དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

སྒྲུང་ཐུང་འགྲན་སྡུར་ཁྲོད་བྱ་དགའ་ཨང་དང་པོ་ཐོབ་པའི་བརྩམས་ཆོས།

2024-08-14 19:25:53   |   337

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཕྱི་རོལ་ཏུ་གྲུ་ཆར་དང་རྫི་ཆར་རེས་མོས་ཀྱིས་འབབ། ཁྱོ་བོ་ད་དུང་ཡང་ཕྱིར་མ་ལོག ཁོ་མོས་ནུབ་འཚལ་དུ་སྲན་སྐུད་ཀྱི་ཐུག་པ་ཞིག་བསྐོལ་ཞིང་། ཆར་ཐིགས་གུར་སྟེང་ལ་ལྷུང་བའི་ཐག་སྒྲའི་ཀློང་ནས། ཐུག་པ་འཐུང་ནས་མཇུག་མཐའི་དཀར་ཡོལ་གང་དུ་བསྐྱལ། ཐབ་ཏུ་མེ་ལྕེ་འུར་འུར་དུ་འབར། ཐུག་པར་ཧུབ་འགའ་བཏབ་རྗེས།ལག་ཏུ་མེ་ཡོག་ཐོགས་ཤིང་མེ་འབྲུ་ཞོར་དུ་ཡར་སྒྱེད་ཀྱི་འཛོང་ཁུག་ཏུ་གཉིད་ལ་ཡུར་བའི་བུ་ཆུང་གི་ཕྱོགས་སུ་ལྟ།དེ་ནས་སླར་དཀར་ཡོལ་བསྐྱོར་ཏེ་ཐུག་པ་འཐུང་།

གོ་ཁ་བགས་ཀྱིས་གྲང་ཤུ་རེར་སོང་ཞིང་། ཐུག་པ་དཀར་ཡོལ་གང་བོ་སྔ་ནས་རྫོགས་ལ། གཉིད་ལྕོག་ཐ་ནེ་ཐུན་ནེ་ཡང་གཞི་ནས་མགོ་བརྩམས།

ཁྱོ་བོ་ཉིན་རེར་ཕྱིར་མི་ལོག་དུས་མེད་མོད། ལོག་པ་ཧ་ཅང་འཕྱི་སྟེ། ཧ་ལམ་དགུང་ནས་སྐར་མའི་སྐར་གྲལ་འགྲིག་པའམ། ཟླ་བ་ཚེས་ཏེ་རྩྭ་རྩེའི་ཟིལ་བའང་ཐང་ལ་འགྲིལ་བའི་ཚོད་ཅིག་ལ་ད་གཟོད་ལོག་གི་ཡོད། ད་ནི་རྒྱང་རིང་གི་རི་བོ་རྩེ་གསུམ་གྱི་རི་དབྲག་ནས། འཕྲུལ་རྟའི་གློག་འོད་ལམ་ལམ་མཐོང་ན་མ་གཏོགས། ཁྱོ་བོ་ཁྱིམ་དུ་བརྟོལ་འོང་བར་སྔ་ལྟས་གང་ཡང་མེད།

ནམ་ཞར་ཁྱོ་བོར་སྒུག་སྐབས། མོ་རང་སེམས་མི་བདེ་བྱ་སྤུ་རླུང་གིས་ཁུར་བ་འདྲ་སྟེ། རྩྭ་ཐང་དུ་ས་རུབ་ན་སྤྱང་དམག་གི་འཇིགས་པ་ཆེ། ད་དུང་འཕྲུལ་རྟའི་བརྡབ་གསིག་རྒོད། ཚེ་ཟད་ན་ཆང་གིས་ར་རོར་གྱུར་ཡོད་ཀྱང་སྲིད། སེམས་ཁྲལ་གཅིག་ལས་གཅིག་ལྷག་ཡོང་ཐེངས་རེར། ཁོ་མོས་གསོལ་འདེབས་བྱེད་ཅིང་།  པང་གི་བུ་ཆུང་གི་དཔྲལ་བར་མཆུ་གླན་ནས་མགོ་ལ་བྱིལ་བྱིལ་བྱེད། བུ་ཆུང་འདི་མ་གཞི་ཁྱོ་བོ་ཡུལ་ལ་སྡོད་དུས། ངུ་ཁ་སློང་རོགས་བྱས་ཀྱང་མི་ངུ་བ། ཁྱོ་བོ་ཡུལ་ནས་བྲལ་ན། པང་དུ་བཟུང་། ནུ་མ་བསྣུན། ངུ་ཁ་ལེན་པ་སོགས་ལེགས་ལེགས་གང་འདྲ་བྱས་ཀྱང་མི་ཡོང་། མོ་རང་ཟོག་ཁ་ལེན་དུ་འགྲོ་ན།ཅིས་ཀྱང་བུ་ཆུང་འཛོང་ཁུག་ཏུ་གཅུད་ཅིང་རྒྱབ་ལ་བསྡམས་ཏེ་འགྲོ། ཆུང་དུས་ཨ་མའི་ངག་ནས་མི་ལ་ཙི་ཙི་ཞེས་པའི་འདྲེ་ཕྲུག་ཅིག་ཡོད་པ་ཐོས་ཤིང་། དེས་ཕྲུ་གུ་རྣམས་རྩེད་རོགས་སུ་བསླུས་ཏེ་ཁ་སྣ་ཀུན་ལ་ས་རྡོ་བརྫངས་ཏེ་གསོད་པ་རེད་ཟེར་བས། མོ་རང་སྤྱིར་འདྲེ་ཟེར་བ་ལ་དེ་ཙམ་མི་ཞེད་ཀྱང་། མི་ལ་ཙི་ཙིའི་གཏམ་རྒྱུད་ལ་ཡིད་ཅུང་ཙམ་རྟོན་གྱི་ཡོད།

ཐབ་ཏུ་ཨོང་རྡོག་འགའ་དེད་རྗེས། གུར་གྱི་སྒོ་ཡོལ་ཕྱེད་ཅིག་བཀྱགས་ཏེ་རྒྱང་རིང་གི་ཕྱོགས་སུ་བལྟས། མུན་པ་ནག་ཐིང་ཐིང་གི་ཀློང་དུ་འོད་ཀོར་ཙམ་ཡང་མི་མངོན་ལ། ཆར་ཟམ་ཟིམ་གྱི་རྒྱུན་ལ་སྔར་བཞིན་ཆད་པ་མེད། ལམ་ཁར་འདམ་ལངས་ནས་ཁེགས་མི་འགྲོའམ། འཕྲུལ་རྟ་ནན་ཏན་གྱིས་མ་བསྐོར་ན་དངོས་གནས་འདྲུད་ཉེན་ཆེ་ཨང་།དཀར་ཡོལ་དུ་འོ་ཇ་བླུགས་ཏེ་གོ་ཁ་རུ་ཙོག་འདུག་བྱས། ཐབ་ལས་མེ་ལྕེ་རེས་ཀྱིས་མཆེད། ཇ་དེམ་གྱིས་ཀྱང་གཞས་འཐེན། འབྲུག་ལྡིར་ཐོག་རྒྱག་ལ་ཁོང་འདར་ཕྲན་བུ་ཤོར་ཅིང་། གུར་མཐའ་ནས་ལྷགས་པ་ཤུར་ཤུར་ལྡང་ལ་གུར་འདབས་ཅུང་ཙམ་རལ་བ་དེ་རླུང་གིས་སྐྱོད་པའི་དར་ལྕེ་བཞིན་ཕེག་སྒྲ་འབྱིན།རས་གུར་འདི་ཡང་ད་ནི་རྙིང་འདུག་ཅིང་འདིའི་ནང་གི་འཚོ་བའང་རྙིང་བཞིན་འདུག གུར་ཀླད་ཀྱི་དུད་ཁུང་ཕྱུང་ས་དེ་རལ་ཐེངས་བགྲང་གིས་མི་ལངས་ཤིང་། དབྱར་ཟླ་གསུམ་པོར་ཐེངས་བཅུ་གྲངས་ལ་འཚེམ་དགོས།

དཀར་ཡོལ་ཁ་ལ་ཁྱེར་ནས་འཐུང་རྩིས་བྱེད་དུས། འབུ་མེ་ལྕེབས་ཤིག་གི་བེམ་རོ་ལྟེམ་མེར་འཁྱིལ་བའི་ཇ་ཁ་རུ་བརྒྱངས་འདུག འབུ་ཚེ་ཟད་མེ་ལ་ལྕེབས། ད་ཆ་ཆུ་ལ་ཡང་ལྕེབས། མོས་མཆུ་ཀྲབ་ཀྲབ་ཅིག་བྱེད་ཞོར་འབུ་རོ་མདུན་གྱི་ཐལ་ཁུང་དུ་འཕངས་ཤིང་། ངང་རིང་མོས་འོ་ཇ་ལ་ཧུབ་གང་བཏབ།རུམ་ལ་གློངས་གློངས་ཏེ་ཕྲེང་ཀོག་ཅིག་བཏོན་ཡོང་། བླ་མའི་ཞལ་ནས། ཁྱོད་ཀྱིས་བེའུའི་ནུ་སྐལ་བཅད་བཅད་པས་སྡིག་སྒྲིབ་ཆེ། ཁོམ་ལོང་ཙམ་བྱུང་ན་མ་ཎི་ཐོན་གསུངས་ཡོད་པས། མོས་ཁྱོ་བོར་སྒུག་པའི་དུས་ཚོད་དུ་མ་ཎི་བགྲངས་ཏེ་ཉེས་པ་འཆགས་པ་ཡིན་ལ། ཉུང་མཐར་ཕྲེང་སྐོར་ཉི་ཤུ་ཙམ་གཉིད་ལྕོག་དང་མཉམ་དུ་བགྲང་ནུས། མོས་སླར་ཡང་ཐབ་ཁུང་དུ་ཨོང་བ་འགའ་དེད་ཅིང་། སྒོ་ཡོལ་བཀྱགས་ཏེ་ཕྱི་ལ་བལྟས་ཀྱང་ཡོད་ཚད་སྔར་བཞིན་ནག་རོག་རོག་ཏུ་སྣང་བ་ལས་ཅི་ཡང་མ་མཐོང་།

ད་ནི་བུ་ཆུང་ཡང་ལྟོགས་ཀྱི་མེད་དམ་སྙམ་པའི་མོད་ལ། བུ་ཆུང་ཡང་ཏག་ཏག་ངུས་བྱུང་། གུར་ཆུང་འདིའི་ལྷིང་འཇགས་དཀྲོག་མཁན་ནི་བུ་ཆུང་འབའ་ཞིག་སྟེ། གཅིག་བྱས་ན་དགོད་སྒྲས་དཀྲོགས་ལ། ཡང་གཅིག་བྱས་ན་ངུ་སྐད་ཀྱིས་དཀྲོགས་པར་བྱེད། ནུ་མ་བསྣུན་རྗེས་བུ་ཆུང་སླར་གཉིད་ལ་ཡུར།གཉིད་གུང་ན་ཡང་འཛུམ་ཆུང་ཉིལ་ལེར་བྱེད། བུ་ཆུང་འདི་འཇིག་རྟེན་དཀར་ངོགས་ཀྱི་མགྲོན་པོར་སླེབས་པ་ནས། ཁྱོ་བོས་ཀྱང་མོ་ལ་སྙིང་ཉེ་ཉེ་བྱེད། ཁ་ཐག་སྔར་ལས་བསྟུངས། ཆང་གིས་བཟི་ཡང་མོ་ལ་གཤེ་གཤེ་མི་གཏོང་ཞིང་ཆང་གྲོགས་འདུ་རུབ་ཀྱང་བསྙུངས།

མོས་མ་ཎི་ཕྲེང་སྐོར་ལྔ་ཙམ་བགྲངས་གྲུབ་མཚམས་སུ་ཕྱི་རོལ་གྱི་ཆར་རྒྱུན་ཡང་ཆད། སྨག་ཆེན་ཡང་ཅུང་ཟད་གསལ་དུ་སོང་བ་འདྲ། མེ་འུ་རུ་རུ་ཞིག་བུས་ན་འགྲིག་མོད་ཨོང་བ་མ་བསྲིས་ན། དོ་ཚིགས་དབྱར་ཁའི་ཆར་ཞོད་ཀྱིས་ཨོང་བ་མང་པོ་སྒྲུག་ལོང་མ་བྱིན་པས། དགུན་རྡོ་བ་འགས་པའི་གཞུང་ལ་ཅི་ཞིག་འབུད་དམ། ཧྲག་འདབས་ནས་བསེར་བུ་ཤུར་ཤུར་དུ་ལྡང་།

ཁྱོ་བོ་ཡུལ་ན་ཡོད་དུས་ཉུང་། བུ་ཆུང་ཡང་ཕྲུ་གུ་དམར་འབྱར་ཞིག་ཡིན། མོ་རང་ཕྱིར་ཕ་ཁྱིམ་དུ་ལྡོག་ན་མ་གཏོགས། སྐྱིད་སྡུག་ཞུ་ས་སུ་ཡང་མེད། སྨན་པས་ནད་པ་ལ་ནད་རྟགས་འདྲི་བ་བཞིན། ཨ་མས་རྟག་པར་མོ་ལ་གནས་ཡུལ་གྱི་སྐྱིད་སྡུག་འདྲི། མང་ཤས་མ་སེམས་བུ་མོར་ཐོགས་ཏེ་འདྲི་ཞིང་། རེ་འགའ་ནི་བླ་འཚག་ཆེད་དུ་འདྲི་བའང་ཡོད། མོ་རང་གཏི་ཐུག་ཏུ་གྱུར་པ་མིན་ན། ངན་སྨྲས་ལུང་པ་གང་བསྐྱུགས་ཏེ་ཁྱོ་བོའི་བླ་མི་རྫོད། ཡིན་ཡང་། གནས་ཚུལ་གཉིས་གསང་ན་གསང་གོ་མི་ཆོད་ལ། གསང་སྙིང་ཡང་མ་མཆིས་ཏེ། ཁྱོ་བོ་ཡུལ་ན་ཡོད་དུས་ཉུང་བས། ཁྱིམ་ཐབ་སྐྱོང་རོགས་མི་ཡོང་བ་དང་། མཚན་མོ་ཐོག་ཐག་ལ་སྔུར་བ་ལྡར་ལྡིར་འཐེན་ཏེ། མོ་ལ་གཉིད་གླགས་མི་སྟེར་བ་འདི་གཉིས་ཨ་མ་ལ་ཞུས་ན། སྔ་མ་དེར་ཨ་མས་ཁྲོ་གཉེར་བསྡུས་ཏེ“གླང་ལྟོ་བེའུའི་ལས་རང་རེད། ནང་འདི་འཁོས་ཆུང་ཁ་ཐབས་ཞན་པ་ཡང་། ཁྱོ་བོས་རང་འཁྲི་མ་ཐེག་པ་ལས་འོང་། ངན་ཁག་ཡོད་རྒུ་ཁོ་ལ་ཡོད”གསུངས། ཕྱི་མ་དེར་བཞིན་འཛུམ་གྱིས“ཅིས་ཀྱང་མི་འོང་ན། ལྷམ་ཀོག་གིས་གཉིད་ཉལ་བའི་མགོ་ལ་གཞུས་དང་འགྲིག”ཅེས་ཀྱལ་ཀའི་ཚུལ་དུ་གསུངས།

གློ་རྡེག་ཏུ། མར་སྒྱེད་ཀྱི་གྲུ་གའི་སླང་ཁྲི་ལས་སླ་ང་གཉིས་ཆབ་ཆོབ་ཏུ་ཐང་ལ་ལྷུང་། གུར་ཡང་ཡམ་ཡོམ་དུ་འགུལ་ནས་བུ་ཆུང་ཡང་གཉིད་ལས་དཀྲོགས་ཏེ་ངུ་སྐད་ལྷང་ལྷང་ལྷང་བྱེད། མོས་བུ་ཆུང་གི་ངུ་ཁ་རོབ་ཙམ་བླངས་རྗེས། སྒོ་ཕྱིར་ཐོན་ཏེ། རང་མལ་རྟ་རྡང་ནས་མི་སྡོད་པར་གུར་གྱི་གྲུ་གདོང་ལ་འཕྲུག་སྟེ། གུར་ཆུང་སྒྱེལ་ལ་ཁད་བྱེད་པའི་ཐོ་རུ་གཉིས་པོ་ཕར་བདས། ཕར་སྣེ་ཡི་རྟ་རྡང་ན། རྒོད་མས་རྔ་ཚུབ་བྱེད་ཀྱིན་མོ་ཕྱོགས་སུ་ལྟ་བའི་ཚུལ་དེས། བདག་མོ་ལས་ངན་མ། ད་དུང་ཉལ་མེད་དམ་ཞེས་སྙིང་རྗེ་རྗེ་བྱེད་པ་འདྲ།

དཀར་གསལ་གྱི་ཟླ་བ་སྒོར་ཕྱེད་འདྲ་བ་ཞིག་རི་བོ་རྩེ་གསུམ་གྱི་རི་ཟུར་ནས་ཡར་ཡར་འཕགས། སྐར་ཚོགས་ཀྱི་མིག་ཟུང་ཡང་ཁྱོད་མི་ཉལ་ན་ངེད་ཅག་ཀྱང་ཉལ་གྱི་མིན་ཞེས་འབྱེད་མུས་སུ་བདོག འོན་ཀྱང་། འཕྲུལ་རྟའི་གློག་འོད་ནི་ད་དུང་ཡང་མིག་གི་རྒྱ་ལ་མ་བབས་པས། གཟའ་དང་སྒྲ་གཅན་གྱིས་ཟླ་བ་མ་ཟོས།སྐར་མ་མ་ཟོས། འཕྲུལ་རྟའི་གློག་འོད་གཅིག་པུ་ཁྱུར་མིད་བྱས་པ་འདྲ་ཞིང་། ཕྱི་རོལ་གྱི་ལྷགས་པ་མི་རྒོད་ཀྱང་སྟོན་མགོ་མའི་བསེར་བུ་ལ་གྲང་ངར་སད་སུད་ཅིག་ངང་ངམ་ཤུགས་སུ་འདྲེས་པས། ཨོང་བ་སྤར་མོ་གང་བཏུས་ཏེ། ཐབ་ལྕེ་ནས་ནང་དུ་བསྣུར། བུ་ཆུང་ནི་རང་ཉིད་འཇིག་རྟེན་འདི་དང་འབྲེལ་བ་སྤུ་ཙམ་ཡང་མེད་པའི་ཟོལ་གྱིས་གཉིད་ལ་རོལ་འདུག མོས་ཕྲེང་ཀོག་གི་མདོ་འཛིན་ནས་གྲངས་རྟགས་བར་དུ་རེ་རེ་བཞིན་དེད་དེ་བརྩིས་པས། ཏག་ཏག་ཕྲེང་སྐོར་བཅོ་བརྒྱད་བགྲངས་འདུག་ལ། བལྟས་ཡོང་ན་དོ་ནུབ་འདི་ལྟར་ཕྲེང་སྐོར་བཞི་བཅུ་ཞེ་གྲངས་ཤིག་བགྲང་དགོས་པ་འདྲ། མེ་རྒོད་རྟ་རྒོད་བཞིན་དུ་འབར་ཞིང་། གདོང་པའང་ཚ་ལམ་ལམ་བྱེད།

འོ་ཇ་དཀར་ཡོལ་གང་ཕྲེང་སྐོར་གསུམ་འགྲུབ་རག་གི་བར་དུ་བསྟེན། ཉལ་ཁར་ཆུ་མ་མང་། འཆི་ཁར་གཏམ་མ་མང་ཟེར་མོད། ད་ཀོ་ཉལ་ཁ་ཡང་ཚོད་ཀྱིས་མི་ཐུབ་པས། སླར་ཡང་ཇ་དཀར་ཡོལ་གང་བླུགས། ད་ནི་གོ་ཁ་རུ་ཙོག་ཡུན་རིང་བས་ཡར་ལངས་ཚེ་སྒྱེ་ཕད་ལྕི་མོ་ཞིག་འདེགས་པ་འདྲ་ཞིང་ཕྱིར་གོ་ཁའི་པགས་གདན་དུ་ཙོག་ན་ཡང་སྒྱེ་ཕད་ཅིག་ཐང་ལ་ཆོབ་ཀྱིས་འཕངས་པ་དང་འདྲ། བུ་ཆུང་མ་སྐྱེས་པའི་སྔ་རོལ་དག་ཏུ། ལུས་ཚགས་བཟང་ལ་སྒེག་ཀྱང་མི་དམན་པ་ཡོད།

ཐབ་མེ་འུར་འུར་དུ་འབར་ནས་སྣ་རྩེ་ནས་རྔུལ་ཆུ་འབུད་པ་ཙམ་དུ་དྲོ། མ་ཎི་བགྲང་མཚམས་ཕར་ཚུར་གྱི་ཕྲེང་རྡོག་དག་གཞོགས་གཞོགས་སུ་དེད་ཅིང་། ཕྲེང་མཚམས་སླར་མི་འདྲེས་པར་བྱས་ཏེ་བུ་ཆུང་གི་སྟེང་སོར་བཞག མ་གཞི་དམར་ནག་ཡིན་ཡང་ད་ནི་དམར་ཞད་ཡལ་བའི་ནང་གོས་ཀྱི་སྒྲོག་གུ་དག་རེ་རེ་བཞིན་བཀྲོལ། གོང་ཁའི་སྒྲོག་གུ་གཉིས་པ་འགྲོལ་དུས། གཞོན་ནུ་མའི་འཁྲིལ་བག་དང་སྒེག་ཆོས་དེ་གཞི་ནས་ལོ་ཟླའི་ཀློང་དུ་བསྟིམས་པ་དམར་རྗེན་དུ་མཐོང་ཐུབ། ནང་གོས་རྣམས་ཧྲག་འདབས་ན་ཀྲོང་ངེར་བསླངས་པའི་ཨོང་སྒྱེའི་སྟེང་འགེལ་དུས། སྦལ་བ་ནག་ཆུང་ཞིག་སྒྱེ་འགྲམ་ནས་ཕར་ཕར་འཕྱེ་བ་མཐོང་། གོ་ཐོས་སུ་བྱིས་པ་རློན་ནུ་ཡིན་དུས་སྦལ་བ་ཁ་ནང་དུ་འཚུད་རབས་ཟེར་བས། མོས་མེ་ཐོམ་གྱིས་སྦལ་བ་བསྒྲུགས་ཏེ་སྒོ་ཕྱིར་ཕུད། ནང་ནས་ཉི་ནུས་གློག་ཏོག་སེར་ཆུང་གི་འོད་ཞགས་ཁོ་མོའི་གདོང་ལ་འཕྲོ་བ་ཇི་བཞིན། ཕྱི་རོལ་དུ་རི་ཐང་དང་རྟ་ནོར་རྣམས་ཟླ་འོད་ཀྱི་ཁྲུས་ལ་རོལ། དཀར་ཐིང་ཐིང་ཡུག་ཅིག་ལ། ནོར་གནག་གིས་སོ་སྒྲ་ཐྲིག་ཐྲིག་ཏུ་འཆའ། རི་ཐང་འདིའི་མིག་གིས་ཟིན་ཚད་དུ་གུར་ཆུང་ཞིག་མཐོང་མི་དཔེ། དཀར་གསལ་ཟླ་འོད་འོག་ཏུ། གུར་ཆུང་གི་དུ་ཁུང་ལས་དུ་བ་འཁྲིགས་པའང་ཡམ་རེ་མཐོང་། ཐག་རིང་གི་ན་སྤང་ནས་བར་བར་དུ་ཝ་བརྒྱལ་བའི་སྐད་ངན་ཡང་རྣ་ལ་འཁོར་ཡོང་། ཝ་མི་བརྒྱལ་ཀ་མེད་འདྲེ་མོའི་འགྲམ་ལྕག་ཅེས་པ་ཡིད་ལ་ཤར་ཏེ་དར་ཅིག་ལ་ཉྭ་ཡང་ཞུམ་པའི་ཚོད་དུ་སླེབས། འོན་ཀྱང་། ཁ་ལ་ཏཱ་རེ་འགའ་བསྟུད་དེ་བླངས་པས་དངངས་སྐྲག་ལམ་སང་ཉི་འོག་གི་ཁངས་ལྟར་ཞུ།

བུ་ཆུང་གི་ངུ་སྐད་ཐོག་རྒྱག་ཏུ་མཆེད་ཡོང་བས། མོ་རང་བྲེལ་བྲེལ་འཚུབ་འཚུབ་ཀྱིས་གུར་ནང་དུ་བརྒྱུགས། ཐབ་ཀྱི་ཇ་ལྷོག་ལྷོག་ཏུ་འཁོལ་ཅིང་འཕྱུར་བ་ལས་ཆུ་ཁོལ་ཐིགས་པ་ཞིག་བུ་ཆུང་གི་དཔྲལ་བར་ཕོག་པས། ཐབ་ཀ་དང་རྒྱང་ཅུང་ཆོད་པས་དེ་འདྲ་ཚབས་ཆེན་པོ་མེད་སྙམ་ཡང་། བུ་ཆུང་ནི་ངུ་ཁ་བླངས་ཀྱིན་བླངས་ཀྱིན་ཇེ་ངུ་རུ་སོང་གཤིས། རེ་ཞིག་མོའང་གཏོལ་མེད་དུ་ཆགས་ཏེ། རྩམ་སྒམ་ལས་རྩམ་པ་སྣེ་སེལ་ཙམ་ཐོད་པར་དབྱིས། དེས་ཀྱང་མི་འོང་བ་འདྲ་བས། མར་ཉུང་ངུ་བྱུགས། གང་ལྟར་འཕྲལ་སྐྱོབ་ཀྱི་རྔོ་ཐོགས་པའམ། བུ་ཡང་ངུས་ཏེ་ཐང་ཆད་པ་གང་ཡིན་མ་ངེས་པར་མཚམས་ཤིག་ནས་ངུ་མཚམས་ཆད་ཅིང་། ངུ་མཚམས་ཆོད་དུས་གཉིད་ཀྱང་ལོག་འདུག དཔྲལ་བའི་གོང་ཏག་ཏག་ཏུ། དམར་གོར་ཞིག་བབས་པའང་ཕུར་ཕུར་ཏེ་བཟོས་པ་ལས། ཆུ་ཁོལ་གྱིས་བསྲེགས་པ་མིན་འདུག་ཀྱང་། ཁྱོ་བོ་སླེབས་ན་ཅིས་ཀྱང་ལེ་ལན་འདེད་སྲིད་ཅིང་།“ཕ་རོ་ཟ་རྒྱུ། བུ་ཡང་སྲུང་མི་ཐུབ་པ་ག་རེ། ཁྱོད་རང་འདྲེ་ཡིས་བཏགས་སམ”ཞེས་ངར་སྐད་དབྱུང་ངེས།    སྒོ་རླུང་བསྟུད་བསྟུད་ལ་ལྡང་ཡོང་བས། གུར་གྱི་ནང་སོར་དུ་བ་བན་བུན་འཁྲིགས། མཁུར་ཀོང་ནས་མིག་ཆུ་ཁྲོམ་ཁྲོམ་དུ་འགྲིལ་བ་ལག་རྒྱབ་ཀྱིས་ཕྱིས་རྗེས། མལ་ཐུལ་རྙིང་སོང་ཞིག་གིས་སྒོ་ཡོལ་གྱི་ཚབ་ཏུ་གུར་སྒོ་བཅད།

ཨ་ཁ་ཁ། ཕྲེང་བའི་གྲངས་རྟགས་འཁྱོལ་ཏེ། ཕྲེང་སྐོར་བཞི་པའི་མཚམས་སུ་བཀག་འདུག ད་བྱས་ན། དུས་ཚོད་ཀྱི་གོ་འཛོལ་བ་མིན་ནམ། ཕྲེང་བ་བགྲངས་པ་ནི་བླ་མས་གསུངས་པ་ལྟར་ཉེས་པ་འཆགས་བྱེད་ཡིན་ཡང་། མོ་ལ་མཚོན་ན། ད་དུང་དུས་ཚོད་བརྟག་བྱེད་གཅིག་པུའང་ཡིན།

ཕལ་ཆེར་ཕྲེང་སྐོར་ཉི་ཤུ་བགྲངས་པའི་ཚོད་ཅིག་ཡིན་ཀྱང་ཁྱོ་བོ་ད་དུང་སླེབས་རྒྱུ་མ་བྱུང་། སླར་ཡང་ཉི་ཤུ་བགྲངས་ན། ཁྱོ་བོ་བསླེབ་ཡོང་ངམ། དེ་དུས་མ་སླེབས་ན། གཞི་ནས་ཕྲེང་བར་ལྟོས་ཤིང་ཁྱོ་བོ་སླེབ་མིན་ལའང་ལྟོས་པའི་ནམ་ཚོད་འཛིན་སྟངས་འདི་ལ་གོ་འཛོལ་གནམ་སའི་བར་ཁྱད་ལྟ་བུ་འབྱུང་ངེས། ཨ་ཙི། གཅིག་བྱས་ན་ཕྲེང་སྐོར་ཉི་ཤུ་ལོངས་མེད་པ་འདྲ། བར་གླགས་སུ་བུ་ཆུང་གི་ངུ་ཁ་བླངས་པ་དང་། སྒོ་ལའང་རེབ་ཐེངས་འགའ་ཤས་བུད་པ་མ་ཡིན་ནམ། ད་དུང་། སེམས་པ་གང་སར་འཕྱན་ཏེ། ཕྲེང་བ་མ་བགྲང་བའང་ལན་རེ་ཡོད་པས། ཕྲེང་སྐོར་ཉི་ཤུ་ལོངས་མེད་ལས་ཀྱང་ཆེ། དུས་ཚོད་བརྟག་པ་ལ་འཕལ་ཀ་འཕྲོད་པའི་མོ་རང་གི་དྲན་པ་ཟ་ཟི་དེ་ཡང་རིམ་གྱིས་མག་མོག་ཏུ་སོང་བ་སྟེ།  སྒོ་ཕྱིར་ག་ཚོད་ཐོན་པ་མི་དྲན་ལ། སེམས་པ་འཕྱན་ཏེ་ཕྲེང་བ་མ་བགྲང་བའི་ཐེངས་གྲངས་ཀྱང་ག་ནས་དྲན། ངལ་དུབ་ཀྱི་རླུང་གིས་མོ་རང་ཀུན་ནས་གཡོ། སེམས་ངལ་དང་ལུས་དུབ་ཀྱིས་ཡོངས་སུ་བཏུམས་ཏེ་རིག་པའང་བློང་བློང་བོར་གྱུར།

ཕྲེང་སྐོར་ལ་ལྟོས་པའི་ནམ་ཚོད་འཛིན་སྟངས་དེ། ད་བྱས་ན་འོང་གི་མི་འདུག མོས་སླར་ཡང་ཉེ་གམ་གྱི་འགྱུར་བ་རགས་ཤིང་རྒོད་པའི་དངོས་པོ་ཞིག་ལ་ཚད་བཅལ་ཏེ། ནམ་གུང་དུ་སླེབས་མིན་ལ་བརྟག་དགོས་སྙམ། བུ་ཆུང་ལ་ནུ་མ་སྣུན་པའི་དུས་ཚོད་ཡོལ་བ་མ་གཏོགས།    དེས་ཀྱང་ནམ་ཚོད་ཅིག་འཛིན་བཏུབ་ངེས། ཁྱོ་བོའི་སློག་པ་སློག་རྒན་རྒྱབ་ཏུ་གཡོགས་ཏེ། གོ་ཁ་རུ་ཙོག་གེར་བསྡད། ཕྲེང་བ་བགྲང་ཞོར་དུ་གཉིད་ལྕོག་ཀྱང་ཐན་ཐུན་རྒྱག་ལ། གཉིད་ལྕོག་གི་ཞོར་དུ། དུས་རྟོག་ཏུ་ཅི་ཞིག་འོས་པའི་མནོ་བསམ་ཡང་བར་མི་ཆད། སྐྱ་རེངས་རེངས་སུ་གྱུར་པའི་ལག་གཡས་ཐབ་འཁྲིས་སུ་བསྲིངས་ཏེ། དཀར་ཡོལ་ནང་གི་ཇ་འཁྱག་ཐལ་ཁུང་དུ་འཕོ་དུས། གཅིན་བྲོ་བ་ཞིག་དབང་མེད་དུ་བྱུང་ལ། དེ་དང་བསྡོངས་ཏེ། དུས་རྟོག་ཏུ་ཕྱི་ནས་ཟླ་བར་བལྟས་ན་འོང་བའི་བློ་བཀོད་ཀྱང་། ཡིད་ངོར་ཝ་ལེ་ཝ་ལེར། ཏག་ཏག་ནམ་ལངས་པ་ལྟ་བུ་བྱུང་།

ཕྱི་ན་གངས་མ་ཆར་སྐྱ་ཁྲོམ་ཁྲོམ་དུ་འབབ། མཐོ་སྒང་དུ་ནམ་ཟླ་སྟོན་ཀའི་སྒང་ལ་ཁ་བ་འབབ་པ་ནི། ཧང་སང་དགོས་མེད་པའི་རྒྱུན་ཁྲིགས་ཀྱི་བྱ་བ་ཞིག་རེད། རྒྱང་རིང་གི་རི་བོ་རྩེ་གསུམ་ནི་བུ་ཡུག་གི་ཀློང་ན། བརྗིད་ཆགས་ཚར་དུ་དངར་བ་ལ། ཕག་གི་ཟླ་བ་གར་སོང་མ་མཆིས་པས།  དུས་རྟོག་རེ་ཡང་འབྲས་མེད་དུ་སོང་། འཇིག་རྟེན་གྱི་བས་མཐར་སྤྱུགས་པའི་ཁེར་ཧྲེང་ཧྲེང་གི་སྣང་བ་སྐྱུར་མོ་ཞིག་གིས་ཁོ་མོའི་ཡ་ཆུང་ཧོབ་ཀྱིས་བརྟོལ་ཏེ། མཐར་མིག་ཀོང་དུ་མཆི་མའི་ཚུལ་གྱིས་ཉིལ་ལེར་བབས། སེམས་པ་སྐྱོ་དུས་སྐྱོ་དུས། མོས་རང་གི་ལས་དབང་ལ་ཕྱིར་བལྟས་སློག་གིན་ཡོད།  ལས་ཅན་ནང་གི་ལས་ངན་མ། ལས་བཟང་ན་ཁྱིམ་གྱི་བདག་མོ། ལས་ངན་ན་བདག་མོ་ཁེར་འདུག

གཅིན་པ་བཏང་ཤུལ་ནི་ཁ་བའི་ནང་ན་ནག་གོར་རེར་འདུག ནག་གོར་རེ་དེ་སྔར་བཞིན་ཇེ་ཆེ་ནས་ཇེ་ཆེར་འགྱུར་བ་ནི། ཤྭ་འོད་ཀྱིས་གླེ་ཁུག་དང་གྲམ་ཁ་ལ་ཆགས་པའི་མི་སྡེ་ཞིག་འཇོམས་པ་དང་མཚུངས། མོས་ཡུད་ཅིག་ལ་གཅིན་ཤུལ་གྱིས་ཁ་བ་ཇི་ལྟར་རྨེག་མེད་དུ་བཟོ་བ་ལ་ཅེ་རེར་ལྟ།  ཨ་ཧ་ཧ། ཁྱོ་བོར་སྒུག་པའི་དུས་ཚོད་ཀྱང་འདི་ལྟར་བཞུད་འགྲོ་བ་མ་ཡིན་ནམ། ཁ་བ་གཅིན་ལ་འཐིམས། འོ་ན་དུས་ཚོད་གང་ལ་འཐིམས། རྡོག་ཞབས་ཀྱི་ས་ལ་འཐིམ་མམ། མགོ་ཐོག་གི་གནམ་ལ་འཐིམ། ཡང་ན། རླུང་ཁར་ཡན་པའི་གུར་ཆུང་གི་འདབས་ཁ་རལ་བོ་ལྟར། རླུང་ལ་འཐིམ། མཆིལ་ཞགས་དང་ཁ་བའི་འདབ་མས་སྔ་གཞུག་རྩོད་ཀྱིན་ཁོ་མོའི་མིག་མཐའ་གྱི་ལེར་བསྐོར།    མགོ་བོ་ནང་ལ་གུག་ཙམ། ལག་རྒྱབ་ཀྱིས་འཇམ་ཞུམ་མེར་མིག་མཐའ་ཕྱིས་ཏེ། རི་བོ་རྩེ་གསུམ་གྱི་ཕྱོགས་སུ་བལྟས་པར། འཕྲུལ་རྟའི་གློག་འོད་ནི་སྔར་ལྟར་གང་གི་གང་ཞིག་རེད། ཁྱོ་བོ་ད་ཕྱིར་མི་ལོག་པ་འདྲ། མ་ལོག་ནའང་དགའ། འཕྲུལ་རྟའི་འཁོར་ལོ་གངས་ཤུད་ཐེབས་ན། བརྡབ་སྐྱོན་ཞིག་འབྱུང་མི་འབྱུང་ལ་ཐེ་ཚོམ་གང་ཡང་མེད། མོས་དེ་ལྟར་སྙམ་ཞོར་ཕྱིར་གུར་ནང་ལ་འཛུལ། ཨོང་བ་སྒྱེ་ཕད་གང་བོ་འཛད་རྗེས། ཁྱོ་བོ་ད་དུང་ཡང་མ་ལོག་ན། གཞི་ནས་གཉིད་དགོས། དེ་བར་དུ་མིག་འདི་གཏན་ནས་འཛུམ་མི་ཉན། མོས་དེ་ལྟར་རང་ཉིད་ལ་སྙིང་ཕུར་བརྡབས། ཁྱོ་བོས་ཀྱང“ཁྱོད་ཀྱིས་ཅིས་ཀྱང་ང་ཁྱིམ་ལ་སླེབས་རག་བར་དུ་སྒུགས་ཤིག”ཅེས་བཅོལ་གདམས་བྱས་པ་གང་ཡང་མེད་ཀྱང་།    མོས་སྔར་བཞིན་སྒུག་གིན་ཡོད། འཁོར་བ་ཆུང་ངུ་འདིའི་ནང་ལ། མོས་ཅིས་ཀྱང་སྲུང་དགོས་པའི་བསྲུང་བྱ་ནི་གཞར་ཡང་མ་མཆིས་མོད། ཁྱོ་བོར་སྒུག་པ་ནི་ཁྱོ་བོ་ནང་ལ་མེད་ཀྱང་ཁྱོ་བོའི་ཟས་སྐལ་མི་གཅོད་པ་ལྟར། མོ་རང་གི་དམ་ཚིག་ཅིག་ཏུ་བརྩིས་ཡོད།

ནམ་ཕྱེད་བཟུར་རམ། མོས་སླར་ཡང་གཉིད་ལྕོག་བརྒྱབ། ཁྱོ་བོའི་སློག་རྒན་དེ་གཉིད་འབེབས་བྱེད་ཁོ་ནར་འདུག ཨོང་སྒྱེ་གུད་ན་ཡོད་པར་ལག་སྙོབ་ཐེངས་གཅིག་བྱས། མེ་ཡོག་གིས་ཐབ་ཁོང་དཀྲུགས་དཀྲུགས་རྗེས། ཨོང་རྡོག་ཆེ་ཤོས་གཉིས་བསལ། གཅིག་ཐབ་ཀླད་ནས་བསྒོངས།  གཅིག་ཐབ་ལྕེ་ནས་བསྣུར། ཁྱོ་བོ་ལོག་ཡོང་གི་ཡོད་དམ། འཕྲུལ་རྟའི་འཕང་ལོ་གངས་ཁྲོད་དུ་འདྲེད་ཀྱི་མེད་དམ། གྲང་ནས་རེངས་པོར་གྱུར་ཏེ། མིག་གི་རྫི་མར་ཡང་འཁྱག་པ་སིལ་སིལ་ཆགས་ཡོད་དམ། མོས་ཕྲེང་བའི་མདོ་འཛིན་ཤུགས་ཀྱིས་ལན་འགར་ཕུར།

ག་ཤེད་ཅིག་ནས། རུ་སྐྱས་འགེལ་བྱེད་ཀྱི་འདྲུད་འཐེན་འཁོར་ལོའི་སྒྲ་ཞིག་རྣ་རྩར་བན་བུན་དུ་མཆེད་ཡོང་། རྣ་བ་ཀྲོག་ཀྲོག་གིས་བླགས་པས། ཐབ་ཁོང་ནས་ཨོང་བ་མེ་ལ་འཚིག་པའི་ཚག་ཚག་གི་སྒྲ་དང་འདྲ་ཞིང་། དེ་ཡང་མིན་པར། བུ་ཆུང་གཉིད་ལ་ཡུར་བའི་སྔུར་སྒྲ་ཟ་ཟི་འཐེན་པ་དང་ཡང་འདྲ་ཡང་། མ་གཞི་མོ་རང་གཉིད་ཡང་མོ་ཞིག་གི་དབང་དུ་སོང་སྟེ། རྨི་ལམ་ཐན་ཐུན་རྨིས་པ་ཡིན་འདུག འདྲུད་འཐེན་འཁོར་ལོའི་སྒྲ་མེད་ལ། མེ་འབར་བའི་ཚག་སྒྲ་མེད། བུ་ཆུང་གི་སྔུར་སྒྲ་ཡང་མེད་མོད། སྒྲ་ཞིག་སྔར་ལྟར་ཁྲོག་ཁྲོག་ཏུ་གྲག་གི་འདུག དེ་ནི་མོའི་གྲོད་ཁོག་ནས་གྲག་པའི་སྒྲ་རེད། ནམ་ཕྱེད་བཟུར་བས་ཕོ་བ་ལྟོགས་ཀྱི་འདུག སྲན་སྐུད་ཀྱི་ཐུག་པ་སླ་ང་གང་བོ་སྔར་ནས་མགོར་བསྐོར་ཚར་བས།ད་ནི་རྩམ་པ་ཟོས་ཏེ་ལྟོ་འཕྱིད་ཐབས་བྱ་དགོས་སྙམ།

སྒྲེགས་པ་འདོན་དུས། མོས་རྩམ་ཐུག་དཀར་ཡོལ་གང་བཏུངས་ཚར་དུས་ཡིན། ཕྲེང་སྐོར་ལ་ལྟོས་པའི་ནམ་ཚོད་འཛིན་སྟངས་དེ་མགོ་རྔ་ཡོངས་སུ་འཁྱོལ་ཡང་། མ་ཎི་སྔར་ལྟར་བགྲང་། ཨོང་སྒྱེ་གང་བོ་སྟོངས་པའི་བར་དུ་ཁྱོ་ག་མ་སླེབས་ན་ཅིས་ཀྱང་གཉིད་དགོས་བསམ། ནམ་ཕྱེད་དངོས་གནས་བཟུར་འདུག  ལྟོས་དང་། བུ་ཆུང་ཡང་འཛོང་ཁུག་ཏུ་འཕག་འཚག་བྱེད་ཅིང་། མཆུ་སྒྲོས་ཆུང་ངུ་དེ་མེར་ཙམ་མེར་ཙམ་དུ་ངུ་སྐད་འདོན་པའི་གྲབ་ཤོམ་བྱེད་པ་ནི། “ཨ་མ། ང་ཡང་ལྟོགས་བྱུང”ཟེར་བའི་བརྡ་ཅི་ལ་མིན། ནུ་མ་བསྣུན་རྗེས། གཅིན་སྟན་རློན་ཙ་ར་ར་བྱེད་པ་དེ་བླངས་ཤིང་། དོ་ཕུགས་ནས་འགྱིག་ཤོག་སྤུས་ལེགས་ཤིག་བཏོན། སྟེང་སོར་རང་གི་བུ་ཆུང་ལས་ལྡབ་གཅིག་གིས་དཀར་བའི་བྱིས་པ་གཅེར་རྗེན་ཞིག་དགོད་འཛུམ་ཤིག་ཤིག་ཏུ་འདུག ཁྱོ་བོ་མ་ལོག་ན། ད་གཅིན་སྟན་ཡང་མཐའ་མ་འདི་ལས་ལྷག་མེད་པས། ག་རེ་བྱ་ཨང་སྙམ།

སྔ་ཙམ་ན་ཐོར་བུ་གཉིས་ཀྱིས་འཕྲུག་སའི་མར་སྒྱེད་ཀྱི་གྲུ་གདོང་དེར། རས་གུར་སྣེ་སེལ་སེན་གོར་ཙམ་ཞིག་ཧྲལ་བསྡད་པ་ལས། ཆུ་ཐིགས་བར་མེད་དུ་བཏིགས་ཏེ། འོག་ཤོད་ཀྱི་སླ་ངའི་ཁ་ལེབ་ཅལ་ཅལ་དུ་རྡུང་། ཡིན་ནའང་། ཅལ་སྒྲ་དེ་ག་ཙམ་གྱིས་མོས་གཉིད་ལྕོག་རྒྱག་པར་བར་ཆད་གང་ཡང་མི་བྱེད།    ནམ་རྟག་པར། ཁྱོ་བོའི་སྔུར་སྒྲ་ནི་འུད་ཅུང་ཙམ་བཏགས་ན། དངོས་གནས་གཡག་ཧལ་བའི་ཚད་དུ་ཡོད་ཅིང་། ཧལ་སྒྲ་དང་ཧུར་སྒྲ་དེ་ལ་བལྟོས་ན། ཆུ་ཐིགས་འཛག་པའི་ཅལ་སྒྲ་འདི་ནི་མར་ནང་གི་སྤུ་རེད། གཉིད་ལྕོག་རྒྱག་ཐེངས་རེར། ཕྲེང་བའི་ཁུག་སོ་མར་ཕྲུལ་བ་དེ། ཐང་ངོས་སུ་ཡང་ཡང་ཐུག་ལ། ལན་རེར་ཁ་ཆུ་ཡང་འཛག་པ་འབུ་སྡོམ་གྱིས་སྡོམ་སྐུད་བསྣར་འདྲ་ཡོང་ཞིང་།    མིག་རབ་རིབ་ཅིག་ཕྱེ་ཞིང་། ཁ་སྣ་ལག་པས་འབྱིད་ཙམ་བྱས་རྗེས། མཆུ་མུག་མུག་གིས་མ་ཎི་འགའ་ཟློ་བ་དང་། དེ་ནས་སླར་ཡང་གཉིད་ལྕོག་རྒྱག

གུར་ཆུང་གི་ཕྱི་རུ་གངས་མ་ཆར་གྱི་འབབ་རྒྱུན་ཆད། སྨུག་ལང་ལོང་ནི་སྐྱ་ཤར་ཤར་རི་བོ་རྩེ་གསུམ་གྱི་མགུལ་དུ་འཕྱང་ཞིང་འཁྲིལ། བསེར་བུ་འཇམ་སྟབས་ཀྱིས་ལྡང་སྟེ། གུར་མཐའི་རལ་མཚམས་དེ་ལྡག་པར་བྱེད། རྒོད་མ་མ་བུ་དག་རང་མལ་དུ་ཉལ་ནས་བསྡད་འདུག་ལ།  ཐོ་རུ་ཅིག་ཤོས་ད་དུང་གློ་ཉལ་གྱིས་མགོ་བོ་ས་ལ་བསྙེས་ནས་འདུག    གུར་གྱི་ཡར་སྒྱེད་ཕྱོགས་ཀྱི་ལྟག་རྒྱབ་ཏུ། དར་མདུང་ཞིག་བསླངས་པའི་དར་ལྕེ་རླུང་གིས་ཟགས་ཏེ་དར་ཡང་ཟད་པས། རྩེ་མོའི་འཁོར་ལོ་མིན་ན་དར་མདུང་ཞིག་ཡིན་པའི་རྟགས་ཅི་ཡང་མེད། རྩེ་མོའི་འཁོར་ལོའང་འཁོར་སྒྲོམ་ཙམ་ལས། ནང་གི་འཁོར་ཤིང་དང་འཁོར་མདའ་ནི་ལག་མི་གཙང་བ་ཞིག་གིས་བཏོགས་པ་ལྟར། སྟོང་སང་སང་ངེ་ལས་ཅི་ཡང་ལྷག་མི་འདུག

མོས་སྔར་བཞིན་གཉིད་ལྕོག་རྒྱག ད་ནི་གཉིད་ལྕོག་ཅེ་ནའང་མི་འགབ་པ་འདྲ། ལག་གི་ཕྲེང་བ་ལྷོད་པ་ཐང་ལ་ཟགས་ཏེ་ཐལ་ཁུང་གི་གམ་ན་འཁྱིལ་འདུག ལག་པ་དང་སོར་མོ་ནི་སྔར་ཕྲེང་བ་ཐོགས་དུས་ཀྱི་སྟངས་སྟབས་ཇི་བཞིན་དུ་བདོག མགོ་ཡི་ཐོར་ཅོག་ནི་ཞིག་སྟེ་སྐྲ་ཉག་མ་འགའ་ཡིས་གདོང་ཕྱེད་འགེབ། གོ་ཁ་ཇེ་འཁྱག་ཏུ་གྱུར་ཅིང་། དཀར་ཡོལ་དུ་ཇ་འཁྱག་རྐུབ་ཙམ་ཡོད་པ་ལ་ཐལ་རོ་སྲབ་མོ་ཞིག་ཀྱང་ཆགས། ལག་གཡས་ཀྱི་གྲུ་མོ་ཏག་ཏག་རྩམ་སྒམ་ལ་བསྙེས་ཏེ་གཉིད་ཅིང་། སྣ་ཁུང་ལས་ཐོས་ལ་མི་ཐོས་པའི་སིར་སྒྲ་འཇམ་པོ་ཞིག་གྲག་ཡོང་། གུར་ནང་ནི་དེ་ལྟར་ལྷིང་ཞིང་འཇགས་སམ་ཞེ་ན། དེ་ཡང་མ་ཡིན་ཏེ།  ཉི་ནུས་གློག་ཏོག་སེར་ཆུང་གིས་མི་འཐད་པའི་ཟོལ་དུ་འཁང་ར་ཟམ་མི་ཆད་པར་བྱེད་དེ། གློག་འོད་ཚ་བེ་ཚུབ་བེར“ངའང་གཉིད་དགོས། ངའང་གཉིད་དགོས”ཞེས་མུ་ཅོར་འདོན། བདག་མོ་ལ་ཡ་ལན་མེད་ནའང་། གློག་ཏོག་གི་མཐར་རུབ་པའི་སྲིན་བུའི་ཚོགས་ནི། ཏག་ཏག་ལྷ་མ་ཡིན་གྱིས་དཀྲུགས་པའི་ལྷ་ཚོགས་ལྟར། ག་སར་འཕུར་ཅིང་ག་སར་བྱེར། ལྟོས་དང་། དཀར་ཡོལ་དུ་བསྟུད་མར་འབུ་གསུམ་བབས་ལ། གཉིད་ཉལ་བའི་བུ་ཆུང་གི་གདོང་ན་ཡང་། འབུ་ཞིག་བསྟི་གནས་རག་བཞིན་དུ་འཕུར་ལྡིང་གར་དུ་རྩེན།

འཕྲུལ་རྟའི་སྦག་སྦག་གི་སྐད་སྒྲ་ཞིག དང་པོ་རྒྱང་རིང་ནས་གྲག་འོང་ཞིང་། ཅམ་གྱིས་ཉེ་ས་རུ་སླེབས། འུག་པའི་ཐན་སྐད་ཅིག་ཀྱང་། སྦག་སྦག་གི་སྒྲ་དང་མཉམ་པོར་མཆེད། ཐག་རིང་གི་འཕྲུལ་རྟའི་གློག་འོད་ཀྱང་དང་པོ་འོད་ཀོར་ཙམ་ནས་ག་ལེར་མིག་ལ་འཚེར་བའི་འོད་ཕུང་ཞིག་ཏུ་གྱུར།འོན་ཀྱང་། རིམ་གྱིས་སྐད་སྒྲ་དེ་ཉམ་ཇེ་ཐག་ནས་ཇེ་ཐག་ཏུ་སོང་། ཧ་ལམ་ས་སྲོས་སུ་གུར་ཆུང་གི་གུར་ཀླད་ནས་བྱ་ཁྱུ་ཞིག་ཀྭག་ཀྭག་གིས་འཕུར་ཞིང་། འཕུར་གྱིན་འཕུར་གྱིན་གསུང་སྐད་ཀྱང་ཨམ་ཅོག་གི་རྩ་ནས་ཡལ་བ་དང་འདྲ། བྱ་ཁྱུ་རྒྱང་ལ་འཕུར་ཀྱང་། འུག་པ་གཅིག་པུ་ཤུལ་དུ་སྨག་ནག་གི་མཚན་མོར་སྒུག་པ་ཇི་བཞིན།ད་ཅི་སྦག་སྦག་གི་སྐད་སྒྲ་དང་ལྷན་དུ་མཆེད་པའི་འུག་པའི་ཐན་སྐད་དེ། རྒྱང་ལ་མ་འཁྱར་བར་ཨམ་ཅོག་གི་རྩ་ན། དེ་ལས་གསལ་རྒྱུ་མེད་པ་ཞིག་གྲག་སྟེ་མཆིས། འཕྲུལ་རྟའི་གློག་འོད་ཀྱང་ཚུར་ཚུར་མ་བཅར་ཏེ། རི་བོ་རྩེ་གསུམ་གྱི་ཚུར་རོལ་བརྟོལ་མ་བྱུང་།

ཕེག དངངས་འཚབ་ཅིག་གིས་བདག་མོས་རྩམ་སྒམ་གྱི་ཁ་ལེབ་ཀྱང་འཕྲལ་གྱིས་བཀོག་སྟེ། རྩམ་སྐྱ་བུ་ཆུང་གི་འཛོང་ཁུག་དང་། མོ་རང་གི་པང་ཁེབས་སུ་ཐོལ་ལེར་གཅོལ། གློག་ཏོག་སེར་ཆུང་གིས་ཁོང་ཁྲོ་མ་གནོན་པར། གཞི་ནས་གད་སོང་། མོས་ཁྱོ་བོའི་སློག་རྒན་རྒྱབ་ནས་བཤུས་ཏེ་སྒོ་ཕྱིར་ཐོན་དུས། ནམ་སྐྱ་གསལ་ལེར་ལངས་འདུག་ཅིང་། ཉི་མའི་བཞིན་རས་རི་བོ་རྩེ་གསུམ་གྱི་རི་རྩེ་རུ་སེར་ལམ་ལམ་བྱེད་ལ། གུར་རྒྱབ་ཀྱི་དར་མདུང་གི་རྩེ་ཡི་འཁོར་སྒྲོམ་དུ། འུག་པ་ཞིག་གིས་མིག་ཕུར་ཚུགས་སུ་བགྲད་དེ། རྒྱང་རིང་གི་རི་བོ་རྩེ་གསུམ་གྱི་རི་དབྲག་ལ་ལྟ་ཞིང་། སྒོ་ཁྱིམ་བར་གྱི་ཁོ་མོ་ལའང་ལྟ།

རྩོམ་པ་པོ་ངོ་སྤྲོད།

图片12.png

ཚེ་རིང་བསམ་འགྲུབ། 1998ལོར་མཛོད་དགེའི་གླིང་བའི་འབྲོག་པའི་མི་ཚང་དུ་སྐྱེས་ཤིང་། སྔ་ཕྱིར་གླིང་བ་ཡུལ་ཚོའི་ལྟེ་གནས་སློབ་ཆུང་དང་མཛོད་དགེའི་བཅའ་སྡོད་སློབ་ཆུང་། མཛོད་དགེའི་བོད་ཡིག་སློབ་འབྲིང་། འབར་ཁམས་དགེ་འོས་སློབ་གྲྭ། ནུབ་བྱང་མི་རིགས་སློབ་ཆེན་བཅས་འགྲིམས་ཤིང་། ད་ལྟ་བོད་ལྗོངས་སློབ་ཆེན་འགྲིམ་མུས་ཡིན།


མཉམ་སྤྱོད།