དེ་རིང་ནི2024ལོའི་ཟླ09པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདོ་དབུས་མཐོ་སྒང་སྟེ། འཕྲེད་ཚད་གཅིག་པའི་སྟེང་གི་དྲོད་ཚད་ཆེས་དམའ་བའི་མཐོ་སྒང་།

2024-09-03 11:30:09   |   177

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས།  བཤེར་འབེབས།  རིན་ཆེན་ཚེ་རིང་།


འཛམ་གླིང་ཡང་རྩེ་རུ། ངོ་མཚར་ཆེ་ཞིང་མཛེས་སྡུག་ལྡན་པའི་ས་ཆ་ཞིག་ཡོད་ལ། དེ་ཉིད་གངས་འཁྱགས་ཀྱིས་ཁེབས་པ་དང་། ལྷིང་ཞིང་འཇགས་ལ་མུ་མཐའ་བྲལ། གནས་དེར་བརྗིད་ཆགས་པའི་རི་རྒྱུད་དང་མཐའ་ཡས་པའི་མཐོ་སྒང་མཉམ་དུ་འདྲེས་ཏེ། འཛམ་གླིང་གི་ཆེས་དམིགས་བསལ་ལྡན་པའི་རང་བྱུང་མཛེས་ལྗོངས་ཤིག་གྲུབ་ཡོད་ཅིང་། དེ་ནི་མདོ་དབུས་མཐོ་སྒང་ཡིན། དེ་གའི་མཁའ་དབུགས་དྲོད་ཚད་ནི་གོ་ལ་ཧྲིལ་བོའི་འཕྲེད་ཚད་གཅིག་པའི(28-38°N)ས་ཁུལ་དག་ལས་ཆེས་འཁྱགས་པ་ཡིན་ལ། གྲང་ངར་རྩུབ་མོ་ནི་ངག་མི་སྨྲ་བའི་ལྟ་སྲུང་མཁན་ཞིག་དང་འདྲ་བར། རང་བྱུང་ཁམས་ཆེན་མོའི་ངོ་མཚར་དང་རིམ་འགྱུར་ལ་དཔང་པོ་བྱེད་བཞིན་ཡོད། གྲང་ངར་ཆེ་ལ་ལྷིང་ཞིང་འཇགས་པའི་གནས་དེ་རུ། དྲོད་ཚད་དམའ་མོས་དམིགས་བསལ་གྱི་སྐྱེ་ཁམས་མ་ལག་དང་ས་གཤིས་གྲུབ་ཚུལ་བསྐྲུན་ཡོད་པར་མ་ཟད། ཐཱན་འཁོར་རྒྱུག་དང་གོ་ལ་ཧྲིལ་བོའི་ནམ་ཟླའི་འགྱུར་ལྡོག་གི་འཕེལ་འགྱུར་ལ་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད། ང་ཚོ་མཉམ་དུ་ངོ་མཚར་བའི་མཐོ་སྒང་དེར་བསྐྱོད་ནས། དྲོད་ཚད་དམའ་བའི་ཁོར་ཡུག་གི་ས་གཤིས་གསང་བ་དང་སྐྱེ་ཁམས་གནས་ཚུལ་ངོ་མཚར་ཅན་དག་ལ་འཚོལ་ཞིབ་ཐེངས་ཤིག་བྱ། 

11.jpg

མདོ་དབུས་མཐོ་སྒང་གི་མཁའ་དབུགས་དྲོད་ཚད་དམའ་བའི་རྒྱུ་རྐྱེན་གཙོ་བོ། 

1.མཚོ་འཕགས་མཐོན་པོའི་ནུས་སྣང་། མཚོ་འཕགས་མཐོ་ཚད་ཀྱིས་མཁའ་དབུགས་དྲོད་ཚད་ལ་ཐད་ཀར་ཤུགས་རྐྱེན་ཐེབས་ལ། མཚོ་འཕགས་སྨི1000གིས་ཇེ་མཐོར་སོང་ན་མཁའ་དབུགས་དྲོད་ཚད6.5℃ལྷག་གིས་ཇེ་དམའ་རུ་འགྲོ། མདོ་དབུས་མཐོ་སྒང་གི་མཚོ་འཕགས་མཐོན་པོ་ཡིས་དེའི་མཁའ་དབུགས་དྲོད་ཚད་འཕྲེད་ཚད་གཅིག་པའི་ས་ཁུལ་གཞན་དག་དང་བསྡུར་ན་ཆེས་ཆེར་དམའ་བར་བྱས་ཡོད་ལ། མཐོ་ཚད་ཇེ་མཐོར་སོང་བ་དང་བསྟུན་ནས། རླུང་ཁམས་ཆེན་མོའི་གནོན་ཤུགས་ཇེ་དམའ་དང་མཁའ་དབུགས་ཇེ་སྲབ་ཏུ་གྱུར་ཏེ། ཚ་ནུས་དེ་བས་ཀྱང་མཁའ་དབྱིངས་སུ་ཡལ་སླ་བར་འགྱུར། དེ་ལ་བརྟེན་ནས་ས་ངོས་ཀྱི་དྲོད་ཚད་ཇེ་དམའ་རུ་འགྲོ་བ་ཡིན། གཞན་མཚོ་འཕགས་མཐོ་བའི་ས་ཁུལ་གྱི་རླུང་ཁམས་ཆེན་མོའི་རིམ་པ་ཅུང་སྲབ་པས། ཉི་མའི་འགྱེད་འཕྲོ་བསྡུ་ལེན་བྱེད་པའི་ནུས་པ་ཇེ་ཞན་དུ་གྱུར་ཡོད་ལ། དེས་གྲང་ངར་ཆེ་ཚད་དེ་བས་ཚབས་ཆེན་དུ་བསྒྱུར་ཡོད། 

2.ས་ཁམས་གནས་བབ། མདོ་དབུས་མཐོ་སྒང་ནི་ཡ་གླིང་སྐམ་ས་ཆེན་མོའི་དབུས་ཁུལ་དུ་ཡོད་ལ། རྒྱ་མཚོའི་སྙོམ་སྒྲིག་བྱེད་ནུས་དང་བར་ཐག་ཤིན་ཏུ་རིང་བར་མ་ཟད། ནམ་ཟླ་ལ་དེ་བས་ཀྱང་སྐམ་སའི་རང་བཞིན་ལྡན། སྐམ་སའི་དབུས་ཁུལ་ས་ཆར་རྒྱ་མཚོའི་ཚ་དྲོད་ནུས་སྣང་མི་འདང་བས། གྲང་ངར་དང་སྐམ་ཤས་དེ་བས་ཆེ། མདོ་དབུས་མཐོ་སྒང་ནི་འཕྲེད་ཚད་བར་མའི་ས་ཁུལ་དུ་གཏོགས་ལ། དགུན་ཁར་ཉི་འོད་འཕྲོ་བའི་དུས་ཚོད་ཐུང་བས། ཉི་མའི་འགྱེད་འཕྲོའི་ཚད་ཉུང་ལ་མཁའ་དབུགས་དྲོད་ཚད་ཅུང་དམའ། 

3.ས་དབྱིབས་ཀྱི་ཤུགས་རྐྱེན། མདོ་དབུས་མཐོ་སྒང་གི་ས་དབྱིབས་རྙོག་འཛིང་ཆེ་བས་རི་མཐོན་པོ་དང་གྲོག་རོང་ཟབ་མོ་མང་དུ་ཡོད། ས་དབྱིབས་ཁྱད་ཆོས་འདི་དག་གིས་ས་གནས་ཁ་ཤས་ཀྱི་ནམ་ཟླའི་འགྱུར་ལྡོག་ལ་ཤུགས་རྐྱེན་མངོན་གསལ་ཐེབས་བཞིན་ཡོད་དེ། དཔེར་ན། རི་རྒྱུད་ཀྱིས་བཀག་པ་སྟེ། རི་བོ་མཐོན་པོས་ཧིན་རྡུ་རྒྱ་མཚོ་ནས་ཡོང་བའི་དྲོད་རླན་རླུང་རྒྱུན་བཀག་ནས། རླུང་རྒྱུན་དྲོན་མོ་མཐོ་སྒང་དུ་རྒྱུ་དཀའ་བར་བྱས་པ་དང་། མཁའ་དབུགས་དྲོད་ཚད་དམའ་བར་འགྱུར་བ་ལྟ་བུ། གཞོང་སའི་ནུས་སྣང་སྟེ། གཞོང་སའི་ས་དབྱིབས་ཁ་ཤས་ཀྱིས་མཁའ་དབུགས་གྲང་མོ་དེར་ལུས་སུ་བཅུག་ནས། ས་ཁུལ་ཁ་ཤས་ལ་དྲོད་ཚད་དམའ་བའི་སྣང་ཚུལ་འབྱུང་བ་ལྟ་བུ། 

4.འགྱེད་འཕྲོའི་གྲང་བཟོ། མཚོ་འཕགས་མཐོ་བའི་ས་ཁུལ་གྱི་མཁའ་དབུགས་སྲབ་ལ། རླུང་ཁམས་ཆེན་མོས་ས་ངོས་ཀྱི་རླབས་རིང་འགྱེད་འཕྲོ་བསྡུ་ལེན་བྱེད་ཚད་དང་ཡང་བསྐྱར་འགྱེད་འཕྲོ་བྱེད་ཚད་ཅུང་ཉུང་། དེ་བས་མཚན་མོའི་ཚ་ནུས་མྱུར་མོར་ཡལ་འགྲོ་བ་ཡིན། མཚན་མོར་ས་ངོས་ཀྱི་ཚ་ནུས་དམར་ཕྱིའི་འོད་ཀྱི་རྣམ་པས་མགྱོགས་མྱུར་ངང་མཁའ་དབྱིངས་སུ་ཡལ་འགྲོ་ལ། རླུང་ཁམས་ཆེན་མོ་སྲབ་མོ་ཡིན་པས། ཚ་ནུས་བསྡུ་ལེན་བྱས་པ་ཉུང་། དེ་བས་ས་ངོས་ཀྱི་དྲོད་ཚད་མགྱོགས་མྱུར་ངང་མར་ཆག་པ་ཡིན། ཉིན་མོར་ཉི་འོད་དྲག་པོའི་དབང་གིས་དྲོད་ཚད་ཡར་འཕགས་པ་མགྱོགས་ནའང་། མཚན་མོར་དྲོད་ཚད་མར་ཆག་པ་ཡང་དེ་བཞིན་མགྱོགས་སྟབས། ཉིན་མཚན་དྲོད་ཚད་ཀྱི་ཧེ་བག་ཆེ་ཞིང་མཚན་མོའི་དྲོད་ཚད་ཧ་ཅང་དམའ། 

5.གངས་དང་འཁྱགས་ཀླུང་གིས་ཁེབས་པ། མདོ་དབུས་མཐོ་སྒང་ནི་གངས་དང་འཁྱགས་ཀླུང་མང་པོས་ཁེབས་ཡོད་ལ། གངས་ཀྱིས་ཁེབས་ཚད་རྒྱ་ཆེ་བས་མཁའ་དབུགས་དྲོད་ཚད་ལ་ཤུགས་རྐྱེན་མངོན་གསལ་ཐེབས་ཡོད། དཔེར་ན། ལྡོག་འཕྲོ་བྱེད་ཚད་མཐོ་བ་སྟེ། གངས་དང་འཁྱགས་པས་ཉི་འོད་ལྡོག་འཕྲོ་བྱེད་ཚད་ཅུང་མཐོ་བས། ཉི་མའི་ནུས་ཚད་མང་ཆེ་བ་ལྡོག་འཕྲོ་བྱས་ཏེ་ས་ངོས་ཀྱིས་ཚ་ནུས་བསྡུ་ལེན་བྱེད་ཚད་ཇེ་ཉུང་དུ་གཏོང་བ་ལྟ་བུ་དང་། ཚ་ནུས་ཡལ་བ་སྟེ། གངས་དང་འཁྱགས་པ་ཞུ་བ་དང་རླངས་འགྱུར་བྱེད་པར་ཚ་ནུས་མང་པོ་བསྡུ་ལེན་བྱ་དགོས་པས། དེས་ཀྱང་མཐའ་འཁོར་གྱི་དྲོད་ཚད་ཇེ་དམའ་རུ་གཏོང་བ་ལྟ་བུ།  

6.མཁའ་དབུགས་གྲང་མོའི་སིམ་འཛུལ། མདོ་དབུས་མཐོ་སྒང་ལ་དགུན་དུས་སུ་རྒྱུན་པར་ཞི་པོ་ལི་ཡའི་མཁའ་དབུགས་གྲང་མོའི་སིམ་འཛུལ་ཐེབས་ཏེ། གླིང་སྣེའི་དབུགས་གཟུགས་ཁྱེར་འོང་བས། དྲོད་ཚད་མགྱོགས་མྱུར་ངང་མར་ཆག་པ་རེད། མདོ་དབུས་མཐོ་སྒང་གི་ས་དབྱིབས་ཀྱི་བཀག་འགོག་བྱེད་ནུས་འོག མཁའ་རླུང་གྲང་མོ་རྒྱུན་པར་མཐོ་སྒང་དུ་ལུས་འགྲོ་བས། དྲོད་ཚད་འཁྱགས་པའི་གནམ་གཤིས་ཡུན་རིང་ལ་གནས་པ་རེད།

图片2.jpg

མདོ་དབུས་མཐོ་སྒང་གི་དྲོད་ཚད་དམའ་བའི་ཁོར་ཡུག་གིས་ཐཱན་འཁོར་རྒྱུག་ཁྲོད་དུ་བྱེད་ནུས་གལ་ཆེན་ཅི་ཞིག་བཏོན་ཡོད་དམ། 

1  ཁེངས་ས་དང་ཐཱན་གསོག་ཉར། མདོ་དབུས་མཐོ་སྒང་དུ་རྒྱ་ཆེར་ཁྱབ་པའི་ཁེངས་སའི་བང་རིམ་ནི་ཐཱན་མཛོད་གལ་ཆེན་ཞིག་ཡིན་ལ། མཁའ་དབུགས་གྲང་མོའི་ཁོར་ཡུག་འོག རྩི་ཤིང་གི་ལྷག་རོ་དང་སྐྱེ་ལྡན་རྫས་ཀྱི་ཞུ་འབྱེད་འགྲོས་ཚད་མངོན་གསལ་གྱིས་ཇེ་དལ་དུ་ཕྱིན་པ་དང་། སྐྱེ་ལྡན་ཐཱན་དུས་ཡུན་རིང་བོར་ཁེངས་སའི་ཁྲོད་དུ་གསོག་ཉར་བྱས་ཡོད། དེའི་ཐཱན་གསོག་ཉར་ཚད་ཀྱིས་གོ་ལ་ཧྲིལ་བོའི་ཐཱན་གསོག་ཉར་ཚད་ཀྱི15%ནས20%ཟིན། 

2.སྔོ་ཁེབས་དང་ཐཱན་བསྡུ་ལེན། དྲོད་ཚད་དམའ་བའི་ཁོར་ཡུག་གིས་རྩི་ཤིང་གི་སྐྱེ་འཚར་ལ་ཚད་བཀག་ཅི་འདྲ་ཐེབས་ནའང་། མདོ་དབུས་མཐོ་སྒང་ལ་སྔར་བཞིན་རྒྱ་ཆེ་བའི་སྤང་ཐང་དང་ཤིང་ཕྲན། མཐོ་རིའི་སྔོ་ཁེབས་སོགས་ཡོད་ལ། རྩི་ཤིང་གིས་དུས་ཡུན་ཐུང་ངུའི་འཚར་སྐྱེའི་དུས་ཚིགས་ཁྲོད་ནུས་ཕྱོད་མཐོ་བའི་འོད་སྦྱོར་བྱེད་ནུས་བཏོན་ནས། དབྱང་གཉིས་ཐཱན་རྫས་བསྡུ་ལེན་བྱས་ཏེ་སྐྱེ་ལྡན་ཐཱན་དུ་གཏན་འཇགས་བྱེད་པ་རེད། མཐོ་སྒང་གི་སྤང་ཐང་སྐྱེ་ཁམས་མ་ལག་དེ་ཐཱན་གཏན་འཇགས་བྱེད་པའི་ཐད་ལེགས་ཆ་དམིགས་བསལ་བ་ལྡན་པ་དང་། སྐྱེ་ཁམས་མ་ལག་ཧྲིལ་བོས་ཐཱན་འདུས་བྱེད་ལས་ཐད་ནུས་པ་གལ་ཆེན་འདོན་བཞིན་ཡོད། 

མདོ་དབུས་མཐོ་སྒང་གི་དྲོད་ཚད་དམའ་བའི་ཁོར་ཡུག་དེ་ཐཱན་འཁོར་རྒྱུག་དང་ཐཱན་སྙོམ་སྒྲིག་གི་དམིགས་འབེན་ཐད་དམིགས་བསལ་གྱི་ལེགས་ཆ་དང་གཏིང་ཟབ་པའི་ཤུགས་རྐྱེན་ཡོད། ཁེངས་སའི་ས་རིམ་ལ་སྲུང་སྐྱོབ་དང་སྔོ་ཁེབས་སླར་གསོ། བརྟག་འཇལ་ལ་ཤུགས་སྣོན། དྲོད་ཚད་དམའ་བའི་ཁོར་ཡུག་སྤྱད་དེ་ཐཱན་འཚོལ་སྡུད་དང་གསོག་ཉར་བྱེད་པ་བཅས་ནི་ཐཱན་རྩེར་སོན་དང་ཐཱན་སྙོམ་སྒྲིག་གི་དམིགས་འབེན་མངོན་འགྱུར་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན།


མཉམ་སྤྱོད།