་གོ །

དུས་ཚོད་ཀྱི་འུར་ལྕག་ཐོགས་པའི།
དབྱངས་ཀྱི་རྒྱུད་སྐུད་སྟེང་གི་མཇུག་མཐའི་རྫི་བོ།

图片24.png

图片25.png

འཁྱགས་གྲང་གི་རེ་ཁཱས་གཡག་རོག་གི་རྭ་ཅོར་སེར་ཁ་སྒོ་དུས།
ཁྱེད་ཀྱི་ཁ་རྔོག་རྒས་མ་སོང་།
གངས་རླུང་དང་འཚུབ་མས་སྒོ་ཁྱིའི་གཅོང་སྐད་ལ་ཟུག་གཟེར་སློང་དུས།
ལྷང་ལྷང་དུ་གྲགས་པའི་འཚེར་སྐད་ཁོ་ན།
གངས་རི་ཉིལ་བའི་ཁ་སྟབས་སུ་གཟས་པའི་རྔ་ཆེན་དེ་མ་ཡིན་ནམ།
རླུང་བུ་ཡི་གཤོག་པ་བརྐུས་ཏེ་ནམ་མཁའ་ལ་བློ་སྤོབས་གཡར་བ་ནས་བཟུང་།
ཉི་ཟླའི་ཡོབ་ཆེན་དྲག་ཏུ་བརྡུངས་པའི་གྱད་མི་སྐོར་ཞིག་གིས།
ཁྱེད་ཀྱི་འཕོངས་ནས་ཀི་རྒྱངས་བྱེད་ཅིང་སྤང་དང་ནམ་མཁའི་འཁོར་ལོ་བསྐོར།
ཇ་དང་རྟ་ལ་འབྲེལ་བའི་ལམ་ཕྲན་གྱ་གྱུ་ཞིག་གི་དྲན་པའི་མདོ་ཡང་།
སྒ་སྲབ་ཀྱི་གོང་ཁ་ནས་འཕྱུར་ཏེ་རྨིག་རྗེས་ཀྱི་ཁྲོན་པར་འཁྱིལ་དུས།
དྲག་ཏུ་ལྡིང་བའི་འཕར་རྩ་ལྟ་བུའི་གློག་དམར་ཡུག་གཅིག་པུ་དེ།
ཁྱེད་ཀྱི་ཆས་སུ་སྤྲས་པའི་ངའི་རྨི་ལམ་གྱི་གཤོག་པ་དེ་ཡིན་ན་སྙམ་ཨང་།
ངའི་སེམས་ན་འཚོ་བའི་ལྷ་རྟ་རྐྱང་རྒོད་ལགས།
ངའི་སེམས་པ་སྨོན་སའི་གྱི་ལིང་རླུང་གཤོག་ཅན།
ཉིན་བྱེད་ཀྱི་རྒྱལ་མཚན་བཏེགས་པའི་གངས་ཀྱི་ཁོང་གསེང་ན་ཁྱོད་ཀྱི་སྙིང་སྟོབས་ཡོད་དམ།
མཚར་སྡུག་གི་མངར་ཁ་སྦྲུམ་པའི་སྤྲིན་གྱི་བང་རིམ་ན་ཁྱེད་ཀྱི་མཛུམ་བག་མཆིས་སམ།
图片26.png

图片27.png
ཟླ་འོད་མེད་རུང་།
གློག་སྒྲོན་གྱི་ངོགས་ནས་ཆ་རྒྱུས་ཡོད་པའི་གྲིབ་གཟུགས་བཙལ།
སྔོན་ཆད།
ཉི་འོད་དང་ཟླ་འོད། གློག་སྒྲོན་འོག་ན།
ངའི་གྲིབ་གཟུགས་དང་ལྷན་དུ།
ང་ཡི་སྐེ་ལ་འཐམས་ཤིང་།
ང་ཡི་ལག་པར་འཇུས་པའི་ཁོ་མོའི་གྲིབ་གཟུགས་ཡོད།
འོན་ཀྱང་།
དོ་དགོང་།
ངས་གློག་སྒྲོན་རེ་རེའི་འོག་ནས་ཁོ་མོའི་གྲིབ་གཟུགས་མ་རྙེད།
དེ་ཡང་གྲིབ་གཟུགས་ང་རང་དང་གྱེས་སོང་བ་ག་ལ་ཡིན།
གྲིབ་གཟུགས་དེ་ངའི་སེམས་ན་ཡོད།
ངའི་གཡས་གཡོན་ན་ཡོད།
གྲིབ་གཟུགས་དེས་གྲུབ་པའི་མོ་རང་ང་དང་རྒྱང་དུ་གྱེས།
ཟླ་འོད་མེད་རུང་།
བསིལ་རླུང་འཇམ་པོ་ཞིག་གིས་ང་ཡི་ཞལ་ངོར་རེག
སྔོན་ཆད།
ང་ཡི་ཕྱོགས་བཞི་དང་མཚམས་བརྒྱད་ན།
མོ་རང་ཁོ་ནར་དབང་བའི་དྲི་ཞིམ་ཞིག་ཐུལ་ཡོད།
ང་ཡི་ཤ་གསེང་ལ་འཐིམ་ཞིང་།
ང་ཡི་དབང་བོར་འདྲེས་པའི་དྲི་ཞིམ་གཞན་དང་མི་འདྲ་བ་ཞིག་ཡོད།
འོན་ཀྱང་།
དོ་དགོང་།
དྲི་འཛིན་སྣ་ཡི་བུ་ག་རུ་ང་རང་གོམས་ཡོད་པའི་དྲི་ཞིམ་དེ་མ་ཚོར།
འུ་གཉིས་ཀྱི་ཤ་འདྲེས་པགས་འདྲེས་སུ་སོང་བའི་དྲི་ཞིམ་དེ་རླུང་གིས་ཁུར་སོང་།
ང་གཅིག་པུ་བསྐྱུར་ནས་རང་དབང་གིས།
ངའི་གཡས་གཡོན་ནས་གར་གྱི་སྟང་སྟབས་དང་བཅས་བཞུད་སོང་།

图片28.png

图片29.png
རྡོག་ཁྲེས་ཐ་སྙད་ཞེད་པོ་སེམས་ནས་བརྡོལ། །
བདེན་པའི་ཡིག་ཆུང་མི་འགྱུར་བྲག་ལ་བརྐོས། །
དོགས་སློང་ངག་གི་བརྗོད་པ་མགྲིན་པར་བརྣངས། །
དྭངས་མའི་གཉུག་གཤིས་ཤིག་ལ་རེ་སྣང་བཅོལ། །

ང་ཡི་འཆར་སྣང་ཡིག་འབྲུ་ནག་ཆུང་ལ། །
ཚོར་བའི་སྤྲིན་དང་སྣང་བའི་འོད་དཀར་འཁྱུག །
ཐོགས་མེད་སྟོང་དབྱིངས་ཁམས་ནས་འཕུར་སྐྱོད་བྱེད། །
སྲ་བརྟན་དབྱིག་འཛིན་སྟེང་ནས་འགྲེ་ལྡོག་བྱེད། །

ཆུ་མོའི་རྒྱུན་དང་གངས་ཀྱི་མདངས་སྟོན་པ། །
ང་དང་ཡིག་ཆུང་ནག་པོའི་གཤིས་སུ་གྲུབ། །
འགྱུར་བག་འཛུམ་དང་བསླུ་བྲིད་གཏམ་ཉུང་བ། །
ང་དང་ཡིག་ཆུང་ནག་པོའི་གཏན་ཚིགས་སོ། །

སད་རྟོགས་སྟ་རེ་མ་ཞིག་གུད་དུ་གཡུགས། །
རྫུན་གཏམ་ཤིང་གི་ཆ་མ་གཉིས་སུ་གས། །
སྨུག་ལོང་གང་སར་འཐིབ་པའི་རི་ལུང་ཁྲོད། །
འོད་ཟེར་ཀུན་ནས་འཕྲོ་བའི་མིག་ཅིག་མཁོ། །

འདུ་ཤེས་གསུམ་པ་འདྲ་བའི་རྣམ་ཤེས་འདི། །
དཀར་ནག་སོ་སོར་གཅོད་པའི་རྟོགས་པ་ཆུང་། །
ང་ཡི་ཡིག་འབྲུ་ནག་ཆུང་གཤོག་རུ་ཅན། །
བདེན་པའི་ནམ་མཁའ་གཅོད་པའི་དཔའ་ཞིག་དགོས། །

གེ་སར་སྒྲུང་དང་རཱ་ཎའི་རྟོགས་བརྗོད་འདྲའི། །
རོ་བཅུད་ཕུན་སུམ་ཚོགས་པའི་མྱོང་བ་དཀོན། །
རང་སེམས་རི་མོར་ཕབ་པའི་ཡིག་ཆུང་འདི། །
ཕྲན་ལ་མཚོན་ན་ཡེ་ཤེས་སྣང་བ་ཡིན། །
图片30.png

图片31.png
མེ་ཏོག་མ་སྐྱེས་བའི་ཡར་སྔོན་ལ།
བདག་གིས་ཁྱེད་རང་མེ་ཏོག་ཞིག་ཡིན་པར་བསྒོམས།
དེ་དུས་ཁྱེད་ནི་གར་མ་ཞིག་སྟེ།
རོལ་སྒེག་གར་གྱིས་བདག་གི་མཁའ་དབྱིངས་ལ།
ས་སྲོད་ཀྱི་ཉི་ནུབ་དེ་བྲིས།

ཟླ་བ་མཁའ་ལ་མ་འཕགས་པའི་སྔ་རོལ་ཏུ།
བདག་གིས་ཁྱེད་རང་ཟླ་བ་ཞིག་ཡིན་པར་བསྒོམས།
དེ་དུས་ཁྱེད་ནི་ཐིགས་ལེ་མཆོག་མ་སྟེ།
བདག་གི་སྟོང་གསུམ་གྱི་འཇིག་རྟེན་ཕོན་པོ་ལ།
ལྷད་མེད་ཀྱི་དཀོན་མཆོག་བསྐྲུན།


མཉམ་སྤྱོད།