དེ་རིང་ནི2024ལོའི་ཟླ09པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདོ་དབུས་མཐོ་སྒང་རྒྱུན་མཐུད་ངང་ཡར་འཕག་པ་ནི“ས་གུར་རླུང”དང་འབྲེལ་བ་ཡོད།

2024-09-04 09:36:01   |   248

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས། འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས།  བཤེར་འབེབས།  རིན་ཆེན་ཚེ་རིང་།


རང་རྒྱལ་གྱི་ཚན་རིག་པས་མདོ་དབུས་མཐོ་སྒང་རྒྱུན་མཐུད་ངང་ཡར་འཕག་པའི་ལྟེ་བའི་སྒུལ་ཤུགས་ནི“ས་གུར་རླུང”ནས་བྱུང་བ་གསར་རྟོགས་བྱུང་། 

ཉེ་ལམ།  ཀྲུང་གོའི་ཚན་རིག་གླིང་ས་གཤིས་དང་སའི་གོ་ལའི་དངོས་ལུགས་སུའོ་ཡི་ཚན་རིག་པའི་རུ་ཁག་གིས་གྲངས་ཚད་གཏན་ཁེལ་གྱི་སའི་གོ་ལའི་སྒུལ་ཤུགས་རིག་པའི་དཔེ་དབྱིབས་སྤྱད་དེ་གསལ་སྟོན་བྱས་པ་ལྟར་ན།  མདོ་དབུས་མཐོ་སྒང་རྒྱུན་མཐུད་ངང་ཡར་འཕག་པའི་ལྟེ་བའི་སྒུལ་ཤུགས་ནི་ལྷོ་ནས་བྱང་ལ་གཡུག་པའི“ས་གུར་རླུང”ལས་བྱུང་བ་རེད།  “ས་གུར་རླུང”འདིས་ཧིན་རྡུ་དུམ་ལེབ་དང་ཡ་ཡོབ་དུམ་ལེབ་ཀྱི་ལྷོ་མཐའ་དེ་བྱང་ཕྱོགས་སུ་དེད་ནས་རྒྱུན་མཐུད་ངང་གདོང་གཏུག་རྒྱག་ཏུ་འཇུག་བཞིན་ཡོད་ལ། དེས་ལོ་ངོ་ཁྲི་སྟོང་ཕྲག་ལྷག་གི་རིང་ལ་མདོ་དབུས་མཐོ་སྒང་བཙུར་གནོན་དང་ཡར་འཕག་ཏུ་བཅུག་པ་རེད།

11.jpg

“ས་གུར་རླུང”གི་དཔེ་སྟོན་རི་མོ།

ཞིབ་འཇུག་རྣམ་གྲངས་འདིའི་འགན་འཁུར་བ་དང་ཀྲུང་གོའི་ཚན་རིག་གླིང་ས་གཤིས་དང་སའི་གོ་ལའི་དངོས་ལུགས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་ལིའུ་ལི་ཅུན་གྱིས“རིག་གཞུང་སྨྲ་བའི་སྡེ་ཡིས་ད་ལྟའི་བར།  དོན་དམ་ནུས་ཤུགས་ཅི་ཞིག་གིས་ཧིན་རྡུ་དུམ་ལེབ་རྒྱུན་མཐུད་ངང་བྱང་ཕྱོགས་ལ་སྐྱོད་དུ་བཅུག་པར་མ་ཟད།  མདོ་དབུས་མཐོ་སྒང་གི་ས་ཤུན་སྟུག་པོས་གྲུབ་པའི་འགོག་ཤུགས་ཁྱད་དུ་བསད་པའི་ཐད་ལ་ཞིབ་འཇུག་བྱེད་བཞིན་ཡོད་ཅིང་།  སྲོལ་རྒྱུན་གྱི་དུམ་ལེབ་གྲུབ་ཚུལ་གཞུང་ལུགས་ཁྲོད་དུ།  ཐུར་མཆོང་དུམ་ལེབ་གྱི་འཐེན་ཤུགས་དང་རྒྱ་མཚོ་ཆེན་མོའི་སྒལ་ཚིགས་བར་མའི་འདེད་ཤུགས་སོགས་གང་གིས་ཀྱང་བསྟུད་མར་ལོ་ངོ་ཁྲི་སྟོང་ཕྲག་རིང་ལ་རྒྱུན་མཐུད་པའི་ཛ་དྲག་ཆེ་བའི་གྲུབ་ཚུལ་རིམ་འགྱུར་གྱི་སྣང་ཚུལ་ལ་འགྲེལ་བཤད་བྱ་ཐབས་བྲལ།  དེ་བས།  འདིའི་སྔོན་ལ་ཚན་རིག་པ་རྣམས་ཀྱིས་རྒྱ་མཚོ་ཆེན་མོའི་དུམ་ལེབ་ཀྱི་འཐེན་ཤུགས་ཀྱིས་ཧིན་རྡུ་དུམ་ལེབ་དང་ཡ་ཡོབ་དུམ་ལེབ་ཀྱི་གདོང་གཏུག་མ་ལག་ཁྲོད་ནུས་པ་ཅི་ཡང་འདོན་བཞིན་མེད་པ་ར་སྤྲོད་བྱས་ཟིན”ཞེས་བཤད། 

ལིའུ་ལི་ཅུན་གྱིས་ངོ་སྤྲོད་བྱ་རྒྱུར།  གསང་བ་འདི་བརྟོལ་ཆེད།  ཞིབ་འཇུག་རུ་ཁག་གིས་གྲངས་ཚད་གཏན་ཁེལ་གྱི་སའི་གོ་ལའི་སྒུལ་ཤུགས་རིག་པའི་དཔེ་དབྱིབས་སྤྱད་དེ་ཞིབ་འཇུག་བྱས་ཤིང་། བྱེད་ཐབས་འདིས་སའི་གོ་ལ་ཧྲིལ་བོའི་ཚད་གཞིའི་ས་གུར་སྒུལ་ཤུགས་རིག་པར་ལད་ཟློས་བྱེད་ཐུབ་པར་མ་ཟད།  ལོ་ངོ་དུང་ཕྱུར་རིང་གི་དུས་ཚོད་ཀྱི་བར་བརྒལ་ཡང་འདུས་པས།  ས་གུར་གྱི་འགུལ་སྐྱོད་བྱེད་སྟངས་དང་སྒུལ་ཤུགས་ཀྱི་འབྱུང་ཁུངས་ལ་མ་ལག་རང་བཞིན་གྱི་རྒྱུས་ལོན་བྱེད་ཐུབ།  ཞིབ་འཇུག་རུ་ཁག་གིས་མཐའ་མཇུག་ལད་ཟློས་གྲུབ་འབྲས་ལ་དབྱེ་ཞིབ་བྱེད་སྐབས་གསར་རྟོགས་གལ་ཆེན་ཞིག་བྱུང་བ་སྟེ།  དེ་ནི་སའི་གོ་ལའི་གཏིང་རིམ་ན་འཕྲེད་ཕྱོགས་སུ་རྒྱུག་བཞིན་པའི་དངོས་པོའི་བཞུར་རྒྱུག་དྲག་པོ་སྟེ“ས་གུར་རླུང”རེད།  “ས་གུར་རླུང”གི་བཞུར་རྒྱུག་འགྲོས་ཚད་ནི་དེའི་ཐོག་གི་ཧིན་རྡུ་དུམ་ལེབ་ཀྱི་འགྲོས་ཚད་ལས་བརྒལ་བས།  ཧིན་རྡུ་དུམ་ལེབ་ཀྱི་འོག་རིམ་དུ་བྱང་ལ་ཕྱོགས་པའི་འདྲེད་འཐེན་ནུས་ཤུགས་ཤིག་འདོན་ཐུབ་པ་དང་། འདྲེད་འཐེན་ནུས་ཤུགས་འདིའི་རིགས་ཀྱི་ཤུགས་ཚད་ཧ་ཅང་ཆེ་སྟེ། སྲོལ་རྒྱུན་ཐོག་དུམ་ལེབ་གྲུབ་པའི་སྒུལ་ཤུགས་གཙོ་བོ་ལ་ངོས་འཛིན་པའི་རྒྱ་མཚོ་ཆེན་མོའི་དུམ་ལེབ་ཀྱི་འཐེན་ཤུགས་ལ་དོ་ཟློ་བར་མ་ཟད།  མདོ་དབུས་མཐོ་སྒང་ཡར་འཕག་པ་ལ་ཡང་ནུས་ཤུགས་ཆེན་པོ་འདོན་ཐུབ་པ་རེད། 

རྣམ་གྲངས་འདིའི་ཞིབ་འཇུག་ཚོགས་པས་མུ་མཐུད་དུ་ཞིབ་འཇུག་བྱས་པ་ལྟར་ན།  སྔ་དུས་སུ་ཐུར་མཆོང་བྱས་པའི་ཐེ་ཐི་སེ་རྒྱ་མཚོ་གསར་མའི་དུམ་ལེབ་དང་དབྱི་ཞེ་ན་ཀྲི—ཞི་བདེ་རྒྱ་མཚོའི་དུམ་ལེབ་གཉིས་ས་གུར་འོག་མའི་ནང་ནུབ་པའི་གོ་རིམ་ཁྲོད།  ས་གུར་གོང་མ་ལ་འཕྲེད་ཕྱོགས་གནོན་ཤུགས་ཀྱི་འགྱུར་ལྡོག་དྲག་པོ་ཐེབས་ཡོད་པར་མ་ཟད།  མདོ་དབུས་མཐོ་སྒང་གི་ཞབས་རིམ་ནས་གནོན་ཤུགས་དམའ་མོའི་ལྟེ་གནས་ཤིག་ཀྱང་གྲུབ་སྟེ།  གནོན་ཤུགས་འགྱུར་ལྡོག་གིས་མདོ་དབུས་མཐོ་སྒང་མཐའ་འཁོར་གྱི་ས་གུར་རྣམས་རིང་ས་ནས་ཉེ་སར་མཉམ་འདུས་བྱེད་དུ་བཅུག་པ་ལས“ས་གུར་རླུང”གྲུབ་པ་རེད། 

ལིའུ་ལི་ཅུན་གྱིས་བཤད་རྒྱུར།  ཐེངས་འདིའི“ས་གུར་རླུང”དང་འབྲེལ་བའི་ཚན་རིག་གི་གསར་རྙེད་འདིས་དུམ་ལེབ་གྲུབ་ཚུལ་གཞུང་ལུགས་དང་སྐམ་སའི་ཤུགས་རིག་པར་རྒྱུས་ལོན་བྱེད་པའི་ཐད་ཕན་ཐོགས་ཆེན་པོ་ཐོན་ཡོད་ལ།  ཐེངས་འདིར་ཚན་རིག་རུ་ཁག་གིས་ངོས་བཟུང་བའི་ཧིན་རྡུ་དུམ་ལེབ་འོག་གི་བྱང་ལ་ཕྱོགས་པའི་ས་གུར་བཞུར་རྒྱུག་ནི་མདོ་དབུས་མཐོ་སྒང་ལྟེ་བར་བྱས་པའི་གཞི་ཁྱོན་དེ་བས་ཆེ་བའི་ས་གུར་མཉམ་འདུས་བཞུར་རྒྱུག་གི་ཆ་ཤས་ཙམ་ཡིན།  “ས་གུར་རླུང”གི་གཞུང་ལུགས་གསར་བས་མ་འོངས་པར་ད་སྔ་ཤེས་རྟོགས་བྱུང་མེད་པའི་ཁྱབ་ཁོངས་ཀྱི་ས་ཁམས་སྣང་ཚུལ་ལ་ལུགས་མཐུན་གྱི་འགྲེལ་བཤད་བྱ་ཐུབ་ངེས་ཏེ།  དཔེར་ན།  ཡ་གླིང་ཤར་མའི་ཐུར་མཆོང་དུམ་ལེབ་དེ་སྐམ་སའི་དབུས་ཁུལ་ལ་སྤྱི་ལེ་སྟོང་ལྷག་བསྐྱོད་པ་དང་ཞི་བདེ་རྒྱ་མཚོ་ནུབ་མའི་གཞུ་དབྱིབས་གླིང་ཕྲན་རྒྱབ་ཀྱི་གཞོང་སའི་གྲུབ་ཚུལ། ཨོ་སི་ཁྲུ་ལི་ཡ་དུམ་ལེབ་མགྱོགས་མྱུར་ངང་བྱང་དུ་བསྐྱོད་པ་སོགས་ལྟ་བུའོ། 


མཉམ་སྤྱོད།