དེ་རིང་ནི2024ལོའི་ཟླ09པའི་ཚེས18ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

​མདོ་དབུས་མཐོ་སྒང་གི་འཁྱགས་ཀླུང་ཞུ་བ་ཡིས་དངུལ་ཆུ་འཁོར་རྒྱུག་ལ་ཐེབས་པའི་ཤུགས་རྐྱེན་ལ་སྣང་ཆུང་བྱ་མི་རུང་།

2024-09-11 09:44:02   |   161

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས།  བཤེར་འབེབས།  རིན་ཆེན་ཚེ་རིང་།


ཉེ་ལམ། ཕིང་པའེ་གསར་འགྱུར་ཁང་གིས་ཀྲུང་གོའི་ཚན་རིག་གླིང་ནུབ་བྱང་སྐྱེ་ཁམས་ཁོར་ཡུག་ཐོན་ཁུངས་ཞིབ་འཇུག་གླིང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཞིབ་འཇུག་གླིང་འདིའི་འཁྱགས་དར་ཚོམས་ཚན་རིག་དང་ཁེངས་སའི་བཟོ་སྐྲུན་ཚོད་ལྟ་ཁང་གི་ཚན་ཞིབ་རུ་ཁག་གིས་མདོ་དབུས་མཐོ་སྒང་ཤར་ལྷོའི་རྒྱུད་ཀྱི་འཁྱགས་ཀླུང་བཞུར་རྒྱུག་ཁྲོད་ཀྱི་དངུལ་ཆུ་ཕྱིར་གཏོང་ཚད་ལ་ཞིབ་འཇུག་བྱས་པ་ལས་གསར་རྟོགས་བྱུང་བར། དུས་རླུང་སྐབས་ཀྱི་འཁྱགས་ཀླུང་བཞུར་རྒྱུག་ཁྲོད་ཀྱི་སྤྱིའི་དངུལ་ཆུའི་གར་ཚད་ནི་དུས་རླུང་སྐབས་མ་ཡིན་པ་ལས་མཐོ་བ་དང་། འཁྱགས་ཀླུང་ཞུ་བ་ཡིས་ས་ཁོངས་ཀྱི་ཆུའི་སྐྱེ་ཁམས་མ་ལག་ཁྲོད་ཀྱི་དངུལ་ཆུ་འཁོར་རྒྱུག་ལ་ཐེབས་པའི་ཤུགས་རྐྱེན་ལ་སྣང་ཆུང་བྱ་མི་རུང་བར་འདུག 

དངུལ་ཆུ་ནི་ཡུན་བརྟན་རང་བཞིན་དང་དུག་གཤིས་ཆེན་པོ་ལྡན་པའི་སའི་གོ་ལ་ཧྲིལ་བོའི་སྦགས་བཙོག་དངོས་པོ་ཞིག་ཡིན་ལ། རླུང་ཁམས་ཆེན་མོའི་ཁྲོད་ཀྱི་སྐམ་རླན་མར་ཆག་པ་བརྒྱུད་དེ་ཁེངས་སའི་ཚོམས་སུ་འཛུལ་བ་ཡིན། མདོ་དབུས་མཐོ་སྒང་གི་འཁྱགས་ཀླུང་མང་ཆེ་བ་མྱུར་མོར་ཇེ་ཆུང་དུ་འགྲོ་བཞིན་ཡོད་པ་དང་། འཁྱགས་དར་ཁྲོད་བསྡམས་ཉར་བྱས་ཡོད་པའི་དངུལ་ཆུ་རྣམས་འཁྱགས་ཀླུང་ཞུ་བ་དང་འགྲོགས་ནས་ཆུའི་སྐྱེ་ཁམས་མ་ལག་གི་ཁྲོད་ཕྱིན་ཏེ། མིའི་རིགས་ཀྱི་བདེ་ཐང་ལ་མངོན་མེད་ཀྱི་ཉེན་ཁ་བཟོ་བཞིན་ཡོད། ཡིན་ནའང་། མིག་སྔར་འཁྱགས་ཀླུང་བཞུར་རྒྱུག་ཁྲོད་ཀྱི་དངུལ་ཆུ་ཕྱིར་འབུད་ཚད་ལ་ཞིབ་འཇུག་བྱས་པ་ཅུང་ཉུང་བས། འཁྱགས་ཀླུང་ཞུ་བའི་གོ་རིམ་ཁྲོད་ཀྱི་དངུལ་ཆུ་ཕྱིར་འབུད་ནང་རྐྱེན་ད་དུང་གསལ་བོར་རྟོགས་མེད། 

ཀྲུང་གོའི་ཚན་རིག་གླིང་ནུབ་བྱང་སྐྱེ་ཁམས་ཁོར་ཡུག་ཐོན་ཁུངས་ཞིབ་འཇུག་གླིང་གི་འཁྱགས་དར་ཚོམས་ཚན་རིག་དང་ཁེངས་སའི་བཟོ་སྐྲུན་གཙོ་གནད་ཚོད་ལྟ་ཁང་གི་ཚན་ཞིབ་རུ་ཁག་དང་ཀྲུང་གོའི་ཚན་རིག་གླིང་ས་གཤིས་དང་སའི་གོ་ལའི་དངོས་ལུགས་ཞིབ་འཇུག་སུའོ། ཀྲི་ཅང་དགེ་འོས་སློབ་ཆེན། ཡུན་ནན་སློབ་ཆེན་སོགས་ལས་ཁུངས་མཉམ་འབྲེལ་བྱས་ཏེ་ཡུན་ནན་ལི་ཅང་གི་ས་ཐམ་ཁ་བ་གངས་རིའི་འཁྱགས་ཀླུང་ཚོམས་དང་། རྒྱུན་མཐུད་འཕེལ་རྒྱས་རྒྱལ་ཁབ་ཀྱི་ཕྱི་རོལ་ཚན་རིག་ལྟ་འཇལ་ཞིབ་འཇུག་ས་ཚིགས་ཏེ“ས་ཚིགས་གཅིག་དང་ཁུལ་བཞི”ཡི་ལྟ་འཇལ་དྲ་བ་སྤྱད་ནས། རོང་བཙན་ཁ་བ་དཀར་པོའི་མེ་ལོང་ཆུའི་འབབ་རྒྱུད་དུ་དུས་ཡུན་ལོ་གཅིག་གི་རིང་ལ་ཉིན་གཅིག་ཚད་གཞིར་བྱས་པའི་ལྟ་འཇལ་བྱས་ཤིང་། འཁྱགས་ཀླུང་བཞུར་རྒྱུག་ཁྲོད་ཀྱི་སྤྱིའི་དངུལ་ཆུའི་གར་ཚད་ཀྱི་འགྱུར་ལྡོག་ཆོས་ཉིད་དང་ཚོད་འཛིན་རྒྱུ་རྐྱེན་ལ་དབྱེ་ཞིབ་དང་། དངུལ་ཆུ་ཕྱིར་གཏོང་ཁ་གྲངས་ལ་ཚད་འཇལ་བྱས་པར་མ་ཟད། མེ་ལོང་ཆུའི་འབབ་རྒྱུད་དང་མདོ་དབུས་མཐོ་སྒང་ཡོངས་ཀྱི་འཁྱགས་ཀླུང་བཞུར་རྒྱུག་ཁྲོད་ཀྱི་དངུལ་ཆུ་ཕྱིར་གཏོང་ཁ་གྲངས་ལ་དཔྱག་དཔོག་བྱས། 

图片1.jpg

མདོ་དབུས་མཐོ་སྒང་གི་ཤར་ལྷོའི་རྒྱུད་ཀྱི་རོང་བཙན་ཁ་བ་དཀར་པོའི་མེ་ལོང་ཆུའི་འབབ་རྒྱུད་ཀྱི་དཔེ་དབྱིབས་ལེན་སའི་མཚོན་རིས།

ཞིབ་འཇུག་ལས་ཤེས་རྟོགས་བྱུང་བ་ལྟར་ན། དུས་རླུང་སྐབས་ཀྱི་འཁྱགས་ཀླུང་བཞུར་རྒྱུག་ཁྲོད་སྤྱིའི་དངུལ་ཆུའི་གར་ཚད་དང་འཕྱོ་གཡེང་རིལ་དབྱིབས་དངོས་རྫས།(TSP) ཞུ་འབྱེད་སྐྱེ་ལྡན་ཐཱན།(DOC) ཞུ་འབྱེད་སྐྱེ་མེད་ཐཱན(DIC)བཅས་ཀྱི་བར་ལ་མངོན་གསལ་གྱི་མཐུན་སྡུར་གྲུབ་ཡོད།(p < 0.001) དུས་རླུང་མ་ཡིན་པའི་སྐབས་ཀྱི་བཞུར་རྒྱུག་ཁྲོད་དུ་སྤྱིའི་དངུལ་ཆུ་དངTSP  བཞུར་ཚད། དྲོད་ཚད། ཆར་ཆུ་འབབ་ཚད་སོགས་ལ་མངོན་གསལ་གྱི་མཐུན་སྡུར་གྲུབ་ཡོད་ཅིང་།(p < 0.001) DICདང་མངོན་གསལ་གྱི་ལྡོག་སྡུར་གྲུབ་ཡོད། དེས་འཁྱགས་ཀླུང་བཞུར་རྒྱུག་ཁྲོད་ཀྱི་སྤྱིའི་དངུལ་ཆུའི་གར་ཚད་ལ་གནམ་གཤིས་དང་ཆུ་ཁམས་བརྒྱུད་རིམ། ཁོར་ཡུག་གི་རྒྱུ་རྐྱེན་གཞན་སོགས་ཐུན་མོང་གི་ཤུགས་རྐྱེན་ཐེབས་ཡོད་པ་མཚོན། 

图片2.jpg

ཁ་བ་དཀར་པོའི་མེ་ལོང་ཆུ་བོའི་འབབ་རྒྱུད་ཀྱི་ཆུ་ཕུང་མི་འདྲ་བའི་ཁྲོད་ཀྱི་སྤྱིའི་དངུལ་ཆུའི་གར་ཚད་དུས་ཚོད་དང་བསྟུན་ནས་འགྱུར་བཞིན་པ།

མེ་ལོང་ཆུ་བོའི་འབབ་རྒྱུད་ཀྱི་སྤྱིའི་དངུལ་ཆུ་ནང་འདྲེན་ཚད་ལོ་རེར་ཁེ343.8ཡིན་ལ། དེའི་ཁྲོད་དུ་གངས་འཁྱགས་ཞུ་བ་དང་རླུང་ཁམས་ཆེན་མོ་ལས་བབས་པའི་ཆར་ཆུ། ས་འོག་ཆུ་བཅས་སོ་སོས2.4%དང76.9%  20.7% བཅས་ཟིན་ཡོད། འཁྱགས་ཀླུང་གིས་གཙོ་བོ་གཤམ་གྱི་ཐབས་ལམ་འདི་གཉིས་བརྒྱུད་དེ་བཞུར་རྒྱུག་ཁྲོད་ཀྱི་དངུལ་ཆུ་ལ་ཤུགས་རྐྱེན་ཐེབས་བཞིན་ཡོད་དེ། གཅིག་ནི་འཁྱགས་ཀླུང་ཞུ་བའི་གོ་རིམ་ཁྲོད་འཁྱགས་དར་ཁྲོད་བསྡམས་ཉར་བྱས་པའི་སྔར་ཡོད་དངུལ་ཆུ་ཕྱིར་གཏོང་བ་དང་། གཉིས་ནི་འཁྱགས་ཀླུང་ཞུ་སྐབས་འཁྱགས་དར་འོག་ལ་སླད་སྐྱོན་ཐེབས་ཚད་ཚབས་ཆེར་ཕྱིན་པ་དེ་ཡིན། འཁྱགས་དར་འོག་གི་ཆུ་དང་བྲག་རྡོས་ཕན་ཚུན་བྱེད་ནུས་འདོན་པ་ནི་འཁྱགས་ཀླུང་བཞུར་རྒྱུག་ཁྲོད་ཀྱི་དངུལ་ཆུའི་འབྱུང་ཁུངས་གལ་ཆེན་ཞིག་ཡིན། 

མེ་ལོང་ཆུ་བོའི་འབབ་རྒྱུད་ཀྱི་འཁྱགས་ཀླུང་བཞུར་རྒྱུག་ཁྲོད་ཀྱི་དངུལ་ཆུ་ཕྱིར་གཏོང་ཚད་ནི་ལོ་རེར་ཁེ211.0ཡིན་ལ། དེས་འབབ་རྒྱུད་དེ་ནི་དངུལ་ཆུ་འདུ་ས་ཞིག་ཡིན་པ་མཚོན་ཐུབ། དཔྱད་དཔོག་བྱས་པ་ལྟར་ན། མདོ་དབུས་མཐོ་སྒང་གི་འཁྱགས་ཀླུང་བཞུར་རྒྱུག་ཁྲོད་ཀྱི་དངུལ་ཆུ་ཕྱིར་གཏོང་ཚད་ནི་ལོ་རེར་སྟོང་ཁེ947.7ཡིན་པ་རེད། ཞིབ་འཇུག་འདིས་མདོ་དབུས་མཐོ་སྒང་གི་འཁྱགས་ཀླུང་ཞུ་བ་ཡིས་ས་ཁོངས་ཀྱི་ཆུའི་སྐྱེ་ཁམས་མ་ལག་ཁྲོད་ཀྱི་དངུལ་ཆུ་འཁོར་རྒྱུག་ལ་ཐེབས་པའི་ཤུགས་རྐྱེན་ལ་སྣང་ཆུང་བྱ་མི་རུང་བ་ར་སྤྲོད་བྱས། 

图片3.jpg

མེ་ལོང་ཆུ་བོའི་འབབ་རྒྱུད་ཀྱི་དངུལ་ཆུ་ནང་འདྲེན་དང་ཕྱིར་གཏོང་གི་དོན་སྤྱིའི་དཔེ་དབྱིབས་མཚོན་རིས།


མཉམ་སྤྱོད།