དེ་རིང་ནི2025ལོའི་ཟླ02པའི་ཚེས05ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

《ཚོགས་གསུམ་གསལ་བ》ལས་འཕྲོས་པའི་མིང་གི་གོ་དོན་དང་དབྱེ་བ།

2025-01-16 09:25:52   |   1556

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། ཀྲུང་གོའི་བོད་རིག་པ།  བཤེར་འབེབས། རིན་ཆེན་ཚེ་རིང་།


1.jpg

2.jpg

ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་སྟུག་རྒྱའི་བཀའ་སྲུང་མགོན་པོ། བསྡུས་མིང་དུ་བཀའ་མགོན་ཟེར། སྨྱུག་མིང་ལ་ཁུ་བྱུག་གམ་རིག་པའི་ཁུ་བྱུག་ཅེས་གྲགས། སྤྱི་ལོ1966ལོར་སི་ཁྲོན་ཞིང་ཆེན་རྔ་བ་རྫོང་དུ་སྐྱེས། སྤྱི་ལོ1994ལོར་ནུབ་བྱང་མི་རིགས་སློབ་ཆེན་ནས་མཐར་ཕྱིན།  ལོ་དེར་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་ཕེབས་ནས་ད་བར་དགེ་རྒན་གྱི་ཕྱག་ལས་གནང་། ཞིབ་འཇུག་གི་གྲུབ་འབྲས་ལ་སངས་རྒྱས་ཆོས་ལུགས་དང་བོད་ཀྱི་རིག་གནས་ལས་འཕྲོས་པའི་གནད་དོན་སྐོར་གླེང་བ་བདེན་གཏམ་ཡིད་ཀྱི་མུན་སེལ་སོགས་རིག་གཞུང་ཆེད་དེབ་ལྔ་དང་། རྩོམ་སྒྲིག་བྱས་པ་ལ་བོད་ཀྱི་མཁས་པའི་ལེགས་རྩོམ་ཕྱོགས་བསྒྲིགས་བློ་གསལ་འཇུག་ངོགས་སོགས་དེབ་གསུམ། སློབ་དེབ་ལ་སངས་རྒྱས་ཆོས་ལུགས་ཀྱི་སྤྱི་དོན་གསར་དཔྱད་བློ་གསལ་འཇུག་ངོགས་དང་། ལེགས་སྦྱར་སྒྲ་རིག་པའི་རྣམ་བཤད་བློ་གསལ་འཇུག་ངོགས་ཞེས་པ་སོགས་ནི་རྒྱལ་ཁབ་རིམ་པའི་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན། གཞན་ཁོང་གིས་ཀྲུང་གོའི་བོད་རིག་པ་སོགས་རིག་གཞུང་དུས་དེབ་ཁག་ཏུ་དཔྱད་རྩོམ་དྲུག་ཅུ་ལྷག་སྤེལ་ཡོད། ཁོང་གི་རིག་གཞུང་གྲུབ་འབྲས་ལ་རིམ་པ་སོ་སོའི་བྱ་དགའ་མང་པོ་ཐོབ་པ་དང་། གཞན་ད་དུང་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་ཆེད་ཞུའི་སློབ་དཔོན་ཆེན་མོ་སོགས་རིག་གཞུང་ཞིབ་འཇུག་གི་ཁྱབ་ཁོངས་ནས་ཞོར་འགན་མང་པོ་བཞེས་ཡོད།

3.jpg

ནང་དོན་གནད་བསྡུས། དཔྱད་རྩོམ་འདིར་དང་པོ་དཔང་ལོ་ཙཱ་བས་བརྩམས་པའི་ཚོགས་གསུམ་གསལ་བ་ལས་འཕྲོས་ཏེ་མིང་གི་ཚོགས་པ་ཞེས་པའི་སྐོར་ལ་མཐའ་དཔྱད་མཛད་པ་ལ་ཐོག་མར་མིང་གི་དགོས་པ་བརྗོད་པ་དང་། དེ་ནས་གཉིས་པ་འཕགས་བོད་བརྡ་སྤྲོད་རིག་པའི་ལུགས་གཉིས་དང་འབྲེལ་ནས་མིང་གི་ངོ་བོ་དང་ངེས་ཚིག་མདོར་བསྡུས་བཤད་པ། གསུམ་པ་མིང་ལ་དབྱེ་ན་དངོས་མིང་དང་བཏགས་མིང་གཉིས་ཀྱི་སོ་སོའི་དོན་དང་དཔེར་བརྗོད་རྣམས་བརྡ་སྤྲོད་རིག་པའི་སྨྲ་བའི་མཁས་པའི་གསུང་དང་འབྲེལ་ནས་བཤད་པ། བཞི་པ་མིང་གཅིག་དོན་མང་པོ་ལ་འཇུག་པ་དང་དོན་གཅིག་མིང་མང་པོ་ཡོད་པའི་འཇུག་ཚུལ་བཤད་པ་སོགས་ཅུང་ཟད་བསྡུར་ནས་དཔྱད་བརྗོད་བྱས་ཡོད།

བརྡ་ཆད་གཙོ་བོ། ཚོགས་གསུམ་གསལ་བ། མིང་གི་གོ་དོན། དབྱེ་བའི་སྐོར།

4.jpg

དེ་ཡང་རྗེ་བཙུན་ས་སྐྱ་པཎྜི་ཏས་བརྩམས་པའི《མཁས་པ་འཇུག་པའི་སྒོ》ལས། བསྟན་བཅོས་དམ་པར་བསྟན་པའི་ཕྱིར། ། སྟོན་པས་ཐོག་མར་དགོས་པ་བསྟན། ། ཡོངས་སུ་རྟོགས་པས་དེ་མཐོང་ནས། ། དཔྱོད་པ་ཡང་ཅིས་མི་འཇུག ། [1]ཅེས་གསུངས་པ་ལྟར། གང་འཆད་པར་འགྱུར་བའི་བསྟན་བཅོས་སྤྱི་དང་བྱེ་བྲག་གང་ཞིག་གི་བརྗོད་བྱ་དང་རྗོད་བྱེད་གང་གི་ཆ་ནས་དོན་ཆེན་པོ་དང་ལྡན་པར་མཐོང་ན། ཕྱིས་ནས་དེར་གུས་རྟག་གིས་བརྩོན་པས་ཞུགས་པར་འགྱུར་བའི་ཆེད་ཐོག་མར་དགོས་པ་བསྟན་པའི་སྒོ་ནས་བརྗོད་དགོས་ལ། དེས་ན་དཔང་ལོ་ཙཱ་བས《ཚོགས་གསུམ་གསལ་བ་བཞུགས་སོ》ཞེས་པ་ལས། མིང་ཡིན་དོན་ལ་བློ་གཞོལ་ཕྱིར། ། [2]ཞེས་མིང་བསྟན་པའི་དགོས་པ་ནི། (དོན)ལ་བློ་གཞོལ་ཞིང་འབབ་པར་བྱེད་པས་ན་མིང་ཞེས་བྱའོ། ། ཞེས་དོན་ལ་བློ་གཞོལ་ཕྱིར་ཡིན་པར་གསུངས་པའི་ཕྱིར་ན། ཐོག་མར་མིང་གི་དགོས་པ་སྤྱིར་བརྗོད་པར་བྱ་སྟེ། མིང་ནི་ཕྱི་ནང་གིས་བསྡུས་པའི་ཆོས་ཐམས་ཅད་རྗོད་པར་བྱེད་པའི་གཞི་ཡིན་པའི་ཕྱིར་ན།《ལང་ཀར་གཤེགས་པའི་མདོ》ཞེས་པའི་མདོ་ལུང་ཡིན་པར་གྲགས་པའི་མིང་དུ་བཏགས་པར་མཛད་ན། ། ཞེས་པ་སོགས་ཀྱི་ཚིགས་བཅད་ཀྱིས་ཤེས་ཐུབ་ཅིང་། སློབ་དཔོན་དབྱིག་གཉེན་གྱིས་དེ་ཐམས་ཅད་ཀྱི་རྣམ་པར་བཞག་པའང་མིང་ཡིན་པས་དེའི་མཐའ་ཡང་བརྗོད་པར་བྱ་སྟེ་ཞེས་གསུངས་པ་ལྟར། རྗོད་བྱེད་ཀྱི་ཚིག་གི་གྲུབ་གཞི་ནི་མིང་ལ་ཐུག་ཅིང་མིང་གི་སྦྱོར་བ་ཡང་དག་པ་དང་ཕུན་སུམ་ཚོགས་པ་ཞིག་མེད་ན་བརྗོད་བྱའི་དོན་སྟོན་པ་མེད་པར་འགྱུར་ཏེ། སློབ་དཔོན་ཐོན་མིས《རྟགས་ཀྱི་འཇུག་པ》ལས། མིང་ཚིག་གསལ་བ་མེད་ན་ནི། ། དོན་རྣམས་བརྗོད་པར་མི་འགྱུར་རོ། ། དེ་ལྟར་གྱུར་ན་འཇིག་རྟེན་དུ། ། དོན་མཚོན་བརྗོད་པ་ཀུན་ཀྱང་མེད། ། རིག་བྱེད་སྨྲ་བའང་ཡོད་མི་འགྱུར། ། ཉན་ཐོས་རང་རྒྱལ་སངས་རྒྱས་ཀྱི། ། བསླབ་པ་རྣམས་ཀྱང་མེད་པར་འགྱུར། ། [3]ཞེས་གསུངས་པའི་རྗེས་སུ་འབྲངས་ནས་དུས་ཕྱིས་དུས་རབས་རིམ་བྱུང་གི་བོད་ཀྱི་མཁས་པ་རྣམས་ཀྱིས་མིང་གི་དགོས་པའི་སྐོར་གསུངས་པ་འདི་ལྟ་སྟེ། དཔལ་ཁང་ལོ་ཙཱ་བས། ཨེ་མ་ཤེས་བྱ་མ་མཐའ་ཡས། ། དེ་དག་རེ་རེའི་མིང་གི་ཡང་། ། རྒྱུ་མཚན་ངེས་ཚིག་མ་ཤེས་ན། ། བརྡ་དག་སྦྱོར་བ་ཇི་ལྟར་འབྱུང་། ། ཞེས་མིང་གི་སྦྱོར་བ་མ་ཤེས་པའི་ཉེས་སྐྱོན་དང་བཅས་པ་གསལ་བར་གསུངས་པ་དང་། ཁྱད་པར་དུ་རིན་སྤུངས་པས། ཨེ་མ་ཆོས་ཀྱི་གནས་ལུགས་མཐའ་དག་དོན། ། རྟོགས་བྱེད་དང་པོ་མིང་གི་བརྡ་སྤྲོད་པ། ། [4]ཞེས་གསུངས་ཤིང་། མིང་དོན་གཉིས་ནི་ཕན་ཚུན་རྟེན་ཅིང་འབྲེལ་བར་འབྱུང་བ་ཞིག་སྟེ། མིང་གི་སྦྱོར་བ་ཕུན་སུམ་ཚོགས་པ་ཡོད་ན་དོན་ཡང་དག་པ་དང་ཆ་ཚང་བར་སྟོན་པ་དང་། དོན་ཡང་དག་པ་དང་ཆ་ཚང་བ་ཞིག་སྟོན་ཐུབ་མིན་ནི་མིང་གི་སྦྱོར་བ་ཕུན་སུམ་ཚོགས་པ་ཞིག་ཡོད་མེད་ལ་རག་ལས་ཕྱིར། རྒྱལ་སྲས་ཐོགས་མེད་ཀྱིས་སྤྱིར་མིང་བཏགས་པ་ཙམ་གྱི་དགོས་པ་ནི་དོན་གོ་བ་སྟེ་ཞེས་གསུངས་པའི་ཕྱིར་ན། དེ་བཞིན་དུ་ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེས་ཆོས་ཐམས་ཅད་འཇོག་པ་ཡང་མིང་ལ་རག་ལས་པས་ཞེས་གསུངས་པ་སོགས་ཀྱིས་མིང་བཤད་པའི་དགོས་པ་བརྗོད་པས་གླེང་གཞི་དྲངས་པའི་དཔང་ལོ་ཙཱ་བས་བརྩམས་པའི《ཚོགས་གསུམ་གསལ་བ་བཞུགས་སོ》ཞེས་པ་ལས་དངོས་ཤུགས་བརྒྱུད་གསུམ་གང་རུང་ལ་བསྟན་པའི་མིང་གི་ངོ་བོ་དང་། མིང་གི་ངེས་ཚིག མིང་གི་དབྱེ་བ། མིང་གི་བཏགས་ཚུལ། མིང་གི་འཇུག་ཚུལ་སོགས་ཤེས་པ་ནི་ཤིན་ཏུ་གལ་ཆེའོ།

5.jpg

དཔང་ལོ་ཙཱ་བས་བརྩམས་པའི《ཚོགས་གསུམ་གསལ་བ་བཞུགས་སོ》ཞེས་པ་ལས་མིང་གི་ངོ་བོ་བཤད་པ་ཞེས་པའི་སྐབས་སུ་མིང་གི་ངོ་བོ་ཇི་ལྟར་གསུང་ན། ཡི་གེ་གཉིས་སམ་མང་འདུས་པའི། ། དོན་གྱི་ངོ་བོ་རྗོད་བྱེད་པ། ། མིང་ཡིན་དོན་ལ་བློ་གཞོལ་ཕྱིར། ། ཞེས་པའི་ཚིག་རྐང་གསུམ་གྱིས་མིང་གི་ངོ་བོ་ངེས་ཚིག་དང་བཅས་པའི་དགོས་པ་གསལ་བར་བསྟན་ཏེ། འཕགས་བོད་གཉིས་ཀྱི་ལུགས་ལ། ཡི་གེ་གཉིས་འདུས་ནས་བརྗོད་བྱའི་དོན་གྱི་ངོ་བོ་རྗོད་པར་བྱེད་པ་ཞེས་འཕགས་བོད་གཉིས་ཀྱི་སྐད་ལུགས་དང་མཐུན་པའི་དཔེར་བརྗོད་དང་འབྲེལ་ནས་གསལ་བར་བཤད་པ་ལ། སཾསྐྲྀཏ་ལ་ཀུ་ནེས(ཞེས)པ་ཀ་དང་ཨུ་འདུས་པས་ས་གཞིའི་མིང་དང་། བོད་ལའང་ཁ་དང་ཨ་འདུས་པས་ཁའི་བུ་གའི་མིང་དང་། ཉ་ཞེས་པ་ཉ་ཡིག་དང་ཨ་འདུས་པས་སེམས་ཅན་གྱི་བྱེ་བྲག་གི་མིང་ཡིན་པ་ལྟ་བུའོ། ། [5]ཞེས་པ་དང་། ཁྱད་པར་དུ་མིང་གི་ངོ་བོ་ནི་ཡི་གེ་མང་བོ་འདུས་ནས་དོན་གྱི་ངོ་བོ་སྟོན་པའི་གསལ་བྱེད་དུ། ཡི་གེ་མང་བོ་འདུས་པས་དོན་གྱི་ངོ་བོ་བརྗོད་པ་སུགཏ[6]དང་། དེ་བཞིན་གཤེགས་པ་ཞེས་པ་ལ་སོགས་པ་ཤིན་ཏུ་མང་ངོ་། ། ཞེས་པ་ནི་མིང་གི་ངོ་བོ་བཤད་པ་ལ་དོན་གྱི་གནད་ཐོག་ཏུ་ཁེལ་བའི་གསུང་དུ་སྣང་ངོ་། 

གཅིག མིང་གི་ངོ་བོ་དང་ངེས་ཚིག་སྤྱིར་བཤད་པ། 

བོད་ཀྱི་སྲོལ་རྒྱུན་བརྡ་སྤྲོད་རིག་པའི་གཞུང་ལས་བསྟན་པའི་མིང་གི་ངོ་བོ་ནི། མིང་ཚིག་ཡི་གེ་གསུམ་དུ་བྱས་པའི་ཡ་གྱལ་མིང་གི་ངོ་བོའམ་མཚན་ཉིད་འཇོག་སྟངས་ལ་བོད་ཀྱི་སྲོལ་རྒྱུན་བརྡ་སྤྲོད་རིག་པའི་གཞུང་དག་ཏུ་བཞེད་ཚུལ་མི་འདྲ་བ་མང་དུ་བྱུང་ནའང་དོན་ལ་བཞེད་ཚུལ་དེ་དག་གི་དགོངས་དོན་མདོར་བསྡུས་ན་གསུམ་ཙམ་དུ་འདུ་བར་སྣང་སྟེ།

ཀ《གནས་བརྒྱད་ཆེན་མོ》རུ། མིང་ནི་ཆོས་རྣམས་ཀྱི་ངོ་བོ་ཉིད་ཀྱི་ཚིག་བླ་དྭགས་ཏེ་ཡི་གེ་འདུས་པའི་བདག་ཉིད་དོ།[7]ཞེས་པ།

ཁ། ས་སྐྱ་པཎྜི་ཏས། ཡི་གེ་འདུས་པའི་བདག་ཉིད་ཅན། ། དོན་གྱི་ངོ་བོ་བརྡ་སྤྲོད་པ། ། མིང་ཡིན་……[8]ཞེས《མཁས་པ་འཇུག་པའི་སྒོ》ལས་གསུངས་ཏེ། ཁྱད་པར་དུ་མིང་གི་ངོ་བོའི་གོ་དོན་དང་དཔེར་བརྗོད་འབྲེལ་ནས་བཤད་པ་ལ། ……དོན་གྱི་ངོ་བོ་སྟོན་པར་བྱེད་པའི་སྒྲ་སྤྱི་སྣང་བའོ། ། དེའང་ཡི་གེ་འདུས་པ་ལས་འབྱུང་སྟེ། ཀ་བ་བུམ་པ་ལ་སོགས་པ་ལྟ་བུ་དང་།

ག སི་ཏུ་པཎ་ཆེན་གྱིས། ……དོན་གྱི་ངོ་བོ་ཙམ་སྟོན་པའི་སྒྲ་ནི་མིང་ཡིན། [9]ཞེས《སུམ་རྟགས་འགྲེལ་ཆེན་མུ་ཏིག་ཕྲེང་མཛེས》ལས་གསུངས་པ་དང་། དེ་ནི་དཀར་ལེབ་དྲུང་ཡིག་གིས་གདགས་གཞི་འཁོར་འདས་ཀྱི་ཆོས་དངོས་ངོ་བ་ཙམ་བརྗོད་པ་ཐམས་ཅད་དོ། ། [10]ཞེས་པ་སོགས་དོན་གྱི་ངོ་བོ་ཙམ་སྟོན་པར་ཙམ་སྒྲ་སྦྱར་བ་ལའང་། རྗེ་དམུ་དགེ་བསམ་གཏན་གྱིས་མཚན་ཉིད་ཀྱི་ཟུར་དུ་ཙམ་སྒྲ་ཡོད་པས། དོན་གྱི་ངོ་བོ་ཙམ་ལས་ཁྱད་པར་མི་སྟོན་པ་དགོས་པའི་ཕྱིར་ཏེ། མཚན་ཉིད་ཀྱི་ཟུར་གྱི་ཙམ་སྒྲས་ཁྱད་པར་སྟོན་པ་གཅོད་པས་སོ། [11]ཞེས་གསལ་བར་གསུངས་པ་སོགས་བསྡོམས་ན་གསུམ་དུ་འདུ་བར་སེམས། དེ་ཡང་གོང་གི་ལྟ་བ་དག་ཕན་ཚུན་བསྡུར་ནས་བལྟས་ན་གསུམ་དེ་ཡང་གཉིས་སུ་འདུ་བར་སྣང་སྟེ། མིང་གི་འགྲུབ་བྱེད་ཀྱི་ཆ་ལ་དམིགས་པ་ཡི་གེ་འདུས་པའི་བདག་ཉིད་དང་། མིང་དང་དོན་གྱི་འབྲེལ་བའི་ཆ་ལ་དམིགས་པ་དོན་གྱི་ངོ་བོ་ཙམ་སྟོན་པ་སྟེ་གཉིས་སུ་འདུ། ཅིའི་ཕྱིར་ཞེ་ན། རྒྱུ་མཚན་དང་པོ་ནི། ཡི་གེ་རེ་རེ་བས་དོན་ཅི་ཡང་མི་སྟོན་ཞིང་གཉིས་ཡན་ཆད་འདུས་ནས་མིང་གྲུབ་པའི་ཕྱིར་དང་། རྒྱུ་མཚན་གཉིས་པ་ནི། མིང་དེ་དོན་ལ་གཞོལ་བ་ན་བརྗོད་པར་བྱ་བའི་ཆོས་དེའི་ངོ་བོ་སྟོན་པའི་ཕྱིར། དུས་ཕྱིས་སུ་བྱོན་པའི་བོད་ཀྱི་མཁས་པ་དང་ཁྱད་པར་དུ་བརྡ་སྤྲོད་ཀྱི་གཞུང་མཛད་པ་པོ་རྣམས་ཀྱིས་གོང་གི་ལུགས་གསུམ་གང་རུང་གི་རྗེས་སུ་འབྲང་བ་དང་ཡང་ན་མཁས་པ་སོ་སོ་རང་གི་དགོངས་བཞེད་གསར་དུ་བྱུང་བ་སོགས་ཅི་རིགས་སྣང་སྟེ།

ཀ ཞྭ་ལུ་ལོ་ཆེན་ནི《གནས་བརྒྱད་ཆེན་མོ》ཞེས་པའི་རྗེས་སུ་འབྲངས་ནས། ཆོས་རྣམས་ཀྱི་ངོ་བོ་ཉིད་ཀྱི་ཚིག་བླ་དྭགས་ཏེ་ཆོས་ཀྱི་ངོ་བོ་སྟོན་པ་ལ་བླ་དྭགས་སུ་སྦྱར་བའི་རྗོད་བྱེད་ཀྱི་སྒྲའམ་ཐ་སྙད་རྣམས་ལ་མིང་དུ་བཏགས་པ་ལྟར་བཞེད་པར་སྣང་།

ཁ། སྦྲ་གསར་ཚང་གིས་མཛད་པའི《བརྡ་སྤྲོད་ཉེར་བདུན་པ་རྩ་འགྲེལ》དུ། ཡི་གེ་རྐྱང་བ་འཕུལ་རྟེན་དང་། ། བརྩེགས་འདོགས་གང་དགོས་སྦྱར་པ་ཡིས། ། རང་རང་གི་ནི་མིང་འགྲུབ་སྟེ། ། དོན་གྱི་ངོ་བོ་སྟོན་པར་འགྱུར། ། ཞེས་པ་ནི་ས་སྐྱ་པཎ་ཆེན་གྱི་དགོངས་པའི་རྗེས་སུ་འབྲངས་སམ།ཡང་ས་སྐྱ་པཎ་ཆེན་གྱི་དགོངས་པའི་རྗེས་སུ་མཐུན་པའི་བཞེད་པ་མངོན།

ག《གསེར་ཏོག་སུམ་རྟགས》དང《པྲ་ཏིའི་སུམ་རྟགས》སོགས་ལས། དོན་གྱི་ངོ་བོ་ཙམ་སྟོན་པ་མིང……[12]ཞེས་པ་ནི། སྔར་བཤད་པ་ལྟར་ཡི་གེའི་ཚོགས་པ་རྐྱང་པ་དང་མགོ་འདོགས་འཕུལ་འཇུག་ཡང་འཇུག་ཅན་གྱི་ཀློག་རྗོད་ཟུར་ཕྱིན་པའི་ཡི་གེ་གཉིས་སམ་གསུམ་སོགས་དུ་མ་འདུས་ནས་དོན་གྱི་ངོ་བོ་ཙམ་སྟོན་པའི་སྒྲ་ལ་ནི་མིང་ཞེས་བྱའོ། ། ཞེས་གསུངས་པ་དང་། པྲ་ཏིའི་སུམ་རྟགས་ལས། མིང་ནི་ཀ་ལ་སོགས་པའི་ཡི་གེ་འདུས་ནས་དོན་གྱི་ངོ་བོ་ཙམ་བརྗོད་པ་སྟེ་མཚན་གཞིའི་དཔེར་བརྗོད་ལ། ཀ་བ། བུམ་པ། ལྷ་མི་ཞེས་པ་ལྟ་བུའོ། ། [13]ཞེས་པ་དང་། ཀློང་རྡོལ་བླ་མ་ངག་དབང་བློ་བཟང་གིས། དེ(མིང་ཚིག་གསུམ་དུ་ཕྱེ་བའི་ཡི་གེ།)གཉིས་གསུམ་སོགས་འདུས་པས་དོན་གྱི་ངོ་བོ་ཙམ་བསྟན་པས་མིང་། [14]ཞེས་པ་དང་། ཨ་ལག་ཤ་ངག་དབང་བསྟན་དར་ལྷ་རམས་པས།……ཡི་གེ་གཉིས་སོགས་འདུས་ནས་དོན་གྱི་ངོ་བོ་ཙམ་སྟོན་པའི་སྒྲ། [15]ཞེས་གསུངས་པ་སོགས་ཀྱི་ཙམ་སྒྲའི་ནུས་པས་ཁྱད་པར་སྟོན་པ་གཅོད་པར་འདོད་པའི་བཞེད་པ་ནི་སི་ཏུ་པཎ་ཆེན་གྱི་དགོངས་པའི་རྗེས་སུ་འབྲངས་པ་རེད།

ང་། རྗེ་དམུ་དགེ་བསམ་གཏན་གྱིས་མིང་ནི་ཡི་གེ་དུ་མ་འདུས་པ་ཡིན་ཏེ། ཡི་གེ་གཅིག་ཙམ་ལ་བརྗོད་བྱ་སྟོན་པའི་ནུས་པ་མེད་པས། ཡི་གེ་དུ་མ་འདུས་པ་ལས་མིང་བྱུང་ངོ་། [16]ཞེས་གསུངས་པའི་མིང་ནི་ཡི་གེ་ལས་བྱུང་བར་བསྟན་ཞིང་། འོ་ན་དཔང་ལོ་ཙཱ་བས་མཛད་པའི《ཚོགས་གསུམ་གསལ་བ་བཞུགས་སོ》ཞེས་པ་ལས་མིང་ཞེས་པའི་སྐབས་འདིའི་མིང་ནི་མིང་ཚིག་གཉིས་སུ་ཕྱེ་བའི་མིང་ཡིན་ནམ་མིང་ཚིག་ཡི་གེ་གསུམ་དུ་ཕྱེ་བའི་མིང་ཡིན་ཞེ་ན། མིང་ཚིག་ཡི་གེ་གསུམ་དུ་ཕྱེ་བའི་མིང་ཡིན་པ་ལས་མིང་ཚིག་གཉིས་སུ་ཕྱེ་བའི་མིང་མིན་པར་བཞེད་དགོས་པར་སྙམ། ཅིའི་ཕྱིར་ན། སྤྱིར་མིང་ཚིག་གཉིས་སུ་ཕྱེ་བའི་མིང་དང་ཚིག་ནི་མི་འགལ་ཏེ། དཔེར་ན། ཁང་བའི་ཀ་བ་ཞེས་བརྗོད་པའི་སྒྲ་དེ་མིང་ཚིག་གཉིས་ཀ་ཡིན་གསུངས་པས། ཁང་བའི་ཀ་བ་ཞེས་བརྗོད་པའི་སྒྲ་དེ། མིང་ཡིན་ཏེ་ཁང་བའི་ཀ་བའི་མིང་ཡིན་པའི་ཕྱིར། ཚིག་ཀྱང་ཡིན་ཏེ་དོན་གྱི་ངོ་བོ་ཁང་བ་དང་དེའི་ཁྱད་པར་ཀ་བ་གཉིས་སྦྱར་ནས་སྟོན་པའི་སྒྲ་ཡིན་པའི་ཕྱིར་ཞེས་གསལ་བར་བཞེད་པས་ཤེས་ཤིང་། མིང་ཚིག་ཡི་གེ་གསུམ་དུ་ཕྱེ་བའི་མིང་དང་ཚིག་གཉིས་ནི་འགལ་བ་སྟེ། ཡི་གེ་དུ་མ་འདུས་ནས་དོན་གྱི་ངོ་བོ་ཙམ་ཞེས་པའི་མཚན་ཉིད་ཀྱི་ཟུར་དུ་ཙམ་སྒྲ་ཡོད་པས། དོན་གྱི་ངོ་བོ་ཙམ་ལས་ཁྱད་པར་མི་སྟོན་པ་དགོས་པའི་ཕྱིར་ཏེ། མཚན་ཉིད་ཀྱི་ཟུར་གྱི་ཙམ་སྒྲས་ཁྱད་པར་སྟོན་པ་གཅོད་པས་སོ། ། ཞེས་གསུངས་པའི་ཕྱིར་ན་སྐབས་འདིར་བཤད་པའི་མིང་དང་ཚིག་གཉིས་མི་འདྲ་བར་བཞེད་དགོས་ཏེ། མིང་དེ་དོན་གྱི་ངོ་བོ་སྟོན་པའི་ཆ་ནས་འཇོག་དགོས་ལ། ཚིག་ནི་དོན་གྱི་ངོ་བོ་དང་ཁྱད་པར་སྦྱར་ནས་སྟོན་པའི་ཆ་ནས་འཇོག་དགོས་ཏེ། དེ་ལྟར་བཞག་པ་ནི་རིགས་པའི་གཞུང་ལུགས་དང་མཐུན། མང་ཚོགས་ཀྱི་ཁ་སྐད་དང་ཡང་མཐུན་ཏེ། བོད་རང་གི་བརྡ་ལ་བྱང་བ་བྱིས་པ་ཡན་ཆད་ཀྱིས་མིང་ཟེར་བ་དང་། ཚིག་ཟེར་བ་གཉིས་སོ་སོ་བ་ཡིན་པ་ཤེས་པའི་ཕྱིར། [17]ཞེས་གསུངས་པ་ནི་བོད་སྐད་རང་གི་ཐུན་མོང་མ་ཡིན་པའི་བརྡ་སྤྲོད་རིག་པའི་གཞུང་ལུགས་ཀྱི་གོ་བ་ལེན་སྟངས་ཁྱད་པར་བ་ཞིག་ཏུ་སྣང་བས་འདིའི་རིགས་ལ་ནན་ཏན་བྱས་ནས་གོ་བ་ལེན་དགོས་པ་ཤིན་ཏུ་གལ་ཆེ་བར་སེམས། གོང་དུ་ཞུས་པ་ནི་བོད་ཀྱི་བརྡ་སྤྲོད་རིག་པ་ལ་ལེགས་སྦྱར་སྒྲ་རིག་པ་ལས་མིང་གི་ངོ་བོ་འཇོག་སྟངས་ཀྱི་ཤུགས་རྐྱེན་ཐེབས་པའི་ལྟ་ཚུལ་ཞིག་ཏུ་བཞེད་ཅིང་། དུས་ཕྱིས་ནང་ཆོས་དང་ཚད་མ་རིག་པ་བོད་དུ་དར་ནས་རིག་གནས་སྤྱི་དང་བྱེ་བྲག་གི་ངོ་བོ་འཇོག་སྟངས་དང་གོ་བ་ལེན་སྟངས་ལ་ཁྱད་པར་ཅི་རིགས་པ་ཞིག་བྱུང་ཡོད་པར་མ་ཟད། བོད་ཀྱི་བརྡ་སྤྲོད་རིག་པ་ལས་མིང་གི་ངོ་བོ་འཇོག་སྟངས་ལའང་ཆོས་ཕྱོགས་གཙོས་པའི་མངོན་ཚད་ཀྱི་ལུགས་ཤིག་དང་། བརྡ་སྤྲོད་པའི་ལུགས་ཏེ་བཞེད་སྟངས་གཉིས་བྱུང་བ་ནི། ཞྭ་ལུ་ལོ་ཆེན་གྱི《སུམ་རྟགས་འགྲེལ་ཆེན》ལས། ཆོས་མངོན་པའི་ལུགས་ཀྱི་ཡི་གེ་འདུས་པའི་བདག་ཉིད་ཅན་དང་། བརྡ་སྤྲོད་པའི་ལུགས་ཀྱི་རྣམ་དབྱེའི་མཐའ་ཅན་ཞེས་གསུངས་པ་དང་། དུས་ཕྱིས་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས《ཤེས་བྱ་ཀུན་ཁྱབ》ཏུ་དཔང་ལོ་ཆེན་པོའི་གསུང་གི་དོན་གྱི་ངོ་བོ་བརྗོད་པ་མིང་། དེ་ཡི་ཁྱད་པར་སྟོན་པ་ཚིག གང་ཡང་མི་སྟོན་པ་ཡི་གེའོ། ། ཞེས་པས་མིང་ནི་ངོ་བོ་ཉིད་ཀྱི་ཚིག་བླ་དྭགས། མངོན་པའི་ལུགས་ཀྱི་ཡི་གེ་འདུས་པའི་བདག་ཉིད་ཅན་དང་། བརྡ་སྤྲོད་ལུགས་ཀྱི་རྣམ་དབྱེ་མཐའ་ཅན་གྱི་ལུགས་གཉིས་ལ་ཕྱོགས་མཐུན་དུ་མཛད་ཀྱང་། བོད་ཀྱི་བརྡ་སྤྲོད་རིག་པ་ལ་ལེགས་སྦྱར་གྱི་སྒྲ་རིག་པའི་ལུགས་དེ་མ་འཚམས་པས་སྒྲ་ཚད་གཉིས་ཀར་གཏན་ཚིགས་རིག་པའི་མིང་གི་མཚན་ཉིད་འགོད་ལུགས་དེ་ཁོ་ན་གཉིས་གོ་གཅིག་ཆོད་དུ་སྦྱར་བ་ནི། མིང་གི་ངོ་བོའི་ཆ་ནས་བཞག་ན་རུང་གི་བརྡ་སྤྲོད་པའི་ལུགས་ལྟར་བྱས་ན་མི་འཚམས་པའི་སྐྱོན་འབྱུང་བར་བརྟེན། སི་ཏུ་པཎ་ཆེན་གྱིས་ཆོས་མངོན་པའི་ལུགས་ཀྱི་ཡི་གེ་དུ་མ་འདུས་པ་ལས་མིང་། མིང་དུ་མ་འདུས་ལས་ཚིག་ཅེས་གསུངས་པའང་སྤྱིར་བཏང་རགས་པ་ཙམ་ཡིན་པས་འདི་ཕྲ་བའི་དབང་དུ་བྱས་ན་མི་འབྱོར་བས། སྐབས་འདིར་ནི་བོད་སྐད་གཞིར་བཞག་གིས་གང་ཞིག་ཡི་གེ་གཉིས་སམ་མང་བོ་འདུས་པའང་རུང་དོན་གྱི་ངོ་བོ་ཙམ་སྟོན་པའི་སྒྲ་ནི་མིང་ཡིན།[18]ཞེས་གསུངས་པ་དང་། ཚིག་བརྒྱ་བཤད་པའི་མདོ་རྩ་ནི་ཆོས་མངོན་པའི་ལུགས་ཀྱི་ཡི་གེ་འདུས་པའི་བདག་ཉིད་ཅན་ཞིག་དང་། ཡང་ན་ལེགས་སྦྱར་བརྡ་སྤྲོད་པའི་གཞུང་ལ་རྣམ་དབྱེའི་མཐའ་ཅན་ཡིན་མིན་གྱིས་མིང་དང་ཚིག་གི་ཁྱད་པར་འབྱེད་པ་སོགས་གང་འབྱུང་ཡང་། བོད་སྐད་ལ་དེ་འདྲ་མི་འབྱུང་གཤིས་དོན་གྱི་ངོ་བོ་ཙམ་སྟོན་པའི་སྒྲ་སྟེ། ཀ་བ། བུམ་པ་སོགས་དངོས་མིང་བླ་དྭགས་སོ། ། [19]ཞེས་གསུངས་པ་སོགས་ནི་བོད་ཀྱི་སྐད་དང་བརྡ་སྤྲོད་རིག་པའི་ཁྱད་ཆོས་དང་མཐུན་པའི་མིང་གི་ངོ་བོ་གསལ་བར་བཤད། འོ་ན་མིང་གི་ཚོགས་པ་ཞེས་པ་གང་ལ་གོ་དགོས་སྙམ་ན། ས་བཟང་མ་ཏི་པཎ་ཆེན་གྱིས་ཤེས་བྱའི་ཆོས་རང་གི་མཚན་ཉིད་འཛིན་པ་ཕུང་བོ་ལ་སོགས་པ་རྣམས་ཀྱི་ངོ་བོ་ཉིད་བརྗོད་དུ་མེད་ཀྱང་མིག་དང་རྣ་བ་ཞེས་སོགས་ཆོས་ཀྱི་ངོ་བོ་དང་ལྔ་དང་མི་ཞེས་སོགས་གང་ཟག་གི་ངོ་བོ་ཉིད་དུ་སྒྲོ་བཏགས་ནས་བརྗོད་པ་ཉིད་ཀྱི་ཚིག་བླ་དྭགས་ཏེ། བརྡས་ཐ་སྙད་འདོགས་པའི་གནས་སྐབས་ལ།བརྗོད་བྱ་རྗོད་བྱེད་ལ་བློ་གཞོལ་བར་བྱེད་པས་ན་མིང་ཞེས་བྱ་ཞིང་། དེ་ཉིད་ཀྱང་ཡི་གེ་དུ་མ་འདུས་པའམ། དེ་དག་གི་རིགས་འདྲ་དུ་མ་འདུས་པས་ན་ཚོགས་ཞེས་བྱ་བར་གདགས་སོ། ། [20]ཞེས་པ་ནི་མིང་གི་ཚོགས་པ་ཡིན། མིང་གི་ངེས་ཚིག་ལ་དཔང་ལོ་ཙཱ་བས།……མིང་ཡིན་དོན་ལ་བློ་གཞོལ་ཕྱིར། ། ཞེས་པའི་མིང་དང་། དེའི་ངེས་པའི་ཚིག་ནི། ནམཿཞེས་པ་ཕྱག་འཚལ་བ་དང་བྱིངས་གཅིག་པས་ནི་ཕྱག་གི་ཡུལ་ལས་འདུད་པ་བོ་དམའ་བར་བྱེད་པ་ཡིན་པ་དང་འདྲ་བར། (དོན)ལ་བློ་གཞོལ་ཞིང་འབབ་པར་བྱེད་པས་ན་མིང་ཞེས་བྱའོ། ། [21]ཞེས་གསུངས་པའི་དགོངས་དོན་གྱི་རྗེས་སུ་འབྲངས་ནས་ལྕང་སྐྱ་རོལ་པའི་རྡོ་རྗེས་ཀྱང《དག་ཡིག་མཁས་པའི་འབྱུང་གནས》ལས་མིང་གི་ངེས་ཚིག་འདི་ལྟར་གསུང་སྟེ། དོན་ལ་བློ་གཞོལ་ཞིང་འབབ་པར་བྱེད་པས་ན་མིང་ངོ་། ། [22]ཞེས་པ་དང་། རྗེ་དམུ་དགེ་བསམ་གཏན་གྱིས་ཀྱང་སེང་གེ་ལ་སོགས་པ་བརྗོད་པ་ངེས་དོན་ལ་བློ་གཞོལ་བར་བྱེད་པས་ནཱ་མ་སྟེ་མིང་ཞེས་བྱ་ལ།[23]ཞེས་བྱ་ལ། སྤྱིར་བོད་ཀྱི་རིག་གཞུང་རྣམས་ཀྱི་བཤད་རྒྱུན་ལ། ཚིག་གི་འཁྲུལ་བ་ཚར་གཅོད་པར་བྱེད་པ་ནི་བརྡ་སྤྲོད་རིག་པ་དང་། དོན་གྱི་འཁྲུལ་བ་སེལ་བར་བྱེད་པ་ཚད་མ་རིག་པ་ཞེས་པ་སྟེ་ཚིག་དོན་གྱི་འཁྲུལ་བ་གཅོད་པར་བྱེད་པ་ལ་སྒྲ་ཚད་གཉིས་ཞེས་སྤུན་ཟླ་ལྟར་ཕན་ཚུན་གྲོགས་སུ་གྱུར་པའི་རིག་པ་གཉིས་ཡིན་ནའང་། བོད་ཀྱི་བརྡ་སྤྲོད་རིག་པའི་གཞུང་ཡན་ལག་དང་བཅས་པ་སྤྱི་དང་བྱེ་བྲག་གི་སྐབས་སུ་ཚད་མའི་རིག་པའི་གཞུང་ལུགས་ལྟར་གྱི་མཚན་ཉིད་འཇོག་སྟངས་མང་པོ་དྲངས་ན་བོད་ཀྱི་སྐད་དང་བརྡ་སྤྲོད་རིག་པའི་ཁྱད་ཆོས་ཐུན་མོང་མ་ཡིན་པ་རྣམས་མངོན་མི་ཐུབ་པས་ཕྱིན་ཆད་བོད་ཀྱི་བརྡ་སྤྲོད་རིག་པ་འཆད་སྐབས་སུ་མིང་ཚིག་ཡི་གེ་གསུམ་སྤྱི་དང་བྱེ་བྲག་གང་གི་མཚན་ཉིད་དང་དབྱེ་བ་སོགས་འཇོག་པ་ལ་བརྡ་སྤྲོད་ཀྱི་རིག་པའི་གཞུང་ལུགས་ཀྱི་དགོངས་པ་གཙོ་བོར་བཟུང་ནས་འཆད་དགོས་པ་ནི་ཤིན་ཏུ་གལ་ཆེ་བར་སྣང་ངོ་།

གཉིས། མིང་གི་མཚན་མཚོན་གཞི་གསུམ་བྱེ་བྲག་ཏུ་བཤད་པ། 

ཀ གོང་དུ་མིང་གི་ངོ་བོར་ཡི་གེ་དུ་མ་འདུས་ཤིང་དོན་གྱི་ངོ་བོ་ཙམ་སྟོན་པ་ཞེས་པ་བཞག་ཅིང་། དེ་ནས་མིང་གི་མཚན་ཉིད་ནི། དོན་གྱི་ངོ་བོ་ཙམ་སྟོན་བྱེད་ཀྱི་སྒྲ་དེ་མིང་གི་མཚན་ཉིད་དུ་བཞག་ན་དེ་ནས་ཚད་ཐུབ་པར་འདོད་དེ། མིང་ཞེས་པ་སྒྲ་དོན་ཟུང་འབྲེལ་ཅན་ཡིན་པའི་ཕྱིར་ན། སྒྲ་ནི་མིང་དུས་ཀྱི་རྣམ་པ་དང་དོན་ནི་མིང་དུས་ཀྱི་ངོ་བོ་སྟོན་བྱེད་ཀྱི་བརྗོད་བྱ་ཡིན། སྤྱིར་བཏང་བཤད་ན། མིང་ལ་དགག་སྒྲུབ་གཉིས་ཀྱི་ནུས་པ་ཡོད་དེ། དཔེར་ན་ཀ་བ་ཞེས་པའི་དུས་སུ་ཀ་བ་ཡིན་པ་སྒྲུབ་པ་དང་ཀ་བ་མ་ཡིན་པ་རང་ཤུགས་སུ་བཀག་པ་ཇི་བཞིན། མིང་གི་མཚན་ཉིད་ཀྱི་དུས་སུ་ཆོས་ཀྱི་ངོ་བོ་ཙམ་སྟོན་པའི་སྒྲ་ཞེས་ཙམ་སྒྲ་མ་ཞུགས་ཀྱང་ངོ་བོ་ཞེས་པས་ཁྱད་པར་གཞན་གཅོད་ངེས་མོད། འོན་ཀྱང་སྤྱིར་མིང་ཚིག་གཉིས་དང་མིང་ཚིག་ཡི་གེ་གསུམ་དུ་ཕྱེ་བའི་མིང་གཉིས་ལ་ངོ་བོའི་སྟེང་ནས་ཁྱད་པར་གཞན་མེད་ཀྱང་བརྗོད་དོན་གྱི་ཐད་ནས་ཁྱད་ཆེན་པོ་འདུག་ཕྱིར་གཅིག་ཏུ་འདོད་པར་མི་བྱ་བ་ནི་བོད་ཀྱི་བརྡ་སྤྲོད་སྨྲ་བ་རྣམས་ཀྱི་སྤྱི་ལུགས་ཀྱི་དགོངས་པ་ཡིན་པར་སེམས། མདོར་ན་དོན་གྱི་ངོ་བོ་ཙམ་སྟོན་པ་ཞེས་པ་མིང་གི་མཚན་ཉིད་དུ་འཇོག་པའང་ཡི་གེ་འདུས་པ་ལས་བྱུང་བའི་སྒྲ་དེ་དོན་ལ་འཇུག་པ་ཡོད་མེད་ཀྱིས་འཇོག་པ་ལས། མིང་འགྲུབ་བྱེད་ཀྱི་རྒྱུ་ཡི་གེའི་རྣམ་གྲངས་མང་ཉུང་ལ་བལྟ་མི་དགོས་ཏེ། སློབ་དཔོན་ཐོན་མིས། སྔོན་འཇུག་ཡོད་དམ་མེད་ཀྱང་རུང་། ། མིང་གཞིའི་ཡི་གེ་གང་ཡིན་ལ། ། ཉིས་འབྲེལ་ཡོད་དམ་སུམ་འབྲེལ་ཡོད། ། ཨཱ་ལི་བཞི་ལས་གང་ལྡན་ཡང་། ། རྗེས་འཇུག་བཅུ་བོ་མ་ཞུགས་ན། ། མིང་གཞན་སྦྱོར་བ་ཡོད་མི་སྲིད། ། [24]ཅེས《སུམ་ཅུ་པ》ལས་གསུངས་པ་དང་།《རྟགས་འཇུག》ལས་ཀྱང་། ཕོ་ཡིག་དེ་དག་རྣམས་ལ་ཡང་། ། འཇུག་པར་བཅས་པ་མེད་ན་ནི། ། མིང་དང་ཚིག་ཀྱང་གསལ་མི་ནུས། ། [25]ཞེས་གསུངས་པར་བལྟས་ན། དུས་ཕྱིས་ཀྱི་བརྡ་སྤྲོད་པའི་བསྟན་བཅོས《སྨྲ་སྒོ་མཚོན་ཆ》ལས། ཇི་ལྟར་རྡུལ་ལས་གོང་བུ་བཞིན། ། ཡི་གེ་འདུས་པར་གྱུར་པ་ན། ། མིང་ནི་རབ་ཏུ་འགྲུབ་པར་འགྱུར། ། གང་ཞིག་རྣམ་ཆ་འདུས་པ་ཡིས། ། དོན་གྱི་ངོ་བོ་ཉད(ཉིད)བརྗོད་ན། ། རྣམ་ཆ་མང་ངམ་ཉུང་གྱུར་ཀྱང་། ། དེ་ནི་མིང་ཞེས་རབ་ཏུ་བརྗོད། ། [26]ཅེས་གསུངས་པ་ལས་ཚིགས་བཅད་སྔ་མས།……མིག་གི་ཚོགས་ཀྱི་རྒྱུ་བསྟན་ཏོ། ། ཞེས་པས་དྲངས་ཏེ། དེ་ལ་རྒྱུ་ནི་དཔེར་ན་རྡུལ་འདུས་པ་ལས་གོང་བུ་གྲུབ་པ་ན་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པ་བཞིན་ཡི་གེ་འདུས་པ་ལས་མིང་འགྲུབ་སྟེ་ཞེས་གསུངས་པ་དང་། ཚིགས་བཅད་ཕྱི་མས། དེ་ལྟར་ཡི་གེ་འདུས་པ་མིང་ཡིན་ན་ཡི་གེ་ཇི་ཙམ་འདུས་པས་མིང་འགྲུབ་ཅེ་ན། འདི་ལྟར་ཆོས་རྣམས་ཀྱི་ངོ་བོ་ཉིད་ཙམ་སྟོན་ན་ཡི་གེའི་རྣམ་གྲངས་ཀྱི་ཚད་ངེས་པ་མེད་དེ་ཞེས་སོགས་གསུངས་པའི་བསྟན་དོན་གཙོ་བོ་ནི། མདོར་ན་ཆོས་ཀྱི་ངོ་བོ་ཉིད་ཙམ་སྟོན་ནུས་ལ་ཁྱད་པར་མི་སྟོན་པའི་ཡི་གེ་འདུས་པའི་གནས་སྐབས་ལ་མིང་ཞེས་བྱའོ། ། ཞེས《སྨྲ་བའི་སྒོ་མཚོན་ཆ་ལྟ་བུ་ཞེས་བྱ་བའི་འགྲེལ་པ》ལས་གསུངས་པ་ལྟར། མདོར་ན་གང་ཞིག་རྣམ་ཆ་སྟེ་ཡི་གེའི་རྣམ་གྲངས་འདུས་པ་ཞིག་གིས་དོན་གྱི་ངོ་བོ་ཙམ་སྟོན་པ་དེ་ནི་མིང་ཞེས་བྱ་བར་རབ་ཏུ་བརྗོད་པ་འདིས་ཀྱང་སློབ་དཔོན་ཐོན་མིའི་བཞེད་པའི་རྗེས་སུ་མཐུན་པར་མཛད་པ་ཤིན་ཏུ་གསལ། རྗེ་དམུ་དགེ་བསམ་གཏན་གྱིས་མིང་གི་མཚན་ཉིད་དུ། ཡི་གེ་གཉིས་ཡན་ཆད་འདུས་ནས་དོན་གྱི་ངོ་བོ་ཙམ་སྟོན་པའི་སྒྲ་མིང་གི་མཚན་ཉིད། [27]ཅེས་གསུངས། དེས་ན་དོན་གྱི་ངོ་བོ་ཙམ་སྟོན་པར་བྱེད་པའི་སྒྲ་སྟེ་མིང་བོད་ཀྱི་རྣམ་དབྱེ་བརྒྱད་པོའི་དང་པོར་འཇོག་དོན་དང་རྗོད་བྱེད་སྒྲ་ཡིས་བརྗོད་བྱ་དོན་གྱི་ངོ་བོ་གང་ཡིན་པ་དེ་སྒྲ་དོན་གཞན་དང་མ་འདྲེས་པར་རྣམ་པར་འབྱེད་ཐུབ་པའི་ཆ་ནས་བཞག་པ་ཡིན་ཏེ། དཔའ་རིས་སངས་རྒྱས་ཀྱིས། དེ་ལྟར་དོན་གྱི་ངོ་བོ་བརྗོད་པའི་མིང་ངོ་ཅོག་རྣམ་དབྱེར་བརྩིས་པ་ནི། གཙོ་ཆེར་རྟེན་ཅིང་འབྲེལ་བའི་མིང་རྣམས་ཁུངས་གཅིག་ཀྱང་ངོ་བོ་མི་གཅིག་པ་རྣམ་པར་དབྱེ་བའི་རྐྱེན་ཕུན་སུམ་ཚོགས་པ་ཞིག་ཡོད་པའི་ཕྱིར་དང་། ཚིག་གི་སྒྲུབ་བྱེད་མིང་ཡིན་པ་ཏེ། མིང་ཞེས་པ་ནི་སྒྲ་དོན་ཟུང་འབྲེལ་གྱིས་ཆོས་གང་ཉིད་ཀྱི་ངོ་བོ་ཙམ་གོ་བར་བྱེད་པ་ལས། ཆོས་གཞན་ཞིག་གི་ངོ་བོ་མི་འཛིན་པའི་ཆ་ནས་དོན་གྱི་ངོ་བོ་ཙམ་སྟོན་པའི་སྒྲ་དེ་མིང་གི་མཚན་ཉིད་དུ་བཞག་ན་འཐད་ཅིང་དེ་ནི་བོད་ཀྱི་བརྡ་སྤྲོད་རིག་པའི་གཞུང་ལས་འཆད་པའི་རྣམ་དབྱེ་དང་པོ་ངོ་བོ་ཙམ་སྟོན་པ་ཡིན་ཏེ། ཉན་ཤུལ་མཁྱེན་རབ་འོད་གསལ་གྱིས་རྣམ་དབྱེ་དང་པོ་ངོ་བོ་ཙམ་སྟོན་པ། ཆོས་བརྗོད་ཀྱི་མིང་དང་། ཆོས་ཅན་བརྗོད་པའི་མིང་། དེ་བཞིན་བྱ་ཚིག་ཀྱང་རུང་སྟེ། དོན་དུ་ངོ་བོ་ཙམ་སྟོན་ཅིང་ཁྱད་པར་མི་སྟོན་པའི་མིང་མཐའ་དག་གོ ། [28]ཞེས་པས་མཚོན་པའི་བོད་ཀྱི་བརྡ་སྤྲོད་སྨྲ་བ་ཕལ་ཆེ་བས་གསུངས་པའི་ཕྱིར་ན། བོད་སྐད་རང་གི་ཁྱད་ཆོས་ལྟར་ན། དོན་གྱི་ངོ་བོ་ཙམ་ལས་ཁྱད་པར་གཞན་མི་སྟོན་ཅིང་ལེགས་སྦྱར་ལ་རྣམ་དབྱེ་དང་པོའི་རྐྱེན་སྦྱོར་དུ་ཡོད་ཀྱང་བོད་སྐད་ལ་རྣམ་དབྱེ་དང་པོ་དང་མིང་རྐྱང་གཉིས་ལ་ཁྱད་པར་མེད་པས། སངས་རྒྱས། མེ་ཏོག ཤིང་ལྟ་བུ་མིང་ཙམ་སྟོན་པའོ། ། [29]ཞེས་གསུངས་པ་དང་། རྣམ་དབྱེ་དང་པོ་ངོ་བོ་ཙམ་བརྗོད་པ་ལ་དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་ཀྱང་། ཆོས་རྣམས་རང་གི་ངོ་བོ་ཙམ། ། བརྗོད་པ་རྣམ་དབྱེ་དང་པོ་སྟེ། ། [30]ཞེས་པས་དྲངས་ཏེ། བོད་ཀྱི་བརྡ་སྤྲོད་རིག་པའི་བསྟན་བཅོས་སུམ་ཅུ་བ་རང་གི་གཞུང་ལྟར་བྱས་ན། ཡི་གེའི་ཚེག་ཁྱིམ་གཅིག་ཏུ་ཡི་གེའི་གྲངས་མང་ཉུང་ལ་མ་བལྟོས་པའི་བརྗོད་བྱའི་དོན་གྱི་ངོ་བོ་ཙམ་སྟོན་པ་ལས། ཁྱད་པར་གང་ཡང་མི་སྟོན་པ་ཞིག་ལ་མིང་ཞེས་ཟེར་ཞེས་པ་སོགས་དང་། ཁྱད་པར་དུ་དགེ་རྒན་དོར་ཞིས《བརྡ་སྤྲོད་དོན་འགྲེལ་ཕྱོགས་བསྒྲིགས》སུ། བོད་སྐད་ཀྱི་མིང་ལ་མིང་དོན་གྱི་ངོ་བོ་ཆོས་གཞན་དང་མ་འདྲེས་པར་སྟོན་ཐུབ་པའི་ཆ་ཤས་ཤིག་ཡོད་པ་དེ་ལ་རྣམ་དབྱེ་དང་བོའི་ཐ་སྙད་བྱས་པ་ཡིན་ཟེར་ན། རྒྱ་ཡིག་དང་། དབྱིན་ཡིག་སོགས་སྐད་ཡིག་ཀུན་ལ་རྣམ་དབྱེ་དང་བོ་ཡོད་པར་འདོད་དགོས་ཏེ། དེ་དག་ལ་ཡང་། མིང་དོན་ཀྱི་ངོ་བོ་ཆོས་གཞན་དང་མ་འདྲེས་པར་སྟོན་ཐུབ་པའི་ཆ་ཤས་དེ་ཡོད་པའི་ཕྱིར། གྲུབ་སྟེ། རྗོད་བྱེད་ཀྱི་སྒྲ་ཡིན་ན། རང་ཡུལ་ལ་སེལ་འཇུག་ཡིན་པས་ཁྱབ་པའི་ཕྱིར། དེས་ན། བོད་ཡིག་ལ་རྣམ་དབྱེ་དུ་ཡོད་དང་། རྣམ་དབྱེ་སོ་སོའི་དབྱེ་བ་འབྱེད་ཚུལ་ནི། སྐད་རིགས་གཞན་པའི་ཤན་ཤོར་དུ་མ་བཅུག་པར། བོད་སྐད་རང་གི་གྲུབ་ལུགས་དང་ཁྱད་ཆོས་མཚོན་ཐུབ་པ་ཞིག་གི་སྟེང་ནས་གཞི་རྩ་འཛིན་དགོས་སོ། ། [31]ཞེས་སོགས་གསུངས་སོ། །

ཁ། གོང་དུ་མིང་གི་མཚན་ཉིད་མདོར་བསྡུས་ཞུས་ཟིན་ནའང་དེ་ནི་ཤིན་ཏུ་བསྡུས་པར་བཀོད་པ་ལས་རྒྱས་པ་ནི་བོད་ཀྱི་སུམ་རྟགས་ཀྱི་གཞུང་དག་ལ་གཟིགས་པར་བྱ། ད་ནི་མིང་གི་མཚོན་བྱ་ཅུང་ཟད་ཞུ་བར་བྱ་སྟེ། གོང་དུ་རིན་སྤུངས་པས། ཨེ་མ་ཆོས་ཀྱི་གནས་ལུགས་མཐའ་དག་དོན། ། རྟོགས་བྱེད་དང་པོ་མིང་གི་བརྡ་སྤྲོད་པ། ། [32]ཞེས་གསུངས་པ་བཞིན། མིང་ཞེས་པ་ནི་བརྗོད་བྱའི་ཆོས་སྤྱི་ཙམ་པའམ་བྱེ་བྲག་པ་དང་། དེ་རྣམས་གང་རུང་གི་ཁྱད་ཆོས་སམ། བྱ་བའམ། གྲངས་ཀ་སོགས་ཅི་རིགས་ཤིག་དངོས་སུ་སྟོན་ཐུབ་པའི་བརྡ་ཞིག་ཡིན་ལ། [33]ཞེས་ཏེ། དོན་གང་འདྲ་ཞིག་གི་ངོ་བོ་དེ་ཕ་རོལ་པོའི་བློར་ཚུར་སྣང་བའམ་སྣང་བྱེད་དེ་མདོར་བསྡུས་པའི་སྒོ་ནས་མཚོན་པ་དེ་ཐམས་ཅད་མིང་གི་མཚོན་བྱར་རག་ལས་ཕྱིར་མིང་གི་མཚོན་བྱ་ལས་མིང་རྟོགས་སླའོ། །

ག ཕྱི་ནང་གིས་བསྡུས་པའི་ཆོས་ཐམས་ཅད་མིང་གི་མཚོན་བྱའི་ཡུལ་དུ་གྱུར་ཡོད་ན། དེ་ཐམས་ཅད་ཀྱི་མཚོན་བྱེད་ནི་མིང་ཡིན་ཏེ། གཞི་ལ་སྦྱར་ནས་བཤད་ན། དཔེར་ན། ཉི་མ་དང་ས་ཆུ་མེ་རླུང་སོགས་འདོད་རྒྱལ་གྱི་མིང་དང་། ཤེས་རབ་དང་འཁོར་བ། དགོན་པ་སོགས་རྗེས་གྲུབ་ཀྱི་མིང་ཡོད་དོ་ཅོག་འཇོག་ཆོག་སྟེ། བསྟན་དར་ལྷ་རམས་པས་མཛད་པའི་ཡི་གེའི་བཤད་པ་མཁས་པའི་ཁ་རྒྱན་ལས་མིང་གི་མཚན་གཞི་ལ་བུམ་པ་ཞེས་བརྗོད་པའི་སྒྲ་ལྟ་བུའོ། ། [34]ཞེས་གསུངས། དེ་ལ་དབྱེ་ན། དངོས་མིང་དང་། བཏགས་མིང་གཉིས་སུ་གསུངས་པ་ནི། སྤྱིར་བཏང་བཤད་ན།……ཤེས་བྱ་རེ་ལ་མིང་རེ། མིང་རེ་ལ་ཡི་གེ་མི་འདྲ་བ་རེ་ཡོད་པས་བོད་ཀྱི་ཡི་གེ་ལ་ཟད་མཐའ་མེད་པས་ཞིབ་ཏུ་བསླབ་དགོས་སོ། ། [35]ཞེས་གསུངས། དེས་ན་མིང་ཡིན་ན་དོན་གྱི་ངོ་བོ་སྟོན་ཐུབ་པའི་སྒྲ་ཡིན་དགོས་པ་ཁྱབ་པའི་ཕྱིར་མཚན་ཉིད་ཀྱིས་གྲུབ་ཅིང་། དེ་ལ་བརྟེན་ནས་མཚོན་བྱའི་ཆོས་ཐམས་ཅན་གྱི་ངོ་བོ་ཅི་ཡིན་པ་རྟོགས་ནུས་པས་མཚོན་བྱའི་སྒོ་ནས་ཀྱང་གྲུབ་ལ། མཚན་གཞིར་ཆོས་སོ་སོ་བ་སྟོན་ཐུབ་པའི་མིང་ཐམས་ཅད་འཇོག་རུང་། དེ་ཡང་གཞི་ལ་སྦྱར་ན། དཔེར་ན། ཤེས་བྱའི་མཚན་གཞི་བུམ་པ་དེ། མཚན་ཉིད་བློའི་ཡུལ་དུ་བྱ་རུང་དེས། མཚོན་བྱ་ཤེས་བྱ་དེ་ཡིན་པར་མཚོན་པའམ་འཇོག་ཚུལ་ལ་སྦྱར་ན། བུམ་པ་དེ་བློའི་ཡུལ་དུ་བྱ་རུང་ཡིན་པའི་ཆ་ནས་ཤེས་བྱ་ཡིན་པར་བཞག་པ་ཡིན་ལ། དེ་ལྟར་བཞག་པ་དེ་ཤེས་བྱའི་མཚན་གཞི་བུམ་པ་དེ། མཚན་ཉིད་བློའི་ཡུལ་དུ་བྱ་རུང་དེས། མཚོན་བྱ་ཤེས་བྱ་ཡིན་པར་མཚོན་པ་ཡིན་ནོ། །

6.jpg

གཅིག མིང་གི་དབྱེ་བ་སྤྱིར་བཤད་པ། 

འདི་ནས་མིང་གི་དབྱེ་བའི་སྐོར་ཅུང་ཟད་འཆད་ན། གོང་དུ་དཔང་ལོ་ཙཱ་བའི《ཚོགས་གསུམ་གསལ་བ་བཞུགས་སོ》ཞེས་པ་ལས་མིང་གི་ངོ་བོ་དང་དགོས་པ་བཤད་པའི་ཚིགས་བཅད་ཀྱི་ཚིག་རྐང་བཞི་པ་སྟེ།……དེ་ཡང་དངོས་དང་བཏགས་པ་ཡིན། ། [36]ཞེས་པས་མིང་ལ། དེ་ལ་དབྱེ་ན་རྣམ་པར་གཏན་ལ་དབབ་པ་བསྡུ་བར། ཉེ་བར་འདོགས་པ་དང་། ཡང་དག་པའི་དངོས་ཅན་ཞེས་གསུངས་པ་ལྟར་བཏགས་མིང་དང་དངོས་མིང་ངོ་། ། ཞེས་མིང་ལ་དངོས་མིང་དང་བཏགས་མིང་གཉིས་སུ་གསུངས་པའང་།《སྨྲ་སྒོ་མཚོན་ཆ》ལས། དེ་ཡང་མིང་གི་ཐོག་མ་དང་། ། རྗེས་སུ་གྲུབ་པ་རྣམ་པ་གཉིས། ། ཐོག་མ་འདོད་རྒྱལ་མིང་ཡིན་ཏེ། ། རྗེས་གྲུབ་དག་ནི་དོན་ལྡན་དང་། ། རྣམ་པ་གཉིས་ཀར་འདོད་པ་ཡིན། ། དེ་ནི་ངེས་ཚིག་ཡོད་མེད་དོ། ། [37]ཞེས་པ་སྟེ་མིང་གང་ཞིག་གདགས་གཞི་གང་ལ་ཐོག་མར་སྦྱོར་སྐབས་ངེས་ཚིག་བཤད་དུ་ཡོད་མེད་ཀྱིས་འདོད་རྒྱལ་དང་རྗེས་གྲུབ་ཀྱི་མིང་གཉིས་སུ་ཕྱེས་པ་ནི་མིང་གི་བཏགས་ཚུལ་ལྟར་ཕྱེས་པའི་དབྱེ་བ་འབྱེད་ལུགས་ཤིག་བྱུང་བ་ནི་བོད་སྐད་ལ་མིང་གི་དབྱེ་བའི་ཚུལ་བརྡ་སྤྲོད་ཀྱི་གཞུང་དུ་ཐོག་མར་བྱུང་ཞིང་། དེའི་རྗེས་སུ་ས་སྐྱ་པཎ་ཆེན་གྱིས་མཛད་པའི《མཁས་པ་འཇུག་པའི་སྒོ》ལས། མིང་ཚིག་དེ་དག་རྒན་པོ་ཡིས། ། ཐོག་མར་སྦྱར་བ་བརྡ་ཡིན་ལ། ། ཕྱི་ནས་དཔྱོད་པ་ཐ་སྙད་ཡིན། ། དེ་ཡི་དང་པོ་འདོད་རྒྱལ་སྒྲ། ། དེ་ལ་བརྟེན་ནས་ཕྱི་ནས་དོན། ། གཞན་ལ་སྒྲོ་འདོགས་རྗེས་སྒྲུབ་སྒྲ། ། [38]ཞེས་གསུངས་པ་སོགས་ཀྱི་རྗེས་སུ་འབྲངས་པའི་དགོངས་པ་ནི་ཤིན་ཏུ་གསལ་བ་དང་། མིང་ལ་དབྱེ་ན་དངོས་མིང་དང་བཏགས་མིང་གཉིས་ཞེས་དང་། མིང་ལའང་ཐོག་མའི་འདོད་རྒྱལ་དང་། ། རྗེས་སུ་གྲུབ་པ་རྣམ་པ་གཉིས། ། [39]ཞེས་མིང་ལ་འདོད་རྒྱལ་ཐོག་མའི་མིང་དང་རྗེས་གྲུབ་ཀྱི་མིང་གཉིས་སུ་དབྱེ་བར་གསུངས་པ་སོགས་སོ། །

གཉིས། མིང་གི་དབྱེ་བ་བྱེ་བྲག་ཏུ་སོ་སོར་བཤད་པ། 

ཀ དངོས་མིང་ཞེས་པར་དཔང་ལོ་ཙཱ་བས། དེ་ལ་དངོས་མིང་དགོས་པ་དང་རྒྱུ་མཚན་ལ་མ་ལྟོས་པར་དོན་དེ་དང་དེ་ལ་རྒན་པོ་རྣམས་ཀྱིས་བཏགས་པ། བུམ་པ་བ་ལང་སེང་གེ་ཞེས་པ་ལ་སོགས་པ་ལྟ་བུའོ། ། [40]ཞེས་གསུངས་ཏེ།……རྒྱུ་མཚན་ལ་མ་ལྟོས་པར་རང་དགར་བརྡ་ཅིའང་རུང་བ་ནི་འདོད་རྒྱལ་གྱི་སྒྲ་སྟེ། ཤིང་དང་བ་ལང་ལ་སོགས་པའོ། ། [41]ཞེས་བྱ་ལ། དོན་དེ་ཐོག་མར་བརྡ་སྦྱར་བས་དེ་ལས་དོན་དེ་འཁྲུལ་མེད་དུ་གོ་ནུས་པ་ནི་དངོས་མིང་སྟེ། དཔེར་ན། རི་དྭགས་ཀྱི་རྒྱལ་པོ་ལ་སེང་གེ་དང་། ལྷའི་བདུད་རྩི་ལ་ཆང་དང་། ཚ་ཞིང་སྲེག་པ་ལ་མེ་ཞེས་བརྗོད་པའི་སྒྲ་ལྟ་བུའོ། ། ཞེས《གསེར་ཏོག་སུམ་རྟགས》ལས་གསུངས་པ་བཞིན། དངོས་མིང་ལ་དབྱེ་ན་འདོད་རྒྱལ་དང་རྗེས་གྲུབ་གཉིས་ཏེ། དེ་ལས་འདོད་རྒྱལ་དངོས་མིང་ནི། འདོད་རྒྱལ་ནི་རྒྱུ་མཚན་མེད་པར་དངོས་པོ་དེ་ལ་ཐོག་མར་འདོད་པ་ཙམ་གྱིས་བརྡ་སྦྱར་བ་དངོས་པོ་དེའི་མིང་དུ་ཆགས་པ་འདོད་པ་ལྟར་རྒྱལ་བར་གྱུར་པས་འདོད་རྒྱལ་ཟེར་རོ། ། ཞེས་གསུངས་ནས་མཚན་གཞིའི་དཔེར་བརྗོད་ལ། བུམ་པ། ཀ་བ། ཁང་བ། མི། ས། གནམ་ལྟ་བུའོ། །ཞེས་བཀོད་པ་དང་། རྗེས་གྲུབ་ཀྱི་དངོས་མིང་ནི། བཟོ་གྲྭ་དང་སློབ་གྲྭ་ལྟ་བུ། བཟོ་གྲྭ་ནི་བཟོ་གྲྭའི་དངོས་མིང་ཡིན་ཡང་། ཐ་སྙད་དེ་ལྟར་བཏགས་པ་ལ་རྒྱུ་མཚན་བཤད་དུ་ཡོད་དེ། བཟོ་ལས་བྱེད་སའི་གྲྭའམ་གྲལ་ཡིན་པ་ལ་གཞིགས་ནས་དེ་འདྲ་བའི་ཐ་སྙད་བྱུང་བའི་མིང་ཡིན་པའི་ཕྱིར། དེས་སློབ་གྲྭ་དང་ཆོས་གྲྭ། སྒྲུབ་གྲྭ། འབྲས་ཞིང་། འཁོར་ཁང་། གསེར་ཁང་། དངུལ་ཁང་སོགས་ལ་རིགས་འགྲེའོ། ། eཞེས་དངོས་མིང་གི་དོན་དང་། དེ་ལ་འདོད་རྒྱལ་གྱི་དངོས་མིང་དང་རྗེས་གྲུབ་ཀྱི་དངོས་མིང་གཉིས་སུ་དབྱེ་བའི་དོན་དང་མཚན་གཞིའི་དཔེར་བརྗོད་དང་བཅས་པ་གསལ་བར་གསུངས་སོ། །

ཁ། བཏགས་མིང་ལ་དཔང་ལོ་ཙཱ་བས། བཏགས་མིང་ནི་དོན་མ་ཡིན་པ་ལ་དེར་བོད་པ། བྲམ་ཟེའི་ཁྱིའུ་ལ་སེང་གེ་ཞེས་བཏགས་པ་ལྟ་བུའོ། ། ཞེས་བཏགས་མིང་གི་གོ་དོན་དང་བཅས་པ་ལ་ལྟ་བའི་རྒྱབ་གཉེར་གྱི་ཁུངས་སྟོན་པའི་ལུང་འདྲེན་པ་ལ།《ཚད་མ་རྣམ་འགྲེལ》དུ། དོན་མེད་ན་ཡང་འགྲོ་བ་ཡིས། ། གང་ལ་གྲགས་པའི་སྒྲ་བཀོད་པ། ། དེ་ལ་དེ་དངོས་ཞེས་པ་དང་། ། རྟག་ཏུ་དངོས་དང་སྒྲ་འདོགས་ལ། ། སེང་གེ་བྲམ་ཟེའི་ཁྱིའུ་ལ། ། དེ་ལྟར་བརྗོད་པའང་འཇིག་རྟེན་ཡོད། ། ཅེས་གསུངས་པ་ལྟར་རོ། ། fཞེས་གསུངས་པ་བཞིན་ཡིན་ཏེ། དེ་ལ་བརྟེན་ནས་འདྲ་བ་དང་འབྲེལ་པ་ལ་སོགས་པ་རྒྱུ་མཚན་དུ་བྱས་ཏེ། བརྟེན་པ་ལ་ཤིང་དང་། བླུན་པོ་ལ་བ་ལང་ལ་སོགས་པར་སྒྲོ་འདོགས་པ་ནི་རྗེས་འཇུག་གི་སྒྲའོ། ། [42]ཞེས་གསུངས་པ་དང་། དངོས་མིང་དེ་དང་འདྲ་བའམ་འབྲེལ་བ་རྒྱུ་མཚན་དུ་བྱས་ནས་གཞི་དེ་ལ་ཕྱིས་བརྡ་སྦྱར་བ་ནི་བཏགས་མིང་སྟེ། དཔེར་ན། བྲམ་ཟེའི་ཁྱེའུ་མིག་འབུར་སྣ་ཉག་ཁ་ཆེ་བ་ལ་སེང་གེ་དང་། ཕབ་ཀྱི་བཅོས་པའི་བཅུད་ལ་ཆང་དང་། སྣང་ཙམ་ནུས་པ་ལ་སྲིན་བུ་མེ་ཁྱེར་ཞེས་བརྗོད་པའི་སྒྲ་ལྟ་བུའོ། ། [43]ཞེས་གསུངས། ཅིའི་ཕྱིར་བཏགས་མིང་ཞེ་ན། དཔང་ལོ་ཙཱ་བས་བཏགས་མིང་ཞེས་པ་ནི་རྒྱུ་མཚན་གྱི་སྒོ་ནས་འདོགས་པས་བཏགས་མིང་དུ་གྲུབ་པ་ལས་རྒྱུ་མཚན་མེད་ན་བཏགས་མིང་དུ་མི་གྲུབ་པ་དང་། གལ་སྲིད་རྒྱུ་མཚན་མེད་པས་བཏགས་མིང་དུ་འདོད་ན་ཐམས་ཅད་བཏགས་མིང་དུ་ཐལ་བར་འགྱུར་བའི་སྐྱོན་འབྱུང་བ་ལ་ཚད་མ་རྣམ་འགྲེལ་གྱི་ལུང་དྲངས་ནས་གསུང་སྟེ། དེ་ལ་བཏགས་མིང་ལ་ནི། དེ་དང་དེར་འདོགས་པའི་རྒྱུ་མཚན་དགོས་ཏེ། རྣམ་འགྲེལ་དུ། གལ་ཏེ་འདིར་ནི་བཏགས་འདོད་ན། ། རྒྱུ་མཚན་གང་གིས་དེ་འདོད་པ། ། དེ་ནི་དངོས་པོ་ཐམས་ཅད་ལ། ། དེ་དག་གིས་རྒྱུར་ཅིས་མི་འདོད། ། [44]ཅེས་གསུངས་པ་ལྟར། རྒྱུ་མཚན་མེད་པ་ཡང་འདོགས་ན་ཀུན་ལ་འདོགས་པར་ཐལ་བར་འགྱུར་བའི་ཕྱིར་རོ། ། ཞེས་ལུང་རིགས་དང་བཅས་པས་གསལ་བར་གསུངས། བཏགས་མིང་ལ་དབྱེ་ན་འདོད་རྒྱལ་བཏགས་མིང་དང་རྗེས་གྲུབ་བཏགས་མིང་གཉིས་ཏེ། འདོད་རྒྱལ་གྱི་བཏགས་མིང་ཞེས་པ་ནི། མི་ཕལ་བ་ཞིག་ལ་རྒྱུ་མཚན་མེད་པར་རང་འདོད་ཀྱིས་སངས་རྒྱས་ཞེས་བཏགས་ནས་དེའི་མིང་ལ་སངས་རྒྱས་ཞེས་ཆགས་པ་ན། འདོད་པ་ལས་རྒྱལ་བས་འདོད་རྒྱལ་ཡིན་མོད། བཏགས་མིང་ཡིན་གྱི་དངོས་མིང་མིན་ཏེ། མི་དེ་སངས་རྒྱས་ཞེས་པའི་མིང་གི་འཇུག་ཡིན་མ་ཡིན་པའི་ཕྱིར་ཏེ། སངས་རྒྱས་མ་ཡིན་པའི་ཕྱིར། [45]ཞེས་པ་དང་། དེ་ལ་དབྱེ་ན་འདྲ་བ་རྒྱུ་མཚན་དུ་བྱས་པའི་བཏགས་མིང་དང་འབྲེལ་བ་རྒྱུ་མཚན་དུ་བྱས་པའི་བཏགས་མིང་གཉིས་གསུང་སྟེ། བྲམ་ཟེ་ཁ་ཆེ་སྣ་ཉག་ལ་སེང་གེ་ཞེས་བཏགས་པ་ལྟ་བུ་སྟེ། གདོང་སེང་གེ་དང་འདྲ་ཞེས་འདྲ་བ་རྒྱུ་མཚན་དུ་བྱས་ནས་བཏགས་པ་ཙམ་ལས། དངོས་མིང་མིན་ཏེ། ཁྱོད་སེང་གེ་མ་ཡིན་པའི་ཕྱིར་ཞེས་འདྲ་བ་རྒྱུ་མཚན་དུ་བྱས་པའི་བཏགས་མིང་དང་། འབྲེལ་བ་རྒྱུ་མཚན་དུ་བྱས་པའི་བཏགས་མིང་ནི། ཆུ་ལ་འཚོ་བ་སྐྱེལ་བའི་བྱ་ལ། ཆུ་བྱ་ཟེར་བ་ལྟ་བུ་རྟེན་བརྟེན་པ་རྒྱུ་མཚན་དུ་བྱས་ནས་བཏགས་པ་དང་། མེ་སྦར་བྱེད་ཀྱི་ཤིང་ལ་མེ་ཤིང་ཟེར་བ་ལྟ་བུ་ནི་རྒྱུ་ལ་འབྲས་བུའི་མིང་གིས་བཏགས་པའོ། ། ཞེས་གསུངས་སོ། །

གཤམ་ནས་དཔང་ལོ་ཙཱ་བའི《ཚོགས་གསུམ་གསལ་བ་བཞུགས་སོ》ཞེས་པའི་གཞུང་གི་ཚིག་ཟིན་ཏུ་དངོས་སུ་གསལ་བའི་བཏགས་མིང་གང་ལ་རྒྱུ་མཚན་གང་གིས་འདོགས་ཚུལ་དཔེར་བརྗོད་དང་བཅས་པའི་རྣམ་གྲངས་རྣམས་ཕྱོགས་བསྡུས་ཀྱི་སྒོ་ནས་ཅུང་ཟད་གླེང་བར་བྱ།

1 འདྲ་བ་རྒྱུ་མཚན་དུ་བྱས་ནས་བཏགས་པའི་མིང་བཤད་པ་ལ་དཔང་ལོ་ཙཱ་བས་དེ་ཡང་འདྲ་བ་ལས་འདོགས་པ། བྲམ་ཟེའི་ཁྱིའུ་ལ་སེང་གེ་ཞེས་པ་ལྟ་བུ་དང་། [46]ཞེས་གསུངས་པ་ནི། འདྲ་བ་རྒྱུ་མཚན་དུ་བྱས་པ། སྨན་བྱ་རོག་རྐང་ངམ། མི་བླུན་པོ་ལ་བ་ལང་དུ་བཏགས་པ་ལྟ་བུ། [47]ཞེས་པ་ལྟ་བུ་དང་། བཏགས་པ་ལ་འདྲ་བ་རྒྱུ་མཚན་དུ་བྱས་པ་བློ་རྣོ་བ་ལ་བྲམ་ཟེ་མེ་ཞེས་དང་། སྣང་བར་བྱེད་པ་ལ་སྐྱེས་བུ་ཉི་མ་ཞེས་དང་། རྩལ་ལྡན་ལ་སེང་གེ་ཞེས་བཏགས་པ་ལྟ་བུ་དང་། [48]ཞེས་པ་དང་། བྲམ་ཟེ་ཁ་ཆེ་སྣ་ཉག་ལ་སེང་གེ་ཞེས་བཏགས་པ་ལྟ་བུ་སྟེ། དེ་ཅིའི་ཕྱིར་འདྲ་བ་རྒྱུ་མཚན་དུ་བྱས་ནས་བཏགས་པ་ལས་དངོས་མིང་མིན་པའི་དོན་ཅི་ཡིན་ཞེ་ན། གདོང་སེང་གེ་དང་འདྲ་ཞེས་འདྲ་བ་རྒྱུ་མཚན་དུ་བྱས་ནས་བཏགས་པ་ཙམ་ལས། དངོས་མིང་ཡིན་ཏེ། ཁྱོད་སེང་གེ་མ་ཡིན་པའི་ཕྱིར། [49]ཞེས་གསུངས་པའི་སྦྱོར་ངག་གིས་བསྒྲུབས་པ་དང་། མི་སྐད་ཆ་མང་བ་ལ་ནེ་ཙོ་ཞེས་བཏགས་པ་ལྟ་བུ་ཡིན།[50]ཞེས་གསུངས་པ་སོགས་སོ། །

2 འབྲས་མིང་རྒྱུ་ལ་བཏགས་པའི་མིང་བཤད་པ་ལ་དཔང་ལོ་ཙཱ་བས་རྒྱུ་ལ་འབྲས་བུས་བཏགས་པ། སངས་རྒྱས་འབྱུང་བ་བདེ་བ་སྟེ། ། ཞེས་གསུངས་ཏེ། ས་སྐྱ་པཎ་ཆེན་གྱིས་ཕན་ཚུན་འབྲེལ་པ་སྟེ་རྒྱུ་ལ་འབྲས་བུའི་མིང་བཏགས་པ་ལྟེང་ཀ་རྐང་ནད་ལྟ་བུའོ། ། [51]ཞེས་གསུངས་པ་དང་། འབྲས་མིང་རྒྱུ་ལ་བཏགས་པ། རྐང་ནད་སྐྱེད་པའི་ལྡེང་ཀ་ལ་རྐང་ནད་ཅེས་པ་དང་། [52]ཞེས་པ་དང་། མེ་སྦར་བྱེད་ཀྱི་ཤིང་ལ་མེ་ཤིང་……ཞེས་པ་དང་། ཡོས་འཐག་པ་ལ་ཕྱེ་འཐག་ཟེར་བ་ལྟ་བུ་རྒྱུ་ལ་འབྲས་བུའི་མིང་བཏགས་པའོ། ། [53]ཞེས་པ་དང་། ཛ་ཏི་ལ་སྨན་དང་། ཨེམ་ཆི་ལ་སྨན་པ་ཞེས་བཏགས་པ་ལྟ་བུ་ཞེས་གསུངས་པ་སོགས་སོ། །

3 རྒྱུ་མིང་འབྲས་ལ་བཏགས་པའི་མིང་བཤད་པ་ལ་དཔང་ལོ་ཙཱ་བས་འབྲས་བུ་ལ་རྒྱུས་བཏགས་པ། རེག་པའི་སྐྱེ་མཆེད་དྲུག་པོ་འདི་རྣམས་ནི་སྔོན་གྱི་ལས་སུ་རིག་པར་བྱའོ། ། ཞེས་གསུངས་པ་དང་། ས་སྐྱ་པཎ་ཆེན་གྱིས་འབྲས་བུ་ལ་རྒྱུའི་མིང་བཏགས་པ་ཤེས་པའམ་ཡུལ་ཅན་ལྟ་བུའོ། ། [54]ཞེས་གསུངས་པ་དང་། གདམས་ངག་ཅེས་པ་བྱ་བ་དངོས་བསྟན་ལྟར་ན། འདོམས་པའི་ངག་ཚིག་ལ་ཟེར་ཡང་། འབྲས་བུ་ལ་རྒྱུའི་མིང་གིས་བཏགས་ནས། དེའི་དངོས་ཀྱི་གྲུབ་འབྲས་སློབ་མའི་རྒྱུད་ལ་སྐྱེས་པ་ལ་བྱའོ། ། [55]ཞེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོའི་མདོ་རྣམ་པར་བཤད་པ་སྔོན་མེད་ལེགས་བཤད་བཞུགས་ལས་གསུངས་པ་དང་། རྒྱུ་མིང་འབྲས་ལ་བཏགས་པ་ཤེས་པའམ་ཡུལ་ཅན་ནམ་ཡང་ན་ལོ་ཐོག་ལ་ཕན་པའི་ཆར་བབ་པ་ལ་བརྗོད་འདོད་ཀྱིས་འབྲུ་བབ་ཅེས་བརྗོད་པ་ལ་སོགས་པ་ལྟ་བུའོ། ། ཞེས་པ་དང་། རླངས་འཁོར་དང་། མེ་འཁོར་ཞེས་པ་ལྟ་བུ་ཞེས་པ་སོགས་སོ། །

4 ཆ་ཤས་ལ་ཚོགས་པས་བཏགས་པའི་མིང་བཤད་པ་དཔང་ལོ་ཙཱ་བས་ཆ་ཤས་ལ་ཚོགས་པས་བཏགས་པ་རས་ཡུག་གི་ཕྱོགས་ཚིག་པ་ལ་རས་ཡུག་ཚིག་ཅེས་པ་ལྟ་བུ་དང་ཞེས་གསུངས་ཏེ། ཡ་གྱལ་ལ་ཚོགས་པའི་མིང་བཏགས་པ། རས་ཡུག་གི་ཕྱོགས་གཅིག་ཚིག་པ་ལ་རས་ཡུག་ཚིག་པའམ། ཁང་པའི་ཕྱོགས་གཅིག་མཐོང་བ་ལ་ཁང་པ་མཐོང་བ་ལྟ་བུ་དང་། ཡ་གྱལ་ལ་ཚོགས་པའི་མིང་གིས་བཏགས་པ་རས་ཡུག་གི་ཕྱོགས་གཅིག་ཚིག་པ་ལ་རས་ཡུག་ཚིག་ཅེས་པ་དང་། ཁང་པའི་ཕྱོགས་གཅིག་མཐོང་བ་ལ་ཁང་པ་མཐོང་ཞེས་བརྗོད་པ་ལྟ་བུས་མཚོན་ནས་ཤེས་པར་བྱ་སྟེ་ཞེས་གསུངས་སོ། །

5 ཚོགས་པ་ལ་ཆ་ཤས་ཀྱིས་བཏགས་པའི་མིང་བཤད་པ། དཔང་ལོ་ཙཱ་བས་དེ་ཉིད་ཚོགས་པ་ལ་ཕྱོགས་གཅིག་གིས་བཏགས་པར་ཡང་འགྱུར་བ་དང་། [56]ཞེས་གསུངས་ཀྱང་དོན་ལ་ཚོགས་པ་ལ་ཆ་ཤས་ཀྱིས་བཏགས་པའི་མིང་གི་རིགས་ཡིན་པར་སྙམ་ཏེ། ཚོགས་པ་ལ་ཡ་གྱལ་གྱི་མིང་བཏགས་པ་རྔའི་སྒྲའམ་ནས་ཀྱི་མྱུ་གུ། [57]ཞེས་གསུངས་པ་དང་། རྔ་སྒྲའམ་ནས་ཀྱི་མྱུ་གུ་ལྟ་བུ་སྟེ། སྒྲ་དང་མྱུ་གུའི་ཚོགས་པ་ལ་རྒྱུ་གཞན་ཡང་ཡོད་བཞིན་རྒྱུའི་བྱེ་བྲག་གི་ཆ་ནས་བཏགས་པའོ། ། iཞེས་པ།

6 རྟེན་ལ་བརྟེན་པར་བཏགས་པའི་མིང་བཤད་པ་ལ་དཔང་ལོ་ཙཱ་བས་རྟེན་ལ་བརྟེན་པར་བཏགས་པ་མཚོ་མ་དྲོས་པ་ལྟ་བུ་དང་ཞེས་གསུངས་པ་དང་། ཞིང་ནང་དུ་ས་བོན་འདེབས་པ་ལ། ཞིང་འདེབས་……[58]ཞེས་པ་སོགས་གསུངས་ཀྱང་། རྟེན་ལ་བརྟེན་པ་བཏགས་པ་ལ་དཔེར་ན། མིའི་མིང་ལ་ཉི་མ་དང་། བརྩོན་འགྲུས་ཞེས་བཏགས་པ་ལྟ་བུ་ཞེས་གསུངས་པའི་དགོངས་དོན་ལ་དཔྱོད་ཅིག

7 གྲོགས་ལ་གྲོགས་ཅན་གྱིས་བཏགས་པའི་མིང་བཤད་པ་ལ་དཔང་ལོ་ཙཱ་བས་གྲོགས་ལ་གྲོགས་ཅན་གྱིས་བཏགས་པ་བདུན་པ་དང་ལྷན་ཅིག་པའི་སེམས་ལ་འདུན་པར་བཏགས་པ་ལྟ་བུ་ཡིན་པར་གསུངས། དཔང་ལོ་ཙཱ་བས《ཚོགས་གསུམ་གསལ་བ་བཞུགས་སོ》ཞེས་པར《ཚད་མ་རྣམ་འགྲེལ》ཞེས་པའི་ལུང་དྲངས་ནས་མིང་བཏགས་པའི་དགོས་པ་རྒྱུ་མཚན་དང་བཅས་པ་བཤད་པའི་དགོངས་དོན་ལ།《རྣམ་འགྲེལ་གྱི་འགྲེལ་བ》རུ། དགོས་པ་མེད་པའི་ཕྱིར་ཉེ་བར་གདགས་པར་མི་བྱའོ་ཞེ་ན། མ་ཡིན་ཏེ། ཞེས་གསུངས་པ་ལྟར་བཏགས་པའི་དགོས་པ་དགོས་ཏེ། དེ་མེད་ན་འདོགས་པ་པོ་རྟོགས་ལྡན་མ་ཡིན་པར་འགྱུར་བས་སོ། ། དངོས་ཡིན་པ་ལ་གནོད་བྱེད་དགོས་ཏེ། དེ་མེད་ན། ཕྲེང་སོགས་ལ་ནི་ཆེན་པོ་སོགས། ། ཉེར་བཏགས་ལས་འདོད་གང་ཡིན་པ། ། དངོས་དང་ཁྱད་མེད་རྣམ་ཤེས་ཀྱི། ། གཟུང་བྱ་ཉིད་ཕྱིར་ཉེར་བཏགས་ན(མིན)། ། [59]ཞེས་པ་ལྟར་བཏགས་པ་བ་ཉིད་དུ་མི་འགྲུབ་པས་སོ། ། [60]ཞེས《ཚད་མ་རྣམ་འགྲེལ》ཞེས་པའི་གཞུང་གི་ལུང་དྲངས་ནས་གསུངས་སོ། །

དེ་ལྟར་གོང་དུ་དཔང་ལོ་ཙཱ་བའི《ཚོགས་གསུམ་གསལ་བ་བཞུགས་སོ》ཞེས་པ་ལས།……དེ་ཡང་དངོས་དང་བཏགས་པ་ཡིན། ། ཞེས་པ་ལས་འཕྲོས་ཏེ་མིང་ལ་འདོད་རྒྱལ་དང་རྗེས་གྲུབ་གཉིས་སུ་དབྱེ་བའི་སོ་སོའི་དོན་དང་། མཚན་གཞིའི་དཔེར་བརྗོད། དེ་ནས་འདོད་རྒྱལ་དང་རྗེས་གྲུབ་གཉིས་ལ་ནང་གསེས་ཀྱི་མིང་གི་བཏགས་ཚུལ་གྱི་དབྱེ་བའི་གོ་དོན་དང་མཚན་གཞིའི་དཔེར་བརྗོད་སོགས་ནི་དཔང་ལོ་ཙཱ་བ་དང་། ཁོང་གི་སྐུའི་དུས་ཕྱིས་སུ་བྱོན་པའི་བོད་ཀྱི་བརྡ་སྤྲོད་སྨྲ་བའི་མཁན་པོ་རྣམས་ཀྱི་གསུང་དང་བསྡུར་ནས་ཅུང་ཟད་བཤད་ཀྱང་རྒྱས་པ་ནི་བོད་ཀྱི་བརྡ་སྤྲོད་རིག་པ་སྨྲ་བ་རྣམས་ཀྱིས་བརྩམས་པའི་བརྡ་སྤྲོད་རིག་པའི་བསྟན་བཅོས་སྤྱི་དང་བྱེ་བྲག་ལ་གཟིགས་ནས་ཤེས་པར་བྱའོ། །

འདིར་བཏགས་མིང་བཤད་པ་ལས་འཕྲོས་ཏེ་ཞར་བྱུང་བཏགས་མིང་ལ་སྒྲ་བཤད་འཇུག་གི་མུ་བཞི་ཡོད་པའི་ཚུལ་མདོར་བསྡུས་བཤད་ན། དེ་ཡང་གྲགས་འཇུག་འགལ་བ་དང་། ། མི་འགལ་འགལ་ཞིང་མི་འགལ་བའི། ། སྒྲ་ཡི་འཇུག་ཚུལ་རྣམ་པ་བཞི། ། བརྡ་སྤྲོད་བྱེད་པ་རྣམས་ལ་གྲགས། ། [61]ཞེས་གསུངས་ཏེ། མཚོ་སྐྱེས་ཞེས་པ་དང་པོ་བཤད་དུ་མེད་ཀྱང་འཇུག་དུ་ཡོད་པ་ནི་དཔེར་ན་སྐམ་སར་སྐྱེས་པའི་མེ་ཏོག་ལ་འཇུག་ཀྱང་བཤད་དུ་མེད་པ་དང་། གཉིས་པ་བཤད་འཇུག་གཉིས་ཀ་ཡོད་པ་ནི། དཔེར་ན་མཚོ་ནང་དུ་སྐྱེས་པའི་མེ་ཏོག་ལ་བཤད་འཇུག་གཉིས་ཀ་ཡོད་པ་དང་། གསུམ་པ་བཤད་དུ་ཡོད་ཀྱང་འཇུག་ཏུ་མེད་པ་ནི། དཔེར་ན་མཚོ་ནང་དུ་སྐྱེས་པའི་ལྡུམ་བུ་དང་སྲོག་ཆགས་སོགས་ལ་བཤད་དུ་ཡོད་ཀྱང་མི་འཇུག་པ་དང་། བཞི་པ་བཤད་འཇུག་གཉིས་ཀ་མེད་པ་ནི། དཔེར་ན་སྐམ་སའི་རྡོ་དང་སྡོང་དུམ་སོགས་ལ་བཤད་འཇུག་གཉིས་ཀ་མེད་པ་སོགས་མདོར་ན་བོད་ཀྱི་བརྡ་སྤྲོད་རིག་པའི་གཞུང་ལས་ཡོངས་གྲགས་སུ་མིང་གི་བཤད་འཇུག་མུ་བཞི་ཞེས་འཆད་ཅིང་། ས་སྐྱ་པཎ་ཆེན་གྱིས་མཁས་པ་འཇུག་པའི་སྒོ་ཞེས་པར་གྲགས་འཇུག་གི་སྒྲ་ཡི་འཇུག་ཚུལ་རྣམ་པ་བཞི་ཞེས་གསུངས་པ་སོགས་བརྗོད་སྟངས་ཀྱི་རྣམ་གྲངས་གང་ལྟར་བཤད་ཀྱང་དོན་གཅིག་ཏུ་འབབ་པས་དེའི་ཚུལ་གྱི་བཤད་པ་རྒྱས་པ་ནི་གཞན་ནས་ཤེས་པར་བྱའོ། །

གོང་དུ་དཔང་ལོ་ཙཱ་བས《ཚོགས་གསུམ་གསལ་བ་བཞུགས་སོ》ཞེས་པ་ལས།……དེ་ཡང་དངོས་དང་བཏགས་པ་ཡིན། ། ཞེས་མིང་ལ་དངོས་མིང་དང་བཏགས་མིང་གཉིས་སུ་གསུངས་པ་དང་སྨྲ་སྒོ་མཚོན་ཆ་རུ་འདོད་རྒྱལ་དང་རྗེས་གྲུབ་ཀྱི་མིང་གཉིས་སུ་གསུངས་པ་དོན་གཅིག་ཡིན་པར་བཞེད་དེ། སྨྲ་སྒོར། དང་བོ་གཞན་གྱི་མིང་ལ་མ་བརྟེན་པར་དེ་ཉིད་ལ་བཏགས་པ་ཀ་བ་ཞེས་པ་ལྟ་བུ་ཐོགས་པ་འདོད་རྒྱལ་བ་ཞེས་བྱ་བ་དང་། དེ་ལ་བརྟན་པ་སྐྱེས་བུ་བརྟན་པ་ལ་ཀ་བ་ཞེས་པ་ལྟ་བུའི་མིང་ནི་རྗེས་སུ་གྲུབ་པའོ་ཞེས་འཆད་པའང་དངོས་དང་བཏགས་མིང་གཉིས་སུ་ཟད་དོ། ། ཞེས་པ་ནི། དཔེར་ན་ས་དང་རྡོ་ཞེས་པ་ལྟ་བུ་སོགས་ཕལ་ཆེར་དོན་བཤད་དུ་མེད་ཀྱང་དེ་དང་དེའི་བརྡར་འདོད་དུ་བཏགས་པ་དང་། སངས་རྒྱས་དང་འཕགས་པ་ལ་སོགས་པ་དོན་བཤད་དུའང་ཡོད་པ་རྗེས་གྲུབ་ཀྱི་མིང་གཉིས་ཀྱི་རྣམ་དབྱེ་ཡོད་ཅིང་། གང་གི་མིང་དུ་ཐོགས་པ་མེ་དང་ཉི་མ་སེང་གེ་ལྟ་བུ་རང་རང་ལ་དངོས་མིང་དང་། དངོས་པོ་གཞན་ལ་གཞན་པ་དེ་དང་བསྟུན་ཏེ་བཏགས་པ་བཏགས་མིང་དུ་འགྱུར་བས་གཉིས་སུ་དབྱེ་བ་ཡོད་ལ། རྗེས་གྲུབ་ལ་དཔང་ལོ་ཙཱ་བས། རྗེས་སུ་གྲུབ་པ་ལ་ཡང་དོན་དང་ལྡན་པ་ཁྱི་དཀར་བོ་ལ་དུང་ཞེས་པ་ལྟ་བུ་དང་། འདོད་རྒྱལ་ལ་ཁྱི་ནག་པོ་ལ་དུང་ཞེས་བརྗོད་པ་ལྟ་བུ་ཡོད་དོ་ཞེས་ཀྱང་འཆད་པ་ནི་ཞེས་གསུངས་ཤིང་། དེ་རྒྱུ་མཚན་ཅིའི་ཕྱིར་ཞེ་ན། མིང་ཇི་ལྟར་འདོད་པ་བྱེད་ལ་རག་གོ ། [62]ཞེས་གསུངས་པ་སོགས་ལ་བསམ་གཞིགས་ཅུང་ཙམ་བྱས་ནས་དཔྱད་པ་བཏང་ན། བོད་ཀྱི་སྐད་ལུགས་ཀྱི་བརྡ་སྤྲོད་པའི་བཏགས་མིང་གི་ཁྱད་ཆོས་གཞན་ཞིག་ལ་བཟློག་ཕྱོགས་ཀྱིས་བཏགས་པ་མང་སྟེ། དཔེར་ན་དཀར་ཆ་ཅུང་ཙམ་ཡང་མེད་པའི་ཁྱི་ལ་དུང་ཞེས་བཏགས་ནས་བརྗོད་པ་ལྟ་བུ་ནི་འདྲ་བ་ལས་བཟློག་པ་སྟེ། ལོག་པ་མི་མཚུངས་པ་ཁྱི་ནག་པོ་ལ་དུང་ཞེས་བརྗོད་པ་ལྟ་བུའོ། ། ཞེས་པ་དང་། གཟའ་མིག་དམར་ལ་བཀྲ་ཤིས་ཞེས[63]བཏགས་ནས་བརྗོད་པ་ལྟ་བུ་ནི། འབྲེལ་པ་བཟློག་པ་གཟའ་མིག་དམར་ལ་བཀྲ་ཤིས་སམ་ཞེས་པ་ལྟར། འབྲེལ་བ་ལས་བཟློག་པ་རྣམས་ནི་འཕྱ་བའམ་ཟུར་ཟའི་ཚིག་ཅེས་ཤིན་ཏུ་བཟློག་པའི་མིང་སྦྱར་བ་འདི་དག་ཀྱང་། དོན་གྱི་འབྲེལ་བ་མེད་ནའང་བརྗོད་འདོད་ཀྱིས་བཟློག་ཕྱོགས་ཀྱི་མིང་ཅིག་ཤོས་ལ་འཕྱ་བའི་ཚུལ་དུ་བཏགས་པ་ཡིན་པས་འདྲ་འབྲེལ་ལས་འཕྲོས་ཏེ་བཏགས་ཚུལ་ཙམ་ཡིན་ཞིང་། དེར་མ་ཟད་སྐོམ་པ་སེལ་བའི་བཏུང་བ་ལ་སྐོམ་ཞེས་བཏགས་པ་དང་། ལས་སྒྲུབ་ཀྱི་ཆ་ནས་བཏགས་པའི་མིང་གི་དཔེར་བརྗོད་དུ་དུང་དཀར་བློ་བཟང་འཕྲིན་ལས་ཀྱིས། ཟློས་གར་གྱི་སྐབས་སུ་ལོ་རྒྱུས་མི་སྣ་དེ་འཁྲབ་མཁན་ལ་དེ་དང་དེའི་མིང་བཏགས་པ་ལྟ་བུ་དང་། [64]ཞེས་གསུངས་པ་ལ་སོགས་པའང་ཡོད་པ་བཞིན་ནོ། །

7.jpg

གཅིག མིང་གི་འཇུག་ཚུལ་སྤྱིར་བཤད་པ།

དེ་ཡང་དཔང་ལོ་ཙཱ་བས་བརྩམས་པའི《ཚོགས་གསུམ་གསལ་བ་བཞུགས་སོ》ཞེས་པ་ལས་མིང་གི་འཇུག་ཚུལ་གསུངས་པ་ལས་འཕྲོས་ཏེ་འདི་ནས་ཐོག་མར་མིང་གི་འཇུག་ཚུལ་སྤྱིར་བཤད་པ་ལ། མིང་གཅིག་ལ་དོན་མང་འཇུག་པ་དང་། དོན་གཅིག་རྣམ་གྲངས་མང་པོ་ཅན། [65]ཞེས་མིང་གི་འཇུག་ཚུལ་ལ་མིང་གཅིག་དོན་དུ་མ་ལ་འཇུག་པ་དང་། དོན་གཅིག་ལ་མིང་དུ་མ་འཇུག་པར་གསུངས་ཏེ། དེའི་དོན་རྡོ་རྗེ་རྒྱལ་པོས་འདྲ་བ་དང་འབྲེལ་བ་སོགས་རྒྱུ་མཚན་དུ་བྱས་ཏེ་ཐ་སྙད་བཏགས་པ་དོན་གཅིག་ལ་མིང་གི་རྣམ་གྲངས་མང་པོར་ཕྱེ་བའམ། མིང་གཅིག་དོན་གྱི་རྣམ་གྲངས་དུ་མར་འཇུག་པའི་མངོན་བརྗོད། [66]ཅེས་གསལ་བར་གསུངས་ཏེ། དོན་གཅིག་ལ་མིང་མང་པོས་མངོན་པར་བརྗོད་པ་ནི། དཔེར་ན། ཉི་མ་ལ་རྟ་ལྗང་ཅན་དང་། ཚ་ཟེར་ཅན། ནམ་མཁའི་ནོར་བུ། འོད་ཀྱི་ནོར་ཅན། པད་མའི་གཉེན། སྣང་བྱེད། འོད་བརྒྱ་པ་སོགས་མིང་གི་རྣམ་གྲངས་བརྒྱ་ལྷག་ཙམ་ཡོད་པ་ལྟ་བུ་དང་། ལྷ་ཁྱབ་འཇུག་ལ། ཐིག་ལེ་དྲུག་པ་ཐ་གུའི་ལྟོ། ། འཇུག་པ་བཅུ་བ་གོས་སེར་ཅན། ། ཉེ་དབང་དཔལ་བདག་པད་དཀར་མིག ། མི་ཡི་སེང་གེ་ཁྱབ་འཇུག་མིང་། ། ཞེས《མངོན་བརྗོད་ཀྱི་བསྟན་བཅོས་རྒྱ་མཚོའི་ཆུ་ཐིགས》ལས་གསུངས་པ་སོགས་ཁྱབ་འཇུག་ལ་མིང་གི་རྣམ་གྲངས་བརྒྱད་གསུངས་པ་དེ་ལས་ཀྱང་མང་བའི་མངོན་བརྗོད་ཀྱི་མིང་གི་རྣམ་གྲངས་ཀྱིས་མཚོན་པའི་དོན་གཅིག་ལ་སྒྲ་མང་བའི་མིང་གི་རྣམ་གྲངས་ཀྱི་རིགས་དག་མཚོན་ཞིང་། མིང་ངམ་སྒྲ་གཅིག་དོན་མང་པོར་འཇུག་པའི་མངོན་བརྗོད་ནི། དཔེར་ན། གཉིས་སྐྱེས་ཞེས་པ་སོ་དང་། བྲམ་ཟེ། བྱ། ཟླ་བ། སློབ་མ་སོགས་ལ་འཇུག་པ་དང་། པད་མ་ཅན་ཞེས་པ་རྒྱ་མཚོ་དང་། བུད་མེད། ཡུལ་རྣམས་ལ་འཇུག་པ་སོགས་སོ།

མངོན་བརྗོད་ཀྱི་མིང་གི་འཇུག་ཚུལ་སྦྱོང་བ་ལ་མངོན་བརྗོད་ཀྱི་མིང་གི་འཇུག་ཚུལ་ཁོ་ན་ཙམ་མིན་པར་མིང་སྤྱིའི་འཇུག་ཚུལ་གྱི་སྤྱི་དང་བྱེ་བྲག་གི་གོ་དོན་དང་ཁྱད་པར་སོགས་འབྲེལ་བའི་འཇུག་བྱ་དང་འཇུག་བྱེད་སོགས་ཀྱི་འཇུག་ཚུལ་གྱི་གནད་དོན་དང་དབྱེ་བ་ཤེས་རྒྱུ་ནི་ཤིན་ཏུ་གལ་ཆེ་ལ། མིང་གི་འཇུག་ཚུལ་གྱི་རྣམ་གྲངས་གོང་དུ་ཞུས་པ་དེ་གཉིས་ལས་རྒྱུན་བཀོལ་ཆེ་བ་ནི་དོན་གཅིག་ལ་མིང་གི་རྣམ་གྲངས་དུ་མ་ཡོད་པ་ཡིན་ཞིང་། མིང་ངམ་སྒྲ་གཅིག་དོན་མང་པོར་འཇུག་པ་ནི་ཚིག་རྒྱན་རིག་པའི་སྐབས་སུ་སྦྱར་རྒྱན་དང་མཉམ་ཉིད་ཀྱི་རྒྱན་སོགས་འགོད་པའི་དམིགས་བསལ་གྱི་ཚིག་རྒྱན་གྱི་སྦྱོར་བའི་དགོས་པ་ལ་ལྟོས་ནས་བེད་སྤྱད་པ་མ་གཏོགས་སྤྱིར་བཏང་རྒྱུན་བཀོལ་ཉུང་བར་སྣང་བའི་ཚུལ་ནི་རྩོམ་སོགས་འབྲི་བའི་སྐབས་སུ་ཐུགས་གཟབ་བྱས་ཏེ་ཤེས་པར་བྱའོ། །

གཉིས། མིང་གི་འཇུག་ཚུལ་བྱེ་བྲག་ཏུ་མཁས་པའི་གསུང་དང་འབྲེལ་ནས་བཤད་པ། 

མིང་གི་འཇུག་ཚུལ་བྱེ་བྲག་བཤད་པ་ལ་དཔང་ལོ་ཙཱ་བས་རིམ་པ་ལྟར་ཞེས་པས་དྲངས་ཏེ། དཔེར་ན། གཽའི་སྒྲ་གཅིག་པུས། །ངག་ཕྱོགས་ས་དང་འོད་ཟེར་དང་། །གས་དང་མིག་དང་རྡོ་རྗེ་དང་། །མཐོ་རིས་ཆུ་སྟེ་དོན་དགུ་ལ། །མཁས་པས་གཽ་སྒྲ་ངེས་པར་བརྟག །ཅེས་དཔལ་ལྡན་འཕགས་པ་ཀླུ་སྒྲུབ་ཀྱིས་ཞིབ་མོ་རྣམ་འཐག་ཏུ་གསུངས་པ་ལྟར་དོན་དགུ་རྗོད་པར་བྱེད་པ་དང་། [67]ཞེས་པའི་ལུང་ཚིག་དྲངས་ནས་གཽ་ཞེས་པའི་སྒྲ་གཅིག་དོན་དུ་མ་ལ་འཇུག་པའི་ཚུལ་ལའང་།《སཾ་བོད་སྐད་གཉིས་ཤན་སྦྱར》ལས། མཐོ་རིས་དང་ཕྱུགས་སམ་གླང་། རྡོ་རྗེ། འོད་ཟེར། ཟླ་བ། ནམ་མཁའ། རི་རྣམས་ལ་སྐྱེས་པའི་རྟགས་དང་། ལྷག་མ་ངག ཕྱོགས། ས། ཆུ། མདའ་རྣམས་ལ་མོ་རྟགས་ཡིན་པ་རྣམ་དབྱེ་སྟེར་བའི་སྐབས་ཕོ་མོ་ཁྱད་པར་མེད་ཀྱང་ཚིག་གྲོགས་བརྗོད་བྱའི་རྟགས་ཅན་སྦྲེལ་བའི་ཚེ་རྣམ་པར་དབྱེ་བ་ཕྱེད་པར་དགོས། གཞན་དུ་གོ་སྒྲ་བློ་ལ་འཇུག་པ་དང་མོ་རྟགས་སུ་བཤད་པའང་ཡོད་དོ། ། [68]ཞེས་གསལ་བའོ། །

ཀ སྒྲ་གཅིག་དོན་མང་ལ་འཇུག་པའི་མིང་བཤད་པ།

གཉིས་སྐྱེས་ཞེས་པའི་སྒྲ་གཅིག་དེ་དོན་དུ་མ་སྟེ་བྱ་དང་། བྲམ་ཟེ། སོ་སོགས་ལ་འཇུག་ཅིང་། དང་པོ་བྱ་ལ་འཇུག་པ་དཔེར་ན། མེ་ཏོག་དྲ་བས་ཁེབས་པའི་མཚེའུ་དང་། །གཡུ་ཡི་ལྗོན་པའི་ཡལ་འདབ་ལ་གནས་པའི། །གཉིས་སྐྱེས་མགྲིན་པ་ཀྱོག་ནས་ལྟ་བ་ནི། །ནགས་འདབས་ཉམས་དགའི་དཔལ་ལ་སྲེད་པ་འདྲ། །ཞེས་སྐྱ་བསེང་བུ་ལྔའི་རྟོགས་བརྗོད་ལས་བྱའམ་འདབ་ཆགས་ལ་གཉིས་སྐྱེས་ཞེས་པའི་རྒྱུ་མཚན་ནི་དང་པོར་སྒོ་ང་སྐྱེས། དེ་ནས་སྒོ་ང་ལས་བྱིའུ་སྐྱེས་པས་སོ་ཞེས་དང་། གཞན་ཡང་ས་བསྲུང་དང་དགའ་བྱེད། བདག་སྐྱེས་ཞེས་པ་སོགས་ནི་སྒྲ་གཅིག་དོན་མང་ལ་འཇུག་ཅིང་ཚུལ་རྒྱས་པ་ནི་སྙན་ངག་གི་རྩ་འགྲེལ་དང་མངོན་བརྗོད་ཀྱི་གཞུང་གི་འགྲེལ་བཤད་ལས་ཤེས་པར་བྱའོ། །

ཁ། དོན་གཅིག་ལ་སྒྲ་མང་པོ་འཇུག་པའི་མིང་བཤད་པ།

དེ་ནས་དོན་གཅིག་ལ་སྒྲ་དུ་མ་འཇུག་པའི་ཚུལ་མདོར་བསྡུས་བཤད་ན། དཔང་ལོ་ཙཱ་བས་ཉི་མ་གཅིག་པུའི་དོན་ལ་ཡང་། ནམ་མཁའི་ནོར་བུ་དང་། འོད་ཀྱི་ནོར་ཅན་དང་། རྟ་ལྗང་ཅན་ལ་སོགས་པ་མིང་སུམ་ཅུ་རྩ་བདུན་འཆི་མེད་མཛོད་དུ་བཤད་པ་ལྟ་བུའོ། ། [69]ཞེས་གསུངས་པ་ལྟར། ཉི་མ་གཅིག་པུའི་དོན་ལ་ནམ་མཁའི་ནོར་བུ་དང་། འོད་ཀྱི་ནོར་ཅན་དང་། རྟ་ལྗང་ཅན་ལ་སོགས་པ་མིང་སུམ་བཅུ་རྩ་བདུན་ལྷག་ལ་འཇུག་ཚུལ་སློབ་དཔོན་འཆི་མེད་སེང་གེས། ཉི་མའི་འོད་འགྱེད་བསྟེན་བྱ་དང་། ། མི་སྦྱིན་སྐྱེས་དང་བཅུ་གཉིས་བདག ། ཉིན་བྱེད་འོད་བྱེད་ཉིན་མོར་བྱེད། ། སྣང་བྱེད་རབ་གསལ་རྣམ་གསལ་བྱེད། ། འོད་གསལ་མི་གཟུགས་རྟ་བདུན་པ། ། རྟ་ལྗང་ཅན་དང་ཚ་ཟེར་ཅན། ། རྣམ་བསྒྱུར་མཆོད་འོས་མ་བཟླུམ་དང་། ། ཆར་འབེབས་འོད་འགྲོ་གསོ་བྱེད་དང་། ། ནམ་མཁའི་ནོར་བུ་སྒྲོལ་བྱེད་གཤེད། ། སྣ་ཚོགས་འོད་ཟེར་རྣམ་སྣང་བྱེད། ། འོད་ཀྱི་ནོར་ཅན་གཟའ་ཡི་བདག ། འོད་ཟེར་བདག་པོ་སྣང་བྱེད་བདག །འོད་ལྡན་མུན་འཇོམས་འོད་སྟོང་ལྡན། ། གདུང་བྱེད་འོད་འབྱིན་འོད་ཟེར་གཟུགས། ། [70]ཞེས་མངོན་བརྗོད་འཆི་མེད་མཛོད་ལས་གསུངས་སོ། །

གཞན་ཡང་དཔང་ལོ་ཙཱ་བས་མཛད་པའི《ཚོགས་གསུམ་གསལ་བ་བཞུགས་སོ》ཞེས་པ་ལས། གཞན་ཡང་ཕོ་དང་མོ་དང་མ་ནིང་གི་རྟགས་ཀྱི་དབྱེ་བའི་མིང་གསུམ་དང་། དབྱངས་ཀྱི་མཐའ་ཅན་དང་གསལ་བྱེད་ཀྱི་མཐའ་ཅན་གཉིས་སུ་དབྱེ་བ་སཾསྐྲྀ་ཏའི་སྐད་ལ་ཡོད་དེ། རྒྱ་ཆེར་མངོན་བརྗོད་ཀྱི་བསྟན་བཅོས་སུ་ཤེས་པར་བྱའོ། །ཞེས་གསུངས་པས་ལེགས་པར་བསྐུལ་ཏེ། ལེགས་སྦྱར་སྐད་ཀྱི་ཁྱད་ཆོས་ལ་ཕོ་དང་མོ་དང་མ་ནིང་གི་རྟགས་ཀྱི་དབྱེ་བའི་མིང་གསུམ་དང་། དབྱངས་ཀྱི་མཐའ་ཅན་དང་གསལ་བྱེད་ཀྱི་མཐའ་ཅན་གཉིས་སུ་དབྱེ་བའི་རྣམ་གྲངས་སོགས་ཡོད་ཀྱང་བོད་ཀྱི་སྐད་ལུགས་ལ་ནི་དེ་འདྲའི་ཁྱད་ཆོས་མེད་ཚུལ་ས་པཎ་ཀུན་དགའ་རྒྱལ་མཚན་གྱིས་རྟགས་ཀྱི་དབྱེ་བ་ཕལ་ཆེར་འདིར་མི་འཇུག [71]ཅེས་གསུངས་པ་དང་། དེ་ལྟར་དོན་གང་ལ་མིང་གང་ཞིག་འཇིག་རྟེན་ན་སྔར་གྲགས་པའམ་དོན་དང་མཐུན་པར་གསར་སུ་བཏགས་པ་ལས་མཚོན་བྱེད་ཀྱི་མིང་དུ་གྱུར་པ་ནི་སྣ་ཚོགས་ཡོད་ལ། ཅི་རིགས་པ་མངོན་བརྗོད་ཀྱི་བསྟན་བཅོས་རྣམས་ལས་ཤེས་པར་བྱའོ། ། [72]ཞེས་གསུངས་སོགས་ཀྱི་སྐོར་གྱི་ཞིབ་ཆ་ནི་འཕགས་བོད་ཀྱི་མངོན་བརྗོད་དང་ཀ་ཙན་དབྱངས་གསུམ་སོགས་ཀྱིས་མཚོན་པའི་ལེགས་སྦྱར་སྒྲ་རིག་པའི་བསྟན་བཅོས་ཀྱི་གཞུང་རྣམས་ལས་ཤེས་པར་བྱ་དགོས་སོ། །

དཔྱད་གཞིའི་ཡིག་ཆ།

[1]ས་པཎ་ཀུན་དགའ་རྒྱལ་མཚན།《མཁས་པ་འཇུག་པའི་སྒོ》མི་རིགས་དཔེ་སྐྲུན་ཁང་། 1981ལོའི་ཟླ6པར་པར་གཞི་དང་པོ་ཐེངས་དང་པོར་དཔར། ཤོག་ངོས10

[2]དཔང་ལོ་ཙཱ་བ་བློ་གྲོས་བརྟན་པ།《ཚོགས་གསུམ་གསལ་བ་བཞུགས་སོ》བྲིས་མ། ཤོག་ངོས16

[3]སློབ་དཔོན་ཐོན་མི་སཾ་བྷོ་ཊ་སོགས།《སུམ་རྟགས་སྙན་གསུམ་གྱི་རྩ་བ》མི་རིགས་དཔེ་སྐྲུན་ཁང་། 2002ལོའི་ཟླ4པར་པར་གཞི་དང་པོ་ཐེངས་དང་པོར་དཔར། ཤོག་ངོས16

[4]རིན་སྤུངས་པ་ངག་དབང་འཇིགས་གྲགས།《མངོན་བརྗོད་ཀྱི་བསྟན་བཅོས་མཁས་པའི་རྣ་རྒྱན་ཞེས་བྱ་བ་བཞུགས་སོ》མི་རིགས་དཔེ་སྐྲུན་ཁང་། 1999ལོའི་ཟླ4པར་ཐེངས་གསུམ་པར་དཔར། ཤོག་ངོས196

[5]དཔང་ལོ་ཙཱ་བ་བློ་གྲོས་བརྟན་པ།《ཚོགས་གསུམ་གསལ་བ་བཞུགས་སོ》བྲིས་མ། ཤོག་ངོས16

[6]སུ་ག་ཏ་ཞེས་པ་སྟེ་བདེ་གཤེགས་ཞེས་དང་། སུ་ག་ཏཿ   ཞེས་པ་སྟེ་བདེ་བར་གཤེགས་པ་ཞེས་སངས་རྒྱས་སྤྱིའི་མཚན་དུ《སཾ་བོད་སྐད་གཉིས་ཤན་སྦྱར》(སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་བོད་ཡིག་རྩོམ་སྒྱུར་ཅུས་ཀྱིས་རྩོམ་སྒྲིག་བྱས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1989ལོའི་ཟླ10པར་པར་གཞི་དང་པོ་ཐེངས་དང་པོར་དཔར།)ལས་གསུངས་སོ། །

[7]ལྕེ་ཁྱི་འབྲུག་སོགས།《གནས་བརྒྱད་ཆེན་པོའི་རྩ་བ་དང་འགྲེལ་པ་བཞུགས་སོ》བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1988ལོའི་ཟླ11པར་པར་གཞི་དང་པོར་དཔར། ཤོག་ངོས7

[8]ས་པཎ་ཀུན་དགའ་རྒྱལ་མཚན།《མཁས་པ་འཇུག་པའི་སྒོ》མི་རིགས་དཔེ་སྐྲུན་ཁང་། 1981ལོའི་ཟླ6པར་པར་གཞི་དང་པོ་ཐེངས་དང་པོར་དཔར། ཤོག་ངོས11

[9]ཀརྨ་སི་ཏུ།《ཀརྨ་སི་ཏུའི་སུམ་རྟགས་འགྲེལ་ཆེན་མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1987ལོའི་ཟླ6པར་ཐེངས་གསུམ་པར་དཔར། ཤོག་ངོས250

[10]བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་བསྒྲིགས། གངས་ཅན་རིག་མཛོད།(6) 《དཀར་ལེབ་སུམ་རྟགས་དཀའ་འགྲེལ》 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1989ལོའི་ཟླ2པར་པར་གཞི་དང་པོ་ཐེངས་དང་པོར་དཔར། ཤོག་ངོས137

[11]དམུ་དགེ་བསམ་གཏན།《བརྡ་སྤྲོད་བློ་གསལ་དགའ་སྟོན》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1985ལོའི་ཟླ7པར་ཐེངས་གསུམ་པར་དཔར། ཤོག་ངོས33

[12]《བོད་ཀྱི་བརྡའ་སྤྲོད་པ་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་མཆན་འགྲེལ་མདོར་བསྡུས་ཏེ་བརྗོད་པ་ངོ་མཚར་འཕྲུལ་གྱི་ལྡེ་མིག་ཅེས་བྱ་བ་བཞུགས་སོ》(ཡོངས་གྲགས་སུ་གསེར་ཏོག་སུམ་རྟགས་ཞེས་རྩོམ་པ་པོས་མཆན་བཏབ་པའོ། །) ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1981ལོའི་ཟླ2པར་ཐེངས་གཉིས་པར་དཔར། ཤོག་ངོས32

[13]པྲ་ཏི་རིན་ཆེན་དོན་གྲུབ་ཀྱི《སུམ་རྟགས་དགོངས་འགྲེལ》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1980ལོའི་ཟླ10པར་པར་གཞི་དང་པོ་ཐེངས་དང་པོར་དཔར། ཤོག་ངོས12

[14]བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་བསྒྲིགས། གངས་ཅན་རིག་མཛོད། 20《ཀློང་རྡོལ་ངག་དབང་བློ་བཟང་གི་གསུང་འབུམ》གླེགས་བམ་དང་པོ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1991ལོའི་ཟླ12པར་པར་གཞི་དང་པོ་ཐེངས་དང་པོར་དཔར། ཤོག་ངོས661

[15]ངག་དབང་བསྟན་དར།《ཡི་གེའི་བཤད་པ་མཁས་པའི་ཁ་རྒྱན་ཞེས་བྱ་བ》མི་རིགས་དཔེ་སྐྲུན་ཁང་། 1999ལོའི་ཟླ3པར་པར་གཞི་དང་པོ་ཐེངས་གསུམ་པར་དཔར། ཤོག་ངོས24

[16]དམུ་དགེ་བསམ་གཏན།《བརྡ་སྤྲོད་བློ་གསལ་དགའ་སྟོན》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1985ལོའི་ཟླ7པར་ཐེངས་གསུམ་པར་དཔར། ཤོག་ངོས32

[17]དམུ་དགེ་བསམ་གཏན།《བརྡ་སྤྲོད་བློ་གསལ་དགའ་སྟོན》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1985ལོའི་ཟླ7པར་ཐེངས་གསུམ་པར་དཔར། ཤོག་ངོས34

[18]ཀརྨ་སི་ཏུ།《ཀརྨ་སི་ཏུའི་སུམ་རྟགས་འགྲེལ་ཆེན་མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1987ལོའི་ཟླ6པར་ཐེངས་གསུམ་པར་དཔར། ཤོག་ངོས250

[19]ཞེ་ཆེན་རྒྱལ་ཚབ་པད་མ་འགྱུར་མེད་རྣམ་རྒྱལ།《ཡི་གེའི་བརྡ་དག་གསལ་བར་སྟོན་པའི་བསྟན་བཅོས་བློ་གསལ་མགུལ་རྒྱན་ཅེས་བྱ་བ་བཞུགས་སོ》 སི་ཁྲོན་ཞིང་ཆེན་སྡེ་དགེ་རྫོགས་ཆེན་བོད་ཡིག་སློབ་གྲྭས་པར་དུ་བསྐྲུན་པ། 1986ལོའི་ཟླ6པར་དཔར། ཤོག་ངོས14

[20]ས་བཟང་མ་ཏི་པཎ་ཆེན་བློ་གྲོས་རྒྱལ་མཚན་གྱིས་བརྩམས།《མངོན་པ་ཀུན་བཏུས》སྟོད་ཆ། (ཇོ་ནང་དཔེ་ཚོགས། སྤྱིའི་དེབ་དྲུག་པ།) མི་རིགས་དཔེ་སྐྲུན་ཁང་། 2008ལོའི་ཟླ10པར་པར་གཞི་དང་པོ་ཐེངས་དང་པོར་དཔར། ཤོག་ངོས126

[21]དཔང་ལོ་ཙཱ་བ་བློ་གྲོས་བརྟན་པ།《ཚོགས་གསུམ་གསལ་བ་བཞུགས་སོ》བྲིས་མ། ཤོག་ངོས16

[22]ལྕང་སྐྱ་རོལ་པའི་རྡོ་རྗེ།《དག་ཡིག་མཁས་པའི་འབྱུང་གནས》མི་རིགས་དཔེ་སྐྲུན་ཁང་། 1999ལོའི་ཟླ12པར་པར་གཞི་དང་པོ་ཐེངས་དང་པོར་དཔར། ཤོག་ངོས209

[23]《རྗེ་དམུ་དགེ་བསམ་གཏན་རྒྱ་མཚོའི་གསུང་འབུམ་པོད་དྲུག་པ་བཞུགས་སོ》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1997ལོའི་ཟླ4པར་པར་གཞི་དང་པོ་ཐེངས་དང་པོར་དཔར། ཤོག་ངོས373

[24][25]སློབ་དཔོན་ཐོན་མི་སཾ་བྷོ་ཊ་སོགས།《སུམ་རྟགས་སྙན་གསུམ་གྱི་རྩ་བ》མི་རིགས་དཔེ་སྐྲུན་ཁང་། 2002ལོའི་ཟླ4པར་པར་གཞི་དང་པོ་ཐེངས་དང་པོར་དཔར། ཤོག་ངོས6 ཤོག་ངོས15

[26]བ་སྟན་འགྱུར་ལས་སྒྲ་མདོ་ཤེ་པོད། (དྲན་པའི་ཡེ་ཤེས་གྲགས་པ།《སྨྲ་བའི་སྒོ་མཚོན་ཆ་ལྟ་བུ་ཞེས་བྱ་བ》) སྡེ་དགེའི་ཤིང་དཔར། ཤོག་ངོས278

[27]དམུ་དགེ་བསམ་གཏན།《བརྡ་སྤྲོད་བློ་གསལ་དགའ་སྟོན》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1985ལོའི་ཟླ7པར་ཐེངས་གསུམ་པར་དཔར། ཤོག་ངོས32

[28]ཉན་ཤུལ་མཁྱེན་རབ་འོད་གསལ།《སུམ་ཅུ་པའི་གཞུང་གི་རྣམ་པར་བཤད་པ་གཟུར་གནས་དགྱེས་པའི་གཏམ》སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1986ལོའི་ཟླ་7པར་པར་གཞི་དང་པོ་ཐེངས་དང་པོར་དཔར། ཤོག་ངོས160

[29]ཞེ་ཆེན་རྒྱལ་ཚབ་པད་མ་འགྱུར་མེད་རྣམ་རྒྱལ།《ཡི་གེའི་བརྡ་དག་གསལ་བར་སྟོན་པའི་བསྟན་བཅོས་བློ་གསལ་མགུལ་རྒྱན་ཅེས་བྱ་བ་བཞུགས་སོ》སི་ཁྲོན་ཞིང་ཆེན་སྡེ་དགེ་རྫོགས་ཆེན་བོད་ཡིག་སློབ་གྲྭས་པར་དུ་བསྐྲུན་པ། 1986ལོའི་ཟླ6པར་དཔར། ཤོག་ངོས66

[30]དུང་དཀར་བློ་བཟང་འཕྲིན་ལས།《མཚོ་སྔོན་ཞིང་ཆེན་སློབ་གྲྭ་ཆུང་འབྲིང་གི་བོད་ཀྱི་བརྡ་སྤྲོད་སུམ་རྟགས་སློབ་ཁྲིད་ཀྱི་ཟུར་ལྟའི་དཔྱད་གཞི》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས17

dདོར་ཞི་གདོང་དྲུག་སྙེམས་བློ། 《བོད་ཀྱི་བརྡ་སྤྲོད་རིག་པའི་དོན་འགྲེལ་ཕྱོགས་བསྒྲིགས》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1987ལོའི་ཟླ6པར་པར་གཞི་དང་པོ་ཐེངས་དང་པོར་དཔར། ཤོག་ངོས4

[31]རིན་སྤུངས་པ་ངག་དབང་འཇིགས་གྲགས།《མངོན་བརྗོད་ཀྱི་བསྟན་བཅོས་མཁས་པའི་རྣ་རྒྱན་ཞེས་བྱ་བ་བཞུགས་སོ》མི་རིགས་དཔེ་སྐྲུན་ཁང་། 1999ལོའི་ཟླ4པར་པར་གཞི་དང་པོ་ཐེངས་དང་པོར་དཔར། ཤོག་ངོས196

[32]དཔའ་རིས་སངས་རྒྱས།《བརྡ་སྤྲོད་གསལ་བྱེད་ངག་སྒྲོན》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1998ལོའི་ཟླ9པར་པར་གཞི་དང་པོ་ཐེངས་དང་པོར་དཔར། ཤོག་ངོས3

[33][34]ངག་དབང་བསྟན་དར།《ཡི་གེའི་བཤད་པ་མཁས་པའི་ཁ་རྒྱན་ཞེས་བྱ་བ》མི་རིགས་དཔེ་སྐྲུན་ཁང་། 1999ལོའི་ཟླ3པར་པར་གཞི་དང་པོ་ཐེངས་གསུམ་པར་དཔར། ཤོག་ངོས24 ཤོག་ངོས41

[35]དཔང་ལོ་ཙཱ་བ་བློ་གྲོས་བརྟན་པ།《ཚོགས་གསུམ་གསལ་བ་བཞུགས་སོ》བྲིས་མ། ཤོག་ངོས16

[36]བསྟན་འགྱུར་ལས་སྒྲ་མདོ་ཤེ་པོད། (དྲན་པའི་ཡེ་ཤེས་གྲགས་པ།《སྨྲ་བའི་སྒོ་མཚོན་ཆ་ལྟ་བུ་ཞེས་བྱ་བ》) སྡེ་དགེའི་ཤིང་དཔར། ཤོག་ངོས279

[37][41][43]ས་པཎ་ཀུན་དགའ་རྒྱལ་མཚན།《མཁས་པ་འཇུག་པའི་སྒོ》མི་རིགས་དཔེ་སྐྲུན་ཁང་། 1981ལོའི་ཟླ6པར་པར་གཞི་དང་པོ་ཐེངས་དང་པོར་དཔར། ཤོག་ངོས12 ཤོག་ངོས13 ཤོག་ངོས13

[38]དུང་དཀར་བློ་བཟང་འཕྲིན་ལས།《མཚོ་སྔོན་ཞིང་ཆེན་སློབ་གྲྭ་ཆུང་འབྲིང་གི་བོད་ཀྱི་བརྡ་སྤྲོད་སུམ་རྟགས་སློབ་ཁྲིད་ཀྱི་ཟུར་ལྟའི་དཔྱད་གཞི》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས17

[39][42]དཔང་ལོ་ཙཱ་བ་བློ་གྲོས་བརྟན་པ།《ཚོགས་གསུམ་གསལ་བ་བཞུགས་སོ》བྲིས་མ། ཤོག་ངོས17 ཤོག་ངོས17

[40]དམུ་དགེ་བསམ་གཏན།《བརྡ་སྤྲོད་བློ་གསལ་དགའ་སྟོན》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1985ལོའི་ཟླ7པར་ཐེངས་གསུམ་པར་དཔར། ཤོག་ངོས35

[41]《བོད་ཀྱི་བརྡའ་སྤྲོད་པ་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་མཆན་འགྲེལ་མདོར་བསྡུས་ཏེ་བརྗོད་པ་ངོ་མཚར་འཕྲུལ་གྱི་ལྡེ་མིག་ཅེས་བྱ་བ་བཞུགས་སོ》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1981ལོའི་ཟླ2པར་ཐེངས་གཉིས་པར་དཔར། ཤོག་ངོས58

[42][44]དཔལ་ལྡན་ཆོས་ཀྱི་གྲགས་པ་སོགས།《གཞུང་པོ་ཏི་ལྔའི་རྩ་བ》(དཔལ་ལྡན་ཆོས་ཀྱི་གྲགས་པ། ཚད་མ་རྣམ་འགྲེལ།) ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1996ལོའི་ཟླ11པར་པར་གཞི་དང་པོ་ཐེངས་དང་པོར་དཔར། ཤོག་ངོས42 ཤོག་ངོས17

[43][47]དམུ་དགེ་བསམ་གཏན།《བརྡ་སྤྲོད་བློ་གསལ་དགའ་སྟོན》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1985ལོའི་ཟླ7པར་ཐེངས་གསུམ་པར་དཔར། ཤོག་ངོས35 ཤོག་ངོས36

[45]ས་པཎ་ཀུན་དགའ་རྒྱལ་མཚན།《མཁས་པ་འཇུག་པའི་སྒོ》མི་རིགས་དཔེ་སྐྲུན་ཁང་། 1981ལོའི་ཟླ6པར་པར་གཞི་དང་པོ་ཐེངས་དང་པོར་དཔར། ཤོག་ངོས15

[46]《མཁས་པའི་ཚུལ་ལ་འཇུག་པའི་སྒོ་ཞེས་བྱ་བའི་བསྟན་བཅོས》སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1990ལོའི་ཟླ10པར་པར་གཞི་དང་པོ་ཐེངས་དང་པོར་དཔར། ཤོག་ངོས481

[47]དུང་དཀར་བློ་བཟང་འཕྲིན་ལས།《མཚོ་སྔོན་ཞིང་ཆེན་སློབ་གྲྭ་ཆུང་འབྲིང་གི་བོད་ཀྱི་བརྡ་སྤྲོད་སུམ་རྟགས་སློབ་ཁྲིད་ཀྱི་ཟུར་ལྟའི་དཔྱད་གཞི》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས19

[48][50][53]ས་པཎ་ཀུན་དགའ་རྒྱལ་མཚན།《མཁས་པ་འཇུག་པའི་སྒོ》མི་རིགས་དཔེ་སྐྲུན་ཁང་། 1981ལོའི་ཟླ6པར་པར་གཞི་དང་པོ་ཐེངས་དང་པོར་དཔར། ཤོག་ངོས15ཤོག་ངོས15 ཤོག་ངོས15

[49][54]《མཁས་པའི་ཚུལ་ལ་འཇུག་པའི་སྒོ་ཞེས་བྱ་བའི་བསྟན་བཅོས》སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1990ལོའི་ཟླ10པར་པར་གཞི་དང་པོ་ཐེངས་དང་པོར་དཔར། ཤོག་ངོས482 ཤོག་ངོས482

[50]དམུ་དགེ་བསམ་གཏན།《བརྡ་སྤྲོད་བློ་གསལ་དགའ་སྟོན》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1985ལོའི་ཟླ7པར་ཐེངས་གསུམ་པར་དཔར། ཤོག་ངོས36

[51]དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་ནས་བསྒྲིགས།《ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐའི་གསུང་འབུམ་དཔེ་བསྡུར་མ་བཞུགས་སོ》(35/45)(མེས་པོའི་ཤུལ་བཞག77) ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2008ལོའི་ཟླ4པར་པར་གཞི་དང་པོ་ཐེངས་དང་པོར་དཔར། ཤོག་ངོས138

[52]དཔང་ལོ་ཙཱ་བ་བློ་གྲོས་བརྟན་པ།《ཚོགས་གསུམ་གསལ་བ་བཞུགས་སོ》བྲིས་མ། ཤོག་ངོས17

[53]དམུ་དགེ་བསམ་གཏན།《བརྡ་སྤྲོད་བློ་གསལ་དགའ་སྟོན》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1985ལོའི་ཟླ7པར་ཐེངས་གསུམ་པར་དཔར། ཤོག་ངོས36

[54]དཔལ་ལྡན་ཆོས་ཀྱི་གྲགས་པ་སོགས།《གཞུང་པོ་ཏི་ལྔའི་རྩ་བ》(དཔལ་ལྡན་ཆོས་ཀྱི་གྲགས་པ། ཚད་མ་རྣམ་འགྲེལ།) ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1996ལོའི་ཟླ་11པར་པར་གཞི་དང་པོ་ཐེངས་དང་པོར་དཔར། ཤོག་ངོས74

[55]དཔང་ལོ་ཙཱ་བ་བློ་གྲོས་བརྟན་པ།《ཚོགས་གསུམ་གསལ་བ་བཞུགས་སོ》བྲིས་མ། ཤོག་ངོས18

[56]ས་པཎ་ཀུན་དགའ་རྒྱལ་མཚན།《མཁས་པ་འཇུག་པའི་སྒོ》མི་རིགས་དཔེ་སྐྲུན་ཁང་། 1981ལོའི་ཟླ6པར་པར་གཞི་དང་པོ་ཐེངས་དང་པོར་དཔར། ཤོག་ངོས15

[57]དཔང་ལོ་ཙཱ་བ་བློ་གྲོས་བརྟན་པ།《ཚོགས་གསུམ་གསལ་བ་བཞུགས་སོ》བྲིས་མ། ཤོག་ངོས18

[58]རིན་སྤུངས་པ་ངག་དབང་འཇིགས་གྲགས།《མངོན་བརྗོད་ཀྱི་བསྟན་བཅོས་མཁས་པའི་རྣ་རྒྱན་ཞེས་བྱ་བ་བཞུགས་སོ》མི་རིགས་དཔེ་སྐྲུན་ཁང་། 1999ལོའི་ཟླ4པར་ཐེངས་གསུམ་པར་དཔར། ཤོག་ངོས34

[59]དུང་དཀར་བློ་བཟང་འཕྲིན་ལས།《མཚོ་སྔོན་ཞིང་ཆེན་སློབ་གྲྭ་ཆུང་འབྲིང་གི་བོད་ཀྱི་བརྡ་སྤྲོད་སུམ་རྟགས་སློབ་ཁྲིད་ཀྱི་ཟུར་ལྟའི་དཔྱད་གཞི》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས19

[60]དཔང་ལོ་ཙཱ་བ་བློ་གྲོས་བརྟན་པ་སོགས་ཀྱིས་བརྩམས།《དག་ཡིག་ཕྱོགས་བསྒྲིགས་མུ་ཏིག་ཚོམ་བུ》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1998ལོའི་ཟླ8པར་པར་གཞི་དང་པོ་ཐེངས་དང་པོར་དཔར། ཤོག་ངོས17

[60]《རྡོ་རྗེ་རྒྱལ་པོའི་གསུང་རྩོམ་ཕྱོགས་བསྒྲིགས》ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། 1992ལོའི་ཟླ6པར་པར་གཞི་དང་པོ་ཐེངས་དང་པོར་དཔར། ཤོག་ངོས191

[61]དཔང་ལོ་ཙཱ་བ་བློ་གྲོས་བརྟན་པ།《ཚོགས་གསུམ་གསལ་བ་བཞུགས་སོ》བྲིས་མ། ཤོག་ངོས18

[62]སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་བོད་ཡིག་རྩོམ་སྒྱུར་ཅུས་ཀྱིས་བསྒྲིགས།《སཾ་བོད་སྐད་གཉིས་ཤན་སྦྱར》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1989ལོའི་ཟླ10པར་པར་གཞི་དང་པོ་ཐེངས་དང་པོར་དཔར། ཤོག་ངོས279

[63]དཔང་ལོ་ཙཱ་བ་བློ་གྲོས་བརྟན་པ། 《ཚོགས་གསུམ་གསལ་བ་བཞུགས་སོ》 བྲིས་མ། ཤོག་ངོས19

[64] 《མངོན་བརྗོད་ཀྱི་བསྟན་བཅོས་འཆི་བ་མེད་པའི་མཛོད་ཅེས་བྱ་བ་བཞུགས་སོ》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1983ལོའི་ཟླ8པར་པར་གཞི་དང་པོ་ཐེངས་དང་པོར་དཔར། ཤོག་ངོས15

[65]གངས་ཅན་རིག་མཛོད། དེབ་ཉེར་གསུམ་པ།《ས་པཎ་ཀུན་དགའ་རྒྱལ་མཚན་གྱི་གསུང་འབུམ》གླེགས་བམ་དང་པོ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1992ལོའི་ཟླ12པར་པར་གཞི་དང་པོ་ཐེངས་དང་པོར་དཔར། ཤོག་ངོས517

[66]འཇུ་མི་ཕམ།《མཁས་པའི་ཚུལ་ལ་འཇུག་པའི་སྒོ་ཞེས་བྱ་བའི་བསྟན་བཅོས》སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1990ལོའི་ཟླ10པར་པར་གཞི་དང་པོ་ཐེངས་དང་པོར་དཔར། ཤོག་ངོས484


མཉམ་སྤྱོད།