དེ་རིང་ནི2025ལོའི་ཟླ04པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདོ་དབུས་མཐོ་སྒང་སྟེ། སའི་གོ་ལའི་ཐོག་ས་ཤུན་ཆེས་མཐུག་པའི་རི་རྒྱུད།

2024-08-29 17:41:26   |   735

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས།  བཤེར་འབེབས།  རིན་ཆེན་ཚེ་རིང་།


མདོ་དབུས་མཐོ་སྒང་ནི་མཛེས་ཤིང་སྡུག་པའི་ཡུལ་ལྗོངས་དང་རྔམ་བརྗིད་ལྡན་པའི་མཐོ་ཚད་ལ་བརྟེན་ནས་སྐད་གྲགས་ཆོད་ཡོད་པར་མ་ཟད།  ས་ཤུན་ཆེས་མཐུག་པའི་གནས་ཤིག་ཀྱང་ཡིན་ཏེ།  དེའི་ས་ཤུན་གྱི་ཆ་སྙོམས་མཐུག་ཚད་ལ་སྤྱི་ལེ70ལྷག་ཡོད།  དེ་དང་བསྡུར་ན།  གོ་ལ་ཧྲིལ་བོའི་སྐམ་སའི་ས་ཤུན་གྱི་ཆ་སྙོམས་མཐུག་ཚད་ལ་སྤྱི་ལེ35ཡོད་པ་དང་།  རྒྱ་མཚོའི་ས་ཤུན་གྱི་མཐུག་ཚད་ལ་སྤྱི་ལེ5ཡོད།  ས་གཤིས་གནས་ཚུལ་ངོ་མཚར་ཅན་འདིའི་རྒྱབ་ལོག་ན་སའི་གོ་ལའི་སྒུལ་ཤུགས་རིག་པའི་གོ་རིམ་རྙོག་འཛིང་ཅན་ཞིག་བསྐུངས་ཡོད་ལ།  ང་ཚོས་མཉམ་དུ་མདོ་དབུས་མཐོ་སྒང་ལ་ཅིའི་ཕྱིར་གོ་ལ་ཧྲིལ་བོའི་ཆེས་མཐུག་པའི་ས་ཤུན་ཡོད་པ་དང་།  དེས་མཐའ་འཁོར་གྱི་ཁོར་ཡུག་ལ་ཐེབས་པའི་ཤུགས་རྐྱེན་གྱི་སྐོར་ལ་རྩད་ཞིབ་ཐེངས་ཤིག་བྱ། 

图片1.jpg

མདོ་དབུས་མཐོ་སྒང་ལ་ཅིའི་ཕྱིར་གོ་ལ་ཧྲིལ་བོའི་ཆེས་མཐུག་པའི་སྐྱི་ལྤགས་ཡོད་པ་ཡིན་ནམ།

རྒྱ་མཚོ་ཆེན་མོའི་ཐུར་མཆོང་དང་སྐམ་ས་ཆེན་མོའི་གདོང་གཏུག མདོ་དབུས་མཐོ་སྒང་ཡར་འཕགས་པ་དང་ས་ཤུན་ཇེ་མཐུག་ཏུ་གྱུར་པ་ནི་ཧིན་རྡུ་དུམ་ལེབ་བྱང་ཕྱོགས་སུ་ནུར་ཏེ་ཡ་ཡོབ་དུམ་ལེབ་ལ་གདོང་གཏུག་བརྒྱབ་པ་དང་།  དེའི་རྐྱེན་གྱིས་ས་ཤུན་གཞོགས་གཅིག་ཏུ་སྤུང་གསོག་དང་ཐུར་དུ་སྐྱེ་འཚར་བྱུང་བ་ལས་མགོ་བརྩམས་པ་ཡིན་ལ།  གདོང་གཏུག་འདི་ད་དུང་མཚམས་བཞག་མེད་པར།  ཧིན་རྡུ་དུམ་ལེབ་ད་སྐབས་ཀྱང་མུ་མཐུད་དུ་བྱང་ཕྱོགས་ལ་ནུར་བཞིན་ཡོད་ཅིང་།  ཡ་ཡོབ་དུམ་ལེབ་ཀྱིས་མཚམས་མི་ཆད་པར་བཙིར་གནོན་བྱེད་བཞིན་པས་ས་ཤུན་མུ་མཐུད་དུ་ཇེ་མཐུག་ལ་འགྲོ་བཞིན་ཡོད། 

ས་ཤུན་འཚར་སྐྱེ་དང་འགྱུར་ལྡོག་བྱུང་བ།  བསྟུད་མར་གདོང་གཏུག་དང་བཙིར་གནོན་བྱས་པ་ཡིས་ས་ཤུན་གསར་བ་གྲུབ་པར་སྐུལ་འདེད་བྱས་པར་མ་ཟད།  གནའ་བོའི་ས་ཤུན་བསྐྱར་བཟོ་བྱེད་པར་རོགས་རམ་ཡང་བྱས་ཡོད།  དུམ་ལེབ་གདོང་གཏུག་གིས་ས་གུར་དངོས་པོ་ཡར་འཕགས་ཏེ་མེ་གྲུབ་བྲག་རྡོ་འབོར་ཆེན་གྲུབ་པ་དང་།  བྲག་ཞུན་ས་ཤུན་ནང་དུ་འཛུལ་ཏེ་སྲ་མཁྲེགས་སུ་གྱུར་ནས་སིམ་འཛུལ་བྲག་རྡོ་རུ་གྱུར་ཅིང་།  གསར་དུ་གྲུབ་པའི་བྲག་རྡོ་ཡིས་ས་ཤུན་ཇེ་མཐུག་ཏུ་བཏང་།  གོ་རིམ་འདི་ལ་བྲག་ཞུན་འཕེལ་སྐྱེ་ཟེར།  དུས་མཚུངས་སུ།  གནའ་བོའི་ས་ཤུན་དངོས་པོའང་དེའི་ནང་དུ་ཚུད་ནས།  དེའི་བཟོ་སྐྲུན་བྱེད་ནུས་དྲག་པོའི་ཤུགས་རྐྱེན་འོག་ལྟེབ་བརྩེགས་ཤོར་ཞིང་ངོ་བོར་འགྱུར་ལྡོག་འབྱུང་ངེས་པ་དང་།  གོ་རིམ་འདི་དག་གིས་ཀྱང་ས་ཤུན་ཇེ་མཐུག་ཏུ་གཏོང་བ་ཡིན། 

སྙི་རྒྱུག་རིམ་པའི་འདྲུད་འཐེན་བྱེད་ནུས།  སྙི་རྒྱུག་རིམ་པ་ནི་ས་གུར་གྱི་ཐོག་ཏུ་ཡོད།  འདི་རུ་ཡོད་པའི་ས་གུར་བྲག་རྡོ་ལྟོས་བཅས་ཀྱི་སྙི་མོ་ཡིན་པར་མ་ཟད།  འགྱུར་གཤིས་རྒྱུག་གཟུགས་ཀྱི་ཁྱད་ཆོས་མངོན་ཡོད། ཧིན་རྡུ་དུམ་ལེབ་བྱང་ཕྱོགས་སུ་ནུར་སྐབས།  སྙི་རྒྱུག་རིམ་པའི་དངོས་པོའང་དེ་དང་བསྟུན་ནས་འགུལ་སྐྱོད་བྱེད་ལ།  སྙི་རྒྱུག་རིམ་པའི་འབྱར་བག་རང་བཞིན་ཅུང་དམའ་བས།  དེས་སྟེང་ཕྱོགས་ཀྱི་བྲག་རྡོའི་རིམ་པར་འདྲུད་འཐེན་བྱེད་ནུས་བཏོན་ཏེ།  ཐེག་ཤུགས་ལྷག་མ་འདོན་པ་ཡིན།  ཐེག་ཤུགས་འདིའི་རིགས་ཀྱིས་ས་ཤུན་མུ་མཐུད་དུ་ཇེ་ཐུང་ངམ་ཇེ་མཐུག་ཏུ་གཏོང་ཐུབ།  གཞན་སྙི་རྒྱུག་རིམ་པའི་བཞུར་རྒྱུག་གིས་ཚ་ནུས་རྒྱུད་སྤྲོད་བྱས་ཏེ།  བྲག་རྡོའི་རིམ་པ་ཇེ་མཐོ་དང་ས་ཤུན་དངོས་པོ་གསར་སྣོན་ལ་སྐུལ་འདེད་བྱེད། 

图片2.jpg

མདོ་དབུས་མཐོ་སྒང་གི་ས་ཤུན་ཇེ་མཐུག་ཏུ་གྱུར་པ་ཡིས་མཐའ་འཁོར་གྱི་ཁོར་ཡུག་ལ་ཐེབས་པའི་ཤུགས་རྐྱེན།

ནམ་ཟླའི་འགྱུར་ལྡོག  ཡ་གླིང་དང་ཐ་ན་གོ་ལ་ཧྲིལ་བོའི་ནམ་ཟླའི་གནས་བབ་ལ་འགྱུར་ལྡོག་བཏང་། དུས་རླུང་མ་ལག་ཇེ་དྲག་ཏུ་བཏང་སྟེ་ཡ་གླིང་གི་ཆར་ཆུ་འབབ་ཚུལ་དཔེ་དབྱིབས་དང་ཐན་སྐམ་ས་ཁུལ་གྱི་ཁྱབ་ཚུལ་ལ་ཤུགས་རྐྱེན་ཐེབས་ཡོད།  རླུང་ཁམས་ཆེན་མོའི་འཁོར་རྒྱུག་དང་རྒྱ་མཚོའི་འཁོར་རྒྱུག་ལ་འགྱུར་ལྡོག་བཏང་སྟེ། གོ་ལ་ཧྲིལ་བོའི་ནམ་ཟླའི་དཔེ་དབྱིབས་ལ་ཤུགས་རྐྱེན་ཐེབས་ཡོད། 

སྐྱེ་དངོས་སྣ་མང་རང་བཞིན།  སྐྱེ་ཁམས་ཁོར་ཡུག་གསར་བ་བསྐྲུན་པས།  དངོས་རིགས་ཀྱི་ཁ་གྱེས་དང་རིམ་འགྱུར་ལ་སྐུལ་འདེད་བྱས་ཡོད།  མཐོ་སྒང་ཡར་འཕགས་པས་དངོས་རིགས་ཁ་ཤས་རྩ་མེད་དུ་གྱུར་ཅིང་།  སྐྱེ་དངོས་ཚོགས་པའི་གྲུབ་སྟངས་དང་ཁྱབ་ཚུལ་ལ་འགྱུར་ལྡོག་བཏང་ཡོད།

ཆུའི་ཐོན་ཁུངས།  མདོ་དབུས་མཐོ་སྒང་ལ“ཡ་གླིང་གི་ཆུ་ལྕོག”ཅེས་པའི་མཚན་སྙན་ཡོད་ལ།  དེའི་འཁྱགས་ཀླུང་དང་མཚེའུ་ནི་ཡ་གླིང་གི་གཙང་བོ་དང་ཆུ་བོ་མང་པོའི་འབྱུང་ཡུལ་ཡིན།  ས་ཤུན་ཇེ་མཐུག་ཏུ་གྱུར་པ་ཡིས་ཆུའི་ཐོན་ཁུངས་ཀྱི་ཁྱབ་ཚུལ་དང་སྤུས་ཚད་ལ་ཤུགས་རྐྱེན་ཐེབས་ཤིང་།  ཉེ་འཁོར་ས་ཁུལ་གྱི་ཆུའི་ཐོན་ཁུངས་དོ་དམ་དང་བེད་སྤྱོད་ལ་འགྲན་སློང་གསར་བ་བཟོས་ཡོད། 

ས་གཤིས་གནོད་འཚེ།  ས་ཤུན་གྱི་དབྱིབས་འགྱུར་བ་ཡིས་ས་ཡོམ་དང་རི་ཉིལ་སོགས་ས་གཤིས་གནོད་འཚེའི་ཉེན་ཁ་མང་པོ་བཟོས་ཏེ།  ཉེ་འཁོར་ས་ཁུལ་གྱི་བདེ་འཇགས་དང་འཕེལ་རྒྱས་ལ་འཇིགས་ཉེན་བཟོ་བཞིན་ཡོད། 

མདོ་དབུས་མཐོ་སྒང་གིས་སའི་གོ་ལའི་ནང་ཁུལ་གྱི་ནུས་ཤུགས་ཆེན་པོ་དང་རྒྱུན་མཐུད་འགྱུར་ལྡོག་ཕྱིར་མངོན་བཞིན་ཡོད་ལ།  དེ་ནི་སའི་གོ་ལའི་ལོ་རྒྱུས་ཀྱི་ཟིན་ཐོ་གལ་ཆེན་ཞིག་ཀྱང་ཡིན།  མདོ་དབུས་མཐོ་སྒང་ལ་ཞིབ་འཇུག་བྱས་པ་བརྒྱུད།  ང་ཚོས་སའི་གོ་ལའི་འདས་སོང་ལ་སྔར་ལས་ལྷག་པའི་རྒྱུས་ལོན་ཡག་པོ་བྱེད་ཐུབ་པར་མ་ཟད།  སའི་གོ་ལའི་མ་འོངས་པར་ཚོད་དཔག་བྱས་ཏེ།  མིའི་རིགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ལ་ཚན་རིག་གི་གཞི་འཛིན་ས་མཁོ་སྤྲོད་བྱེད་ཐུབ། 

图片3.jpg


མཉམ་སྤྱོད།