དེ་རིང་ནི2026ལོའི་ཟླ04པའི་ཚེས09ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

AIལ་འཇུག་པའི་སྒོ་བློ་གསལ་བདེ་ལམ་ཞེས་བྱ་བ། —AIཡི་ངོ་མཚར་བའི་འཇིག་རྟེན་དུ་བསྐྱོད་པ།(སྒྲོལ་དཀར་ཚེ་རིང་གིས་བསྒྱུར།)

2026-04-09 08:41:48   |   115

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་སྔོན་པོ་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


རབ་བྱེད་དང་པོ། AIཡི་སྦས་དོན་རྣམ་པར་འབྱེད་པ།

བདེ་སྐྱིད། སྐུ་ཁམས་བཟང་། འཁྱག་སྒམAIཡིན་ནམ།

མ་རེད། འཕྲུལ་ཆས་ཚང་མAIམིན།

འོ་ནAIནི་ཇི་ལྟ་བུ་ཞིག་ཡིན།

AIནི་ཅི་ཞིག་ཡིན།

མི་བཟོས་རིག་ནུས(བཅོས་མའི་ཤེས་པའམ་བཅོས་རིག་གམ་མིས་བཟོས་འཕྲུལ་སྟོབས་སོགས་སུ་བསྒྱུར། Artificial Intelligence, 人工智能)ལ་བསྡུས་ཏེAIཞེས་འབོད། དེ་ནི་མིའི་ཤེས་པར་ལད་མོ་བྱེད་པའི་ལག་རྩལ་ཞིག་སྟེ། རྩིས་འཕྲུལ་གྱི་མ་ལག་གིས་འགྲོ་བ་མི་བཞིན་བསམ་བློ་གཏོང་བ་དང་། སློབ་སྦྱོང་དང་རིགས་འདེད་བྱེད་པ། གནད་དོན་ཐག་གིས་གཅོད་པར་བྱེད། AIནི་རིག་ནུས་ལོ་ཙཱ་དང་། ཁྱིམ་སྤྱོད་སྒྲིག་ཆས། མི་མེད་གནམ་གྲུ། རོལ་རྩེད་ལོངས་སྤྱོད། རིག་ནུས་ཁ་སྒྱུར(无人驾驶)ལ་སོགས་པའི་ཁོངས་སུ་ཉེ་བར་སྤྱད་དེ། འགྲོ་བ་མིའི་འཚོ་བ་ལ་སྟབས་བདེ་དང་གསར་གཏོད་ཧ་ཅང་མང་པོ་བྱས་དང་བྱེད་བཞིན་ཡོད།

AIདངAIམ་ཡིན་པའི་ཁྱད་པར་ཅི།

AIདངAIམ་ཡིན་པའི་ཁྱད་པར་གཙོ་བོ་ནིAIཡིས“སློབ་སྦྱོང”བྱ་ཐུབ་ལ“ཡར་རྒྱས“འགྲོ་ཐུབ་མོད། AIམ་ཡིན་པ་དེ་ལྟ་མིན། དཔེར་ན་ང་ཚོས་རྒྱུན་པར་སྤྱོད་པའི་རིག་ནུས་ལོ་ཙཱའི་མཉེན་ཆས་ཀྱིས་དབྱིན་ཇིའི་ཚིག་དུམ་ཞིག་རྒྱ་ཡིག་ཏུ་ཇི་ལྟར་ཡང་དག་པར་བསྒྱུར་བའི་ཚུལ་ལ་མཚམས་མི་ཆད་པར་སློབ་སྦྱོང་བྱེད་པསAIཡིན། ཡིན་ཡང་རང་འགུལ་གོས་འཁྲུད་ཀྱིས་སློབ་གཉེར་དང་སྦྱོང་བ་བྱས་ཏེ་གོན་པ་ལྷག་པར་བཀྲུ་ཤེས་པར་འགྱུར་བའི་གནས་མེད་པསAIམ་ཡིན་ནོ། །

འོ་ན་ལས་ཀར་རང་འགུལ་གྱིས་ཞུགས་པའི་འཕྲུལ་ཆས་ཐམས་ཅདAIའཕྲུལ་མི(འཕྲུལ་ཆས་ཀྱི་མི)ཡིན་ནམ།

དེ་ཡང་མ་ཡིན། འཕྲུལ་ཆས་ཁ་ཤས་བློ་རིག་རྒོད་པར་སྣང་ཡངAIཡི་རིགས་སུ་མི་གཏོགས། དཔེར་ན་ཁྱོད་ཀྱི་ཁ་པར་དང་རྩིས་འཕྲུལ་གྱིས་ཁ་པར་རྒྱག་པ་དང་། རྩིས་གཞི་རྩི་བ། དྲྭ་རྒྱར་འཇུག་པ་སོགས་བྱེད་ཐུབ་ཀྱང་། དེ་དག་བྱ་རིམ་གཏན་ཆགས་དང་ལྡན་པའི་ལག་ཆ་ཙམ་ལསAIམིན། དཔེར་ན་རང་འགུལ་དངུལ་ལེན(自动柜员机)དང་། རང་འགུལ་གོས་འཁྲུད་ལ་སོགས་པའི་འཕྲུལ་ཆས་དག་ལས་ཀ་ཁ་ཤས་ལ“རང་འགུལ”གྱིས་འཇུག་ཐུབ་པ་ལྟར་སྣང་ཡང་། དེ་དག་ལ་ཇུས་འགོད་པས་བྱ་རིམ་སྔོན་ལ་བཀོད་པ་ཙམ་དུ་ཟད་པས། དེ་ཡངAIལ་གཏོགས་པ་མིན།

ད་ནི་ཁྱོད་ཀྱིས་ཇི་ལྟར་ཡིན་པ་ཤེས་སོང་ངམ།

བྱ་རིམ(程序)ནི་ཅི་ཞིག་ཡིན་ནམ།

རྩིས་འཕྲུལ་གྱི་བྱ་རིམ་ནི་ཅི་ཞིག་ཡིན།

རྩིས་འཕྲུལ་གྱི་བྱ་རིམ་ལ་ནམ་རྒྱུན་མཉེན་ཆས་སམ་ཉེར་སྤྱོད་བྱ་རིམ་ཞེས་ཀྱང་བརྗོད། དེ་ནི་བཀོད་པའམ་སྐུལ་བརྡ[1]སྐོར་ཞིག་འདུས་པ་ལ་ཟེར། བཀོད་པའམ་སྐུལ་བརྡ་འདི་དག་རྩིས་འཕྲུལ་གྱིས་ངེས་ཐུབ་པའི་སྐད་ཆས(བྱ་རིམ་སྒྲིག་པའི་སྐད་བརྡ)བྲིས་པ་ཡིན། བྱ་རིམ་དུ་འགན་ངེས་ཅན་ཞིག་འཁུར་བའམ་གནད་དོན་ངེས་ཅན་ཞིག་ཐག་གིས་གཅོད་པའི་གཏན་ཚིགས་དང་རྩི་ཐབས་འདུ། རྩིས་འཕྲུལ་གང་དེ་བྱ་རིམ་ལ་འཇུག་དུས། བྱ་རིམ་ཁྲོད་ཀྱི་བཀའ་བརྡའི་གོ་རིམ་བཞིན་འཇུག་ཅིང་གཞི་གྲངས་ཐག་གིས་བཅད་དེ། མཐར་གཏན་ལ་ཕབ་པའི་འགན་ནམ་རྩིས་གཞི་འགྲུབ་པར་བྱེད།

མདོར་དྲིལ་ན། བྱ་རིམ་ནི་རྩིས་འཕྲུལ་གྱིས་འགན་འགྲུབ་པར་བྱ་བའི་བཀའ་བརྡའི་ཚོགས་པ(指令集合)སྟེ། དེ་ནི་གཏན་ཆགས་པ་ཡིན། ཡིན་ཡངAIཡིས་འགྲོ་བ་མི་བཞིན་བསམ་བློ་གཏོང་ཤེས་པས། བྱ་རིམ་ནི་མིས་བཟོས་རིག་ནུས་མིན།

ལགས་སོ། །ངས་ཤེས་སོང་། AIཡིས་བསམ་བློ་གཏོང་ཤེས། འོ་ན་དེ་ལ་ཤེས་རབ་དང་ལྡན་མིན་ཇི་ལྟར་བརྟག་དགོས།

དེ་ལས་སླ་བོ་རེད། ང་དང་ལྷན་ཅིག་བརྟག་པར་བྱ།

རབ་བྱེད་གཉིས་པ། AIཡིས་ཀྱང“བསམ་བློ་གཏོང”ཤེས་སམ།

གྱང་གི་རྒྱབ་ན་ཡོད་པ་དེ་མི་རེད་དམ་འཕྲུལ་ཆས་རེད།

དེ་རིང་ནམ་ཟླ་ཅི་འདྲ་རེད། ཅུང་ཙམ་འགོར་རྗེས་ཆར་དབབ་ངེས།

ཁྱོད་ཀྱིས་ཆར་གདུགས་བཟུང་ཨེ་ཡོད། བཟུང་ཡོད།

ཁྱོད་ཀྱིས་ཆར་གདུགས་མི་འཛིན་དོན་ཅི། ངས་ཆར་གདུགས་བཟུང་ཡོད།

ཕ་རོལ་གྱི་དེ་མི་རེད།

དེ་རིང་ནམ་ཟླ་ཅི་འདྲ་རེད། དེ་རིང་སྤྲིན་མང་བ་ནས་ཆར་སམ་སིམ་དབབ་རྒྱུ་རེད།

ཁྱོད་ཀྱིས་ཆར་གདུགས་བཟུང་ཨེ་ཡོད། ངས་ཆར་གདུགས་བཟུང་ཡོད།

ཁྱོད་ཀྱིས་ཆར་གདུགས་མི་འཛིན་དོན་ཅི། ངས་ཆར་གདུགས་བཟུང་ཡོད་ཅེས་བཤད་པ་མ་གོའམ།

ཁྱོད་ཀྱིས་ཆར་གདུགས་བཟུང་ཨེ་ཡོད། བཟུང་ཡོད།

ཁྱོད་ཀྱིས་ཆར་གདུགས་མི་འཛིན་དོན་ཅི། ངས་བརྗེད་སོང་།

ཕ་རོལ་གྱི་དེ་འཕྲུལ་ཆས་རེད།

ཁྱོད་ཀྱིས“ཐི་རིན་གྱི་བརྟག་པ”(图灵测试)ཞེས་པ་ཤེས་སམ།

AIཡི་ཤིང་རྟའི་སྲོལ་འབྱེད་པ་ཐི་རིན།

ཨེ་ལན•མ་སི་སོན•ཐི་རིན(Alan Mathison Turing, 图灵,1912~1954)མཆོག་ནི་དབྱིན་ཇིའི་གྲངས་རིག་མཁས་ཅན་དང་གཏན་ཚིགས་རིག་པ་བ་ཡིན།“རྩིས་འཕྲུལ་ཚན་རིག་གི་ཤིང་རྟའི་སྲོལ་འབྱེད”དང“མིས་བཟོས་རིག་ནུས་ཀྱི་ཤིང་རྟའི་སྲོལ་འབྱེད”ཅེས་ཀྱང་བསྔགས། ཐི་རིན་མཆོག་གིསAIཡི་ཞིབ་འཇུག་ལ་མཛད་རྗེས་མང་པོ་བཞག །དེ་ལས་ཀུན་ལ་ཡོངས་སུ་གྲགས་པ་ནི་ཁོང་གིས1950ལོར་བཏོན་པའི“ཐི་རིན་གྱི་བརྟག་པ”ཞེས་པ་དེ་རེད། ཁོང་གི་མཚན་གྱིས་བཏགས་པའི“ཐི་རིན་གཟེངས་རྟགས”ནི་རྩིས་འཕྲུལ་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་གཟེངས་རྟགས་རྩེ་གྲ་དེ་ཡིན་པས། “རྩིས་འཕྲུལ་གྱི་སྡེའི་ནོ་བྷེལ་གཟེངས་རྟགས”ཞེས་ཀྱང་བསྔགས།

རབ་བྱེད་གསུམ་པ། AIལའང་ང་ཚོ་ནང་བཞིན་ལུས་ཕུང་ཡོད་དམ།

བདེ་སྐྱིད། AIལ་ལུས་ཕུང་ཡོད་དམ།

ཁྱོད་ཀྱིས་གོ་བ་འདི་ལྟར་བླངས་ཆོག་སྟེ།

AI+འཕྲུལ་མི=ཀླད་པ+ལུས་ཕུང་།

འཕྲུལ་མིའི་ལག་རྩལ་གྱིསAIལ“ལུས་ཕུང”ལས་སུ་རུང་བ་ཞིག་སྤྲོད་ཐུབ། AIཡི་ལག་རྩལ་དེ་ཉིད་འཕྲུལ་ཆས་ཀྱི་མི་ལ་ལེགས་པར་སྤྱད་ན། འཕྲུལ་མི་གང་དེ་སྔར་ལས་སྐྱེན་ཞིང་། ལྷག་པར་རིག་པ་དང་ལྡན་པའི་སྤྱོད་ལམ་ཅན་དུ་འགྱུར་ཏེ། རང་འགུལ་དང་རིག་ནུས་དང་ལྡན་པའི་དམིགས་ཡུལ་སྔར་བས་མངོན་དུ་བྱ་ཐུབ།

ངས་ཤེས་སོང་། AIལ“ལུས་ཕུང”མེད་ཀྱང་ཆོག །གང་དེར“ལུས་ཕུང”ཡོད་ན་ང་ཚོས་འཇིག་རྟེན་ཡང་དག་པར་ངོས་ཟིན་པ་ལ་སྨན།

ང་ཚོ་ཚང་མར་རྒྱུས་ཡོད་པའིAIའཕྲུལ་མི།

ཝ་ལི།(瓦力)

«འཕྲུལ་མི་སྟོབས་ལྡན»(«机器人总动员»)ཁྲོད་ཀྱི་འཕྲུལ་མི་གད་བདར་པ་དེ་ཡིན།

ཏོ་ལ་ཨེ་སྨོན།(哆啦A梦)

 «ཏོ་ལ་ཨེ་སྨོན»ལས་མ་འོངས་པའི་དུས་སུ་འབྱུང་བའི་འཕྲུལ་ཆས་གྱི་ཞི་ལ་ཡིན།

R2—D2«གོ་ལའི་གཡུལ་འགྱེད»ལས་མཁའ་འགྲུལ་ལག་རྩལ་བའི་འཕྲུལ་མི་དེ་ཡིན། འཕུར་བསྐྱོད་པར་གནམ་ལ་འཕུར་བ་དང་དགྲ་ལ་འཐབ་པར་རོགས་བྱ་ཐུབ།

AIཡི“དབང་པོ”སྣ་ཚོགས།

བསམ་བློ་གཏོང་ཤེས་པ་ལས་འཇིག་རྟེན་རྟོགས་མི་ནུས་པའིAIཡིས་འགྲོ་བ་མིའི་འདོད་པ་སྐོང་མི་ནུས། ཚན་རིག་པ་དག་གིསAIཡིས་ཕྱི་རོལ་ཡུལ་ཇི་ལྟར“མཐོང”ཞིང“ཐོས་པ”སྟེ། དཔེར་ན་གཟུགས་རིས་ངོས་འཛིན་དང་། སྐད་གདངས་ངོས་འཛིན། འཕྲུལ་མིའི་ལག་རྩལ་ལ་སོགས་པར་འབད་པ་ཆེན་པོས་ཞིབ་འཇུག་གནང་གིན་ཡོད། དེ་ལྟར་ནAIཡིས་འགྲོ་བ་མི་ལ་སྔར་ལས་ལྷག་པར་ཞབས་འདེགས་ཞུ་ཐུབ།

ང་ལ“གཤོག་པ”ཡོད།

ང་ལ“མིག”ཡོད།

ང་ལ“རྐང་པ”ཡོད།

ང་ལ“རྣ་ཅོག”ཡོད།

རབ་བྱེད་བཞི་པ། AIམི་ལས་ལྷག་པར་བློ་རྣོའམ།

བདེ་སྐྱིད། ཁྱོད་ངོ་མ་རིག་རྒོད་རེད། ཁྱོད་ཀྱིས་ཅི་འདྲ་མང་པོ་ཤེས་ཨང་།

ཁྱོད་ཀྱིས་བསྟོད་པ་གནང་པར་ཐུགས་རྗེ་ཆེ་ཞུ།

AIཡིས་མིའི་བརྩེ་བ་རྟོགས་མི་ནུས་ཀྱང་། དེ་དག་མི་ལས་ལྷག་པར་བློ་རིག་རྒོད་དམ།

 དོན་དེ་བཤད་ཁག་པོ་རེད།

AIགསར་དུ་བྱུང་མ་ཐག་ཁྱབ་ཁོངས་ཁ་ཤས་སུ་མི་ལས་ལྷག་པའི“རིག་སྟོབས”མངོན་ཡོད། དེས་ཚབ་རྩིས་ཀྱི་བེད་སྤྱོད་རྩིས་གཞི་མགྱོགས་པོར་རྩི་བའམ་ཡང་ན་དབྱིབས་རྩིས་ཀྱི་གཏན་སྲོལ་མགྱོགས་པོར་བསྒྲུབས་ཐུབ་པར་མ་ཟད། ཆུ་ཚད་ངེས་ཅན་ཡོད་པའི་ལས་ཞོར་གྱི་མིག་མངས་ལ་དགའ་མཁན་དག་ལ་འགྲན་སློང་ཐུབ། འདི་ལས་དེ་ཉིད་འགྲོ་བ་མི་ལས་བློ་རྣོ་བར་སྣང་སྲིད་དམ། ཡིན་ཡངAIཡིས་བསམ་བློ་གཏོང་ཞིང་ཁ་བརྡ་བྱེད་ལ། གཟུགས་དང་སྒྲ་རྣམ་པར་འབྱེད་ཐུབ་པ་ཐམས་ཅད་མིས“བསླབས”པ་ཡིན་ཙ་ན། ང་ཚོ་དངAIགཉིས་ལས་སུ་ཞིག་རིག་པ་རྣོའམ།

1946ལོར་ཀུན་ཁྱབ་གློག་རྡུལ་རྩིས་འཕྲུལ་དང་པོ་བྱུང་། དེས་སྐར་ཆ40ཡུན་ལ་ཚངས་མཐའི་ཚད[2](圆周率)ཀྱི་ཐང་ཚད་སིལ་གྲངས་ཚེག་གི་རྗེས་སུ་གནས707ལ་རྩིས་པས། མིས་ཚངས་མཐའི་ཚད་རྩིས་པའི་ཟིན་ཐོ་ལས་བརྒལ་བར་བྱས།

དངོས་གནས་ཡ་མཚན་རེད། དེ་ལྟར་ནAIཡི་ཤེས་རབ་ནི་མི་ལས་རིང་དུ་བརྒལ་འདུག །

ཡིན་ཡང2010ལོ་ཡས་མས་སུ་མིས་བཟོས་རིག་ནུས་ཀྱིས་གཞི་ནས་ཞི་ལ་ངོས་འཛིན་ཐུབ་པར་གྱུར།

འདི་ཞི་ལ་རེད།

ངས་ཞི་ལའི་འདྲ་པར་ཁྲི་ཕྲག་མང་པོར་སློབ་སྦྱོང་བྱས་རྗེས། ཞི་ལ་ག་འདྲ་ཞིག་ཡིན་པ་གཞི་ནས་རྟོགས་པར་གྱུར།

འགྲོ་བ་མིའི་བརྩེ་བ་རྟོགས་ཐབས་བྲལ།

འགྲོ་བ་མིའི་འགུལ་སྐྱོད་དང་ཤེས་ཚོར་གྱི་ནུས་པ་ནི་དུས་ཡུན་རིང་པོར་འཕེལ་འགྱུར་བྱུང་ནས་རིམ་གྱིས་ཐོབ་པ་ཞིག་ཡིན། དེ་དང་བསྡུར་ནAIབྱུང་ནས་ལོ100འགོར་མེད་པས། AIལ་སྦྱོང་བ་མང་དུ་བྱས་ན་ནུས་པ་འདི་དག་དང་ལྡན་པར་འགྱུར་རོ། །

ཕྱོགས་འགའ་ཞིག་ཏུAIཡང་མི་ལས་ཞན་པར་སྣང་།

དེ་འདྲ་རེད། ང་ཚོ་དྲན་པ་དང་རྩིས་རྒྱག་པ་ལ་མཁས་ཀྱང་། ཚོར་ཤེས་དང་བརྩེ་དུང་གི་ཐད་དུ་འགྲོ་བ་མི་ལས་འདའ་བའི་གནས་མེད།

ངས་གོང་གི་དྲི་བར་ལན་གསར་པ་ཞིག་རྙེད། ངེད་གཉིས་ཀ་བློ་རིག་རྣོ།

རབ་བྱེད་ལྔ་པ། AIདབང་རྟུལ་ཡོད་དམ།

བདེ་སྐྱིད། AIཐམས་ཅད་རིག་པ་རྣོའམ།

དེ་འདྲ་མ་རེད། AIམི་འདྲ་བར“རིག་པ”རྣོ་རྟུལ་ཡང་ཐ་དད་ཡིན།

AIདབང་རྟུལ་ཡང་ཡོད་དམ།

AIཡི“ཤེས་རབ”ལའང་རིམ་པ་ཡོད། དེརAIདབང་རྟུལ་དངAIདབང་རྣོན་གཉིས་སུ་དབྱེ་ཆོག །ང་ཚོའི་ཉེ་འཁོར་དུAIདབང་རྟུལ་གྱི་ཐོན་རྫས་མང་པོ་ཡོད། བསམ་བློ་རང་རྐྱ་བར་གཏོང་ཐུབ་པའིAIདབང་རྣོན་བཟོ་རྒྱུ་ནི་ཤིན་ཏུ་བྱ་དཀའ་བ་ཡིན།

AIདབང་རྟུལ།

AIདབང་རྟུལ་གྱི་ཁོངས་སུ་རིག་ནུས་སྒྲ་སྒམ་དང་། མི་མེད་ཁ་སྒྱུར་རླངས་འཁོར། མིག་མངས་རྩེ་ཤེས་པའིAlphaGOལ་སོགས་པ་ཡོད། དེ་དག་ཁྱབ་ཁོངས་འགའ་ཞིག་ཏུ་ཆེས་ཆེར་ཁྱད་ཐོན་ཏེ་འགྲོ་བ་མི་ལས་ལྷག་མོད། ཁྱབ་ཁོངས་གཞན་དང་གཞན་ལ“ཤིན་ཏུ་རྨོངས།”

“རིག་པ་རྣོ་བར”སྣང་ཡང་མིའི་ཤེས་རྟོགས་ཀྱི་ནུས་པ་ཚང་བར་མི་ལྡན་པའིAIལAIདབང་རྟུལ་ཞེས་བརྗོད།

ང་མིག་མངས་རྩེ་བར་མཁས།འོ་ན་ཁྱོད་ཀྱིས་མིག་མངས་ཀྱི་ལོ་རྒྱུས་ཤེས་སམ།ངས་མིག་མངས་རྩེ་བ་ལས་གཞན་མི་ཤེས།

གེགས་གཞན་དང་ཕྲད་ན། འདིར་གཙང་སྦྲ་བྱེད་མི་དགོས་པ་མཚོན།

ངས་གཙང་སྦྲ་བྱེད་དུས་ཞི་ལར་ན་ཚ་བྱུང་བས། སྔོན་ལ་ཞི་ལ་ཁྲིད་ནས་སྨན་ཁང་དུ་འགྲོ། ཕྱིར་སླེབས་རྗེས་མུ་མཐུད་དུ་གཙང་སྦྲ་བྱེད།

ངས་ཁང་པའི་ལྡེ་མིག་ཁ་རོག་གེར་བསྐྱར་དཔར་བྱས་ཡོད། ད་ནི་གནས་འདི་དང་ཁ་འབྲལ་དགོས། ང་ཁྱིམ་ལས་ལ་འཇུག་མི་འདོད་པར། དེ་ལས་གཞན་པའི་དོན་རེ་བསྒྲུབ་པར་འདོད།

AIདབང་རྣོན།

AIདབང་རྣོན་ལ་འགྲོ་བ་མི་བཞིན་གྱི་རྟོག་པ་རང་དབང་བ་དང་གནད་དོན་ཐག་གཅོད་པའི་ནུས་པ་ཡོད། དེས་བསམ་བློ་རང་རྐྱ་བར་གཏོང་ཐུབ་པར་མ་ཟད། མིའི་དགའ་སྐྱོ་ཆགས་སྡང་ཡང་ཚོར་ཐུབ། མིས་བསྒྲུབས་ཐུབ་པ་རྣམས་དེས་ཀྱང་བསྒྲུབས་ནུས་པར་མ་ཟད་མི་ལས་ཀྱང་ལྷག །མིག་སྔར་ཚད་དེར་སླེབས་པའིAIནི་ཚན་རྟོག་བརྩམས་ཆོས་སུ་རྒྱུན་པར་འབྱུང་བ་ལས་དངོས་སུ་བཟོ་ཐུབ་མེད།

རྒྱ་ཡིག་གི་ཁང་པ།”

“རྒྱ་ཡིག་གི་ཁང་པ”(中文房间)ཞེས་པ་ནི་མཚན་ཉིད་མཁན་པོ་སའེ་ཨེར(赛尔)གྱིས་བཏོན་པའི་བསམ་བློའི་ཚོད་ལྟ་ཞིག་རེད། དབྱིན་སྐད་ལས་མི་ཤེས་པའི་མི་ཞིག་ཁང་པ་ཞིག་ཏུ་བཅུག །དེའི་ལག་ཏུ་དབྱིན་རྒྱ་ཤན་སྦྱར་གྱི་ལག་དེབ་ཅིག་ཡོད། ཕྱི་རོལ་གྱི་མིས་དྲི་བ་ཤོག་བུའི་ངོས་སུ་རྒྱ་ཡིག་གིས་བྲིས་ཏེ་ཁོར་བྱིན། ཁོས་དབྱིན་རྒྱ་ཤན་སྦྱར་གྱི་ལག་དེབ་ལས་ལན་བཙལ་རྗེས། ཤོག་བུའི་ངོས་སུ་རྒྱ་ཡིག་གིས་བྲིས་ཏེ་བྱིན། ཕྱི་རོལ་གྱི་མིས་ཁང་པའི་ནང་དུ་ཡོད་པ་ནི་རྒྱ་ཡིག་ཤེས་མཁན་ཞིག་ཏུ་འདོད་ཀྱང་། ཁོས་རྒྱ་ཡིག་གཅིག་ཀྱང་མི་ཤེས།

འཕྲུལ་ཆས་ཤིག་ཐི་རིན་གྱི་བརྟག་པ་ལས་ཚད་ལོན་ཡང་། གང་དེར་ཤེས་རབ་དང་ལྡན་པར་མཚོན་མི་ནུས། དེས་གཞི་གྲངས་བརྗེ་བ་ཙམ་ལས་འཇིག་རྟེན་འདི་ཡང་དག་པར་རྟོགས་མི་ནུས།

འགྲོ་བ་མིའང་འཕྲུལ་ཆས་ངོ་མཚར་བ་ཞིག་ཏུ་ཟད། མི་ལ་ཤེས་རབ་ཡོད་ན། འཕྲུལ་ཆས་ལ་ཡོད་མི་ཆོག་པའི་རྒྱུ་མཚན་ཅི།

མཚན་ཉིད་མཁན་པོ་དག་གིAIདབང་རྣོན་ཐད་ཀྱི་རྩོད་པ།

མཚན་ཉིད་མཁན་པོ་ཁ་ཅིག་ན་རེ། AIཡིས་འཇིག་རྟེན་ཡང་དག་པར་རྟོགས་མི་ནུས་པས། མིས་བཟོས་རིག་ནུས་ལ་འདུ་ཤེས་དང་རྟོག་པ་ཚུགས་ཐུབ་པ་ཞིག་འབྱུང་བའི་གནས་མེད་པར་བཞེད། ཡང་མཚན་ཉིད་མཁན་པོ་འགའ་ཞིག་ན་རེ། འགྲོ་བ་མིའང་འཕྲུལ་ཆས་ངོ་མཚར་བ་ཞིག་ཡིན་ཙ་ན། མིས་བཟོས་རིག་ནུས་ནི་མིའི་ཤེས་རབ་ཀྱི་ཚད་ལ་འཕེལ་འགྱུར་འབྱུང་ཐུབ་པར་གདོན་མི་ཟའོ་ཞེས་ཀྱང་བཞེད་དོ། །

རབ་བྱེད་དྲུག་པ། AIབཟོ་མཁན་སུ་ཡིན།

བདེ་སྐྱིད། AIརིག་པ་འདི་འདྲ་རྣོ་བས། འདི་དག་ཞིབ་འཇུག་གསར་སྤེལ་བྱེད་མཁན་དག་ཀྱང་ཁྱད་དུ་འཕགས་པ་ཞིག་ཡིན་ངེས།

དེ་འདྲ་རེད། དེར་མ་ཟདAIལ་ཞིབ་འཇུག་བྱེད་པའི་འགན་རབ་ཏུ་ལྕི་བས། མི་རབས་མི་རྒྱུད་ཀྱི་ཞིབ་འཇུག་གསར་སྤེལ་བྱེད་མཁན་དག་ལ་བརྟེན་ན་གཞི་ནས་མངོན་འགྱུར་ཡོང་ཐུབ།

ངསAIལ་ཞིབ་འཇུག་བྱེད་པའི་མགོ་ཇི་ལྟར་བརྩམས་པ་ཤེས་པར་འདོད། ཁྱོད་ཀྱིས་ང་ལ་དེའི་འཕེལ་རིམ་མཚམས་སྦྱོར་གནང་ཆོག་གམ།

འཕེལ་རིམ་མཚམས་སྦྱོར་བྱས་ཆོག །དེ་ནི་བཤད་བྱ་ཅུང་ཟད་རྒྱ་ཆེ་བས། ཁྱོད་ཀྱི་ལེགས་པར་ཉོན་ཅིག །

1956ལོར་ཨ་རིའི་ཧན་ནོ་སི་གྲོང་རྡལ(汉诺斯小镇)གྱི་ཏ་ཐི་མོ་སི་སློབ་གླིང(达特茅斯学院)དུ། རྗོན•མེ་ཁ་དབྱི(‌约翰·麦卡锡‌,John McCarthy)དང་། མར་ཝིན•མེན་སི་ཁེ།(马文·明斯基‌,Marvin Minsky) ཁོལ་ཏེ•ཧྲན་ནོན།(克劳德·香农‌,Claude Shannon) ཨེ་ལེན•ནེ་ཝེལ(艾伦·纽厄尔‌,Allen Newell)ལ་སོགས་པའི་མཁས་པ་དག་གདན་གཅིག་ཏུ་འཛོམས་ཏེ། འཕྲུལ་ཆས་ཀྱིས་འགྲོ་བ་མིའི་སློབ་གཉེར་དང་རིག་ནུས་ཀྱི་ཕྱོགས་གཞན་དག་ལ་ལད་མོ་ཇི་ལྟར་བྱ་བའི་ཚུལ་ཞེས་པའི་གླེང་གཞི་གསར་པ་ཞིག་ལ་བཀའ་མོལ་གནང་། ཚོགས་འདུ་འདིསAIཞིབ་འཇུག་ལ་དབུ་ཁྱུད་བྲིས་པར་བསྔགས། ཕྱིས་སུAIཡི་ཞིབ་འཇུག་ལ་ཚ་རླབས་འཕྱུར། ཚོགས་འདུར་ཞུགས་མཁན་དག་ནིAIཞིབ་འཇུག་གི་སྔ་རབས་པར་འདོད།

རྗོན•མེ་ཁ་དབྱི(‌约翰·麦卡锡‌,John McCarthy)ནི་གྲངས་རིག་མཁས་ཅན་ཞིག་ཡིན། ཁོང་ནི་ཏ་ཐི་མོ་སིའི་ཚོགས་འདུ་བསྡུ་མཁན་གྱི་གྲས་ཡིན། ཁོང་གིསLISP—རྩིས་འཕྲུལ་བྱ་རིམ་ཇུས་འགོད་སྐད་བརྡ་གསར་གཏོད་བྱས།

མར་ཝིན•མེན་སི་ཁེའང(马文·明斯基‌,Marvin Minsky)ཏ་ཐི་མོ་སིའི་ཚོགས་འདུ་བསྡུ་མཁན་གྱི་གྲས་ཡིན། ཞིབ་འཇུག་གི་ཁ་ཕྱོགས་ནིAIཡི་ཁྱབ་ཁོངས་ཀྱི་དབང་རྩའི་དྲྭ་རྒྱ་ཡིན། ཁོང་གིས་དབང་རྩའི་དྲྭ་རྒྱ་དང་འབྲེལ་བའི་དཔེ་ཆ་ཞིག་བྲིས་ཏེ། མི་བཟོས་རིག་ནུས་ཀྱི་ཞིབ་འཇུག་དཀའ་བའི་གནས་སུ་བཙུད། འཕྲུལ་མི་ལའང་ཞིབ་འཇུག་གནང་མྱོང་། ཁོང་གིས་ཞིབ་འཇུག་གསར་བཟོ་བྱས་པའི་འཕྲུལ་ཆས་ཀྱི་དཔུང་བ་ནི་གཟུགས་གཞན་ལ་ལས་སླ་བོར་ཡོལ་ཐུབ། 1969ལོར་ཐི་རིན་གཟེངས་རྟགས་ཐོབ།

ཁོལ་ཏེ•ཧྲན་ནོན(克劳德·香农‌,Claude Shannon)ནི་གྲངས་རིག་མཁས་ཅན་དང་། གློག་ཤུགས་བཟོ་སྐྲུན་པ་དང་གསང་གྲངས་གཏོར་བའི་ཆེད་མཁས་པ་ཞིག་ཡིན། ཁོང་ནི་ཆ་འཕྲིན་རྣམ་གཞག(信息论)གི་སྲོལ་འབྱེད་པ་ཡིན། ཁོང་གིས“པིད”(比特)ཀྱིས་བརྡ་འཕྲིན་གྱི་ཚད་གཞལ་ཅིང་། གང་འདི་དེང་རབས་བརྡ་འཕྲིན་གྱི་རྨང་རྡོ་ལྟ་བུར་གྱུར།

ཨེ་ལེན•ནེ་ཝེལ(艾伦·纽厄尔‌,Allen Newell)ནི་རྩིས་འཕྲུལ་ཚན་རིག་དང་ཤེས་རྟོགས་ཆ་འཕྲིན་རིག་པའི་ཁྱབ་ཁོངས་སུ་མཛད་རྗེས་བླ་མེད་བཞག་མྱོང་བའི་ཚན་རིག་མཁས་ཆེན་ཞིག་ཡིན། ཁོང་གིས་གང་དཔྱད་པར་བྱ་བའི་ཡུལ་དུ་གནད་དོན་ཐག་གིས་གཅོད་པ་དང་། མིའི་སློབ་གཉེར་དང་དྲན་པ། དེ་བཞིན་ཤེས་རྟོགས་ལ་འདྲ་དཔེ་བཟོ་བ་ལ་སོགས་པའི་ཕྱོགས་མང་པོར་འབྲེལ་ཡོད། ཁོང་གི་ཕྱག་ལས་ཀྱིས་རྩིས་འཕྲུལ་ཚན་རིག་དངAIའཕེལ་བར་ཤུགས་རྐྱེན་གཏིང་ཟབ་བཞག །

ཁོང་རྣམ་པ་ནིAIཡི་ཞིབ་འཇུག་གི་ཤིང་རྟ་བ་ཡིན། ངོ་མཚར་ཁྱད་དུ་འཕགས་པ་ཞིག་རེད་ཨང་།

ཨ་ཙི། དེའི་རྗེས་སུAIད་ལྟའི་འདི་ལྟ་བུ་ཞིག་ཏུ་ཇི་ལྟར་འཕེལ་བ་རེད།

ཏ་ཐི་མོ་སིའི་ཚོགས་འདུར་ཞུགས་མཁན་དེ་དག་གིསAIཡི་ཞིབ་འཇུག་ལ་དབུ་ཁྱུད་བྲིས་ཏེ། དུས་རབས20པའི་ལོ་རབས50〜60པའི་ཞིབ་འཇུག་གི་ཚ་རླབས་འཕྱུར་དུ་བཅུག །དེ་དག་ལས་གཞན། AIཡི་ཞིབ་འཇུག་གི་བྱུང་རབས་སུ་མི་སྣ་གཙོ་བོ་གང་དག་ཡོད་དམ།

“རིག་ནུས་འགས་གཏོར”གཞུང་ལུགས། 1965ལོར། ཨོ་ཝིན•རྗོན•གྷོ་ཌི(欧文·约翰·古德‌,Irving John Good)ཡིས“རིག་ནུས་འགས་གཏོར”དང་འབྲེལ་བའི་རྩོམ་ཡིག་ཅིག་སྤེལ། ཁོང་གིས་འཕྲུལ་ཆས་ཀྱིས་བདག་ཉིད་ཇུས་འགོད་དང་བདག་ལེགས་སུ་གཏང་ཚུལ་ཤེས་གྱུར་ན། རིག་ནུས་འགས་གཏོར(智能爆炸)འབྱུང་ལ། འཕྲུལ་ཆས་ཀྱི་རིག་པ་མི་ལས་རིང་དུ་འདས་པར་མ་ཟད། མིས་ཚད་གཟུང་བྱ་བའི་ཡུལ་ལས་འདས་པར་འགྱུར། གཞུང་ལུགས་འདིར་མ་འོངས་སྔོན་དཔོག་གི་ཆ་དང་ལྡན་པར་མ་ཟད། དེང་གི་ཚན་རིག་མཁས་ཆེན་ཧའོ་ཁེན་སོགས་དང་བཞེད་དགོངས་མཐུན།

1968ལོར་ཨེ་དྷི་ཝར་དྷི•ཧྥེ་གྷེན་བྷིམ(爱德华·费根鲍姆,Edward Feigenbaum)གྱིས་ཆེད་མཁས་པའི་མ་ལག་ཐོག་མDENDRALཞེས་པ་གསར་སྤེལ་གནང་ཞིང་། AIཡི་ཚ་རླབས་གཉིས་པ་བསྐྱེད་པར་བྱས།

1974ལོར་ཕོལ•ཝེར་བྷོ་སིས(保罗·沃伯斯,Paul Werbos)བར་ཁྱད་ལྡོག་ཁྱབ(误差反向传播)ཀྱིས་མིས་བཟོས་དབང་རྩའི་དྲྭ་རྒྱར་སྦྱོང་བ་བྱེད་པའི་གཞུང་ལུགས་བཏོན། གཞུང་ལུགས་འདི་ལ་སྐབས་དེར་རྩིས་མཐོང་ཆེར་མ་ཐོབ།

1982ལོར་རྗོན•ཧོ་ཕི་ཧྥེལ་དྷི(约翰·霍普菲尔德,John J. Hopfield)དང་ཁོང་གི་ལས་གྲོགས་ཀྱིས་ཇུས་འགོད་གནང་པའི་དྲྭ་རྒྱ་ལ“ཧོ་ཕི་ཧྥེལ་དྷི་དབང་རྩའི་དྲྭ་རྒྱ”(霍普菲尔德神经网络)ཞེས་འབོད།

1985ལོར་རྗི་དྷེ•ཕེལ(朱迪亚·珀尔,Judea Pearl)གྱིས“པེ་ཡེ་སི་དྲྭ་རྒྱ”(贝叶斯网络)ཞེས་པ་བཏོན་ཏེ། AIཡི་ཞིབ་འཇུག་གི་ཁ་ཕྱོགས་ལ་རྩ་བ་ནས་འགྱུར་བ་བཟོས། 2011ལོར་ཁོང་གིས་རྒྱུ་འབྲས་རིགས་འདེད་རྩིས་རྒྱག་ཐབས(因果推理演算法)གསར་གཏོད་བྱས་པ་ལ་རྐྱེན་བྱས་ཏེ་ཐི་རིན་གཟེངས་རྟགས་ཐོབ།

1989ལོར་དབྱང་ལི་ཁུན(杨立昆)གྱིས་ལྡོག་ཁྱབ་རྩི་ཐབས(反向传播算法)དང་ཟློས་སྒྲིལ་དབང་རྩའི་རིམ་པའི་གཞུང་ལུགས(卷积神经层)གཉིས་ཟུང་དུ་འབྲེལ་ཏེ་ཟློས་སྒྲིལ་དབང་རྩའི་དྲྭ་རྒྱ(卷积神经网络)ཞེས་པ་བཏོན། 2011ལོར་དབྱང་ལི་ཁུན་དང་། གྷེ་ཧྥི་རེ•ཧིན་ཌོན།(杰弗里·辛顿,Geoffrey Hinton) ཡོ་ཧྲུའུ•བྷེན་གྷི(约书亚·本吉奥,Yoshua Bengio)བཅས་ལ་ཐི་རིན་གཟེངས་རྟགས་ཐོབ།

ཐིམ•བྷེར་ནེར་སི•ལི(蒂姆·伯纳斯·李,Tim Berners-Lee)ནི་གོ་ལའི་ཆ་འཕྲིན་དྲྭ་རྒྱ་གསར་གཏོད་བྱེད་མཁན་ཡིན། 2016ལོར་ཐི་རིན་གཟེངས་རྟགས་ཐོབ། 1998ལོར་ཁོང་གིས“བརྡ་དོན་དྲྭ་རྒྱ”(语义网)ཞེས་པ་བཏོན།

2006ལོར་གྷེ་ཧྥི་རེ•ཧིན་ཌོན(杰弗里·辛顿,Geoffrey Hinton)དང་ཁོང་གི་སློབ་མ་རུའུ་སི་ལན•ས་ལ་ཁུ་དྷིན་ནོ་ཝི(鲁斯兰·萨拉赫丁诺夫,Ruslan Salakhutdinov)གཉིས་ཀྱིས“ཟབ་མོར་སློབ་པ”(深度学习)ཞེས་པ་བཏོན་པས། 2006ལོ་ལ“ཟབ་མོར་སློབ་པའི་ལོ”ཞེས་ཀྱང་འབོད།

2014ལོར་ཡོ་ཧྲུའུ•བྷེན་གྷི(约书亚·本吉奥,Yoshua Bengio)དང་དབྱིན•གྷོ་དྷི་ཧྥེ་ལོ(伊恩·古德费洛,Ian Goodfellow)གཉིས་ཀྱིས“བསྐྱེད་གྲུབ་ལུགས་ཀྱི་དོ་བསྡོ་བའི་དྲྭ་རྒྱ”(生成式对抗网络,CAN)ཞེས་པ་བཏོན། མིག་སྔར་བསྐྱེད་གྲུབ་ལུགས་ཀྱི་དོ་བསྡོ་བའི་དྲྭ་རྒྱ་ནི་འདྲ་གཟུགས་བཟོ་བའི་ཐབས་སུ་སྤྱོད།

AIཡི་ཞིབ་འཇུག་ནི་ལས་སླ་བོ་ཞིག་མ་ཡིན་པར། ཚན་རིག་པ་དག་གིས་མི་རབས་ནས་མི་རབས་སུ་ཆུ་ལམ་ཞུགས་དང་རྡོ་ལག་བརྒྱུད་ཀྱི་ཚུལ་དུ་འབད་དགོས་པ་ཞིག་རེད་ཨང་།

དེ་འདྲ་རེད། ཐོག་མའི་ཞིབ་འཇུག་གསར་སྤེལ་བྱེད་མཁན་འདི་དག་ལས་གཞན། AIལ་ཞིབ་འཇུག་བྱེད་པའི་ཀུང་སི་དག་ཀྱང་བྱུང་ཞིང་འཕེལ་བའི་དུས་ཡུན་རིང་པོ་བརྒྱུད་མྱོང་།

རབ་བྱེད་བདུན་པ། IBMདངAIཡི་ལས་འབྲེལ།

IBMཡི་མིང་ཧྲིལ་པོར་རྒྱལ་སྤྱིའི་ཚོང་ལས་འཕྲུལ་ཆས་ཀུང་སི་ཞེས་འབོད། 1911ལོར་ཨ་རིར་བཙུགས་ཤིང་། ཆེས་ཐོག་མརAIལ་ཞིབ་འཇུག་བྱེད་པའི་ཁེ་ལས་ཀྱི་གྲས་ཡིན། གང་དེས་གསར་དུ་བཟོས་པའི“Deep Blue”(深蓝)དང“ཝོ་སོན”(沃森)གྱིསAIཡི་ལོ་རྒྱུས་སུ་ངོ་མཚར་བའི་མཛད་རྗེས་བཞག་ཡོད། དེང་གི་ཆརIBMསྔར་བཞིནAIཡི་ཁྱབ་ཁོངས་སུ་འཇུག་ཅིང་། མི་རྣམས་ཀྱི་འདོད་པ་དང་མཐུན་པའིAIཡི་ཐོན་རྫས་གསར་སྤེལ་གྱི་ལས་སུ་བརྩོན་བཞིན་ཡོད།

IBMཡིསAIཡི་ཁྱབ་ཁོངས་སུ་མཛད་རྗེས་གང་དག་བཞག་ཡོད།

1997ལོརIBMཡིས་གསར་དུ་བཟོས་པའིDeep Blue(深蓝)རྒྱལ་སྤྱིའི་མིག་མངས་རིམ་འདས་རྩིས་འཕྲུལ་གྱིས་འཛམ་གླིང་གི་མིག་མངས་རྒྱལ་པོ་ཀ་ལི•ཁ་སི་ཕལ་ལོ་ཧྥི(加里∙ 卡斯帕罗夫)ཕམ་པར་བྱས།

2011ལོའི་ཟླ2པའི་ཚེས17ཉིན། IBMཡིས་གསར་དུ་བཟོས་པའི་རིམ་འདས་རྩིས་འཕྲུལ“ཝོ་སོན”གྱིས་ཨ་རིར་ཀུན་གྱིས་དགའ་བསུ་ཐོབ་པའི་བློ་རིག་འགྲན་པའི་བརྙན་འཕྲིན་ལེ་ཚན་ལས་ཨང་དང་པོ་གཉིས་ཕམ་པར་བྱས།

IBMནི1911ལོར་བཙུགས། ཐོག་མའི་ལས་ཀ་གཙོ་བོ་ནི་ཚོང་ལས་ཡིག་གཏག་ཡིན་ལ། ཕྱིས་སུ་ཡི་གེ་སྒྲིག་གཅོད་ཀྱི་ཕྱོགས་སུ་བསྒྱུར།

འཛམ་གླིང་དམག་ཆེན་གཉིས་པའི་སྐབས་སུ། IBMཡིས་མཚོན་ཆ་ཐོན་སྐྱེད་བྱས་པར་མ་ཟད། དུས་སྐབས་དེར་རྩིས་འཕྲུལ་དང་འབྲེལ་བའི་ལས་ཀར་འབྲེལ་བ་བྱུང་།

འཛམ་གླིང་དམག་ཆེན་གཉིས་པ་མཇུག་སྒྲིལ་རྗེས། IBMཡིས་རྩིས་འཕྲུལ་ལ་ཞིབ་འཇུག་གསར་སྤེལ་བྱེད་མགོ་བརྩམས་པས། འཛམ་གླིང་གི་རྩིས་འཕྲུལ་ལས་རིགས་འཕེལ་བར་ཤུགས་རྐྱེན་ཆེན་པོ་ཐེབས།

1964ལོརIBMཡིས་དུས་རབས་འབྱེད་པའི་རྩིས་འཕྲུལ་ཆེན་པོSystem/360ཞེས་པ་བཏོན། འདིས་འཛམ་གླིང་གི་རྩིས་འཕྲུལ་ཐམས་ཅད་ལ་ཐུན་མོང་གི་སྐད་ཆ་ཞིག་ཡོད་པ་མཚོན།

1937ལོར་ཀྲུང་གོས་རྒྱ་མཚོ་བརྒལ་བའི་ཁ་པར་དང་པོIBMཧྲང་ཧེ་གཞུང་ཤག་ནས་བཏང་། དུས་དེ་ནས་བཟུང་ཀྲུང་གོ་དང་འཛམ་གླིང་གཞི་གཅིག་ཏུ་སྦྲེལ་བའི་ལམ་བུ་གསར་པ་ཞིག་གི་དབུ་བརྩམས།

དུས་རབས20པའི་ལོ་རབས90པར། IBMཡིས“གློག་རྡུལ་ཚོང་དོན”གྱི་དར་ཆ་ཕྱར་ནས། ལས་རིགས་འདི་དང་སྤྱི་ཚོགས་ཧྲིལ་པོ་འཕེལ་འགྱུར་འབྱུང་བར་སྐུལ་མ་བྱས།

འདི་ལ་གོ་རིམ་ཅི་འདྲའི་རིང་པོ་ཞིག་བརྒྱུད་འདུག་ཨང་། ཁེ་ལས་ཀྱང་དུས་རབས་ཀྱི་འགྱུར་བ་དང་བསྟུན་ནས་མཚམས་མི་ཟད་པར་འགྱུར་ལ། ཕྱི་ནང་གི་མཐུན་རྐྱེན་འཛོམས་གྱུར་ན། AIའབྱུང་བར་རིམ་གྱིས་དུས་རབས་ཀྱིས་འབོད་པ་གཏང་ངེས།

ཁྱོད་ཀྱིས་བཤད་པ་བདེན། འདི་ལས་གཞནAIལ་ཞིབ་འཇུག་བྱེད་པའི་ཁེ་ལས་གྲགས་ཅན་གཞན་དང་གཞན་མང་པོ་ཡོད་པ་ཤེས་སམ།

རབ་བྱེད་བརྒྱད་པ། AIག་ས་ཀུན་ཏུ་གནས།

བདེ་སྐྱིད། གནས་གང་སརAIཡི་གཟུགས་བརྙན་མཐོང་ཐུབ་པས། AIནི་ཅི་འདྲའི་ངོ་མཚར་བ་ཞིག་ཏུ་གྱུར་འདུག་ཨང་།

དེ་འདྲ་རེད། འགྲོ་འདུག་ཉལ་འཆག་ནས་ཚན་རིག་ཞིབ་འཇུག །མི་མེད་ཁ་སྒྱུར་ནས་སྒྱུ་རྩལ་གསར་རྩོམ། ང་ཚོAIཡིས་ལས་རིགས་སོ་སོར་རང་གི་ནུས་པ་བཏོན་དང་འདོན་བཞིན་ཡོད།

AIབྱེ་བྲག་ཏུ་ཕྱོགས་གང་དག་གི་ལས་ཀར་འཇུག་གིན་ཡོད།

ངས་ཁྱོད་ལ་མཚམས་སྦྱོར་མདོར་བསྡུས་ཤིག་ཞུ།

AIཕྱོགས་གང་དག་ལ་སྤྱད་ཆོག །

AIརྩིས་འཕྲུལ་མིག་དབང་དང་ཟབ་མོར་སློབ་པ་ལ་སོགས་པའོ། །

འགྲོ་འདུག་ཉལ་འཆག །

མི་མེད་སྒོ་རྩིས་ཚོང་ཁང་དུAIཡི་ལག་རྩལ་མང་པོ་སྤྱད་ཡོད་དེ། དཔེར་ན་རྩིས་འཕྲུལ་གྱི་མིག་དབང་དང་། སྐྱེ་དངོས་ངོས་འཛིན། ཟབ་མོར་སློབ་པ(深度学习)ལ་སོགས་པ་ལྟ་བུའོ། །

AIནི་ང་ཚོའི་རྒྱུན་ལྡན་གྱི་འཚོ་བའི་འགྲོ་འདུག་ཉལ་འཆག་ལས་འདས་ཏེ། ལས་རིགས་སོ་སོའི་ཐོན་སྐྱེད་བྱེད་སྟངས་དང་ཞབས་ཞུའི་དཔེ་ལུགས་ལ་འགྱུར་བ་ཟབ་མོ་གཏོང་བཞིན་ཡོད། གཤམ་གསལ་ནི་གང་དེ་རྒྱུན་ལྡན་གྱི་འཚོ་བ་མ་ཡིན་པའི་ཁྱབ་ཁོངས་སུ་ཞུགས་པའི་ཚུལ་རེད།

མིག་མངས་རིགས་ཀྱི་ལུས་རྩལ།

AIཡིས་ཟབ་མོར་སློབ་པ་དང་། ཆེས་ཆེར་སྦྱོང་བ། རང་དང་མིག་མངས་འགྲན་པ་ལ་སོགས་པའི་ལག་རྩལ་གྱིས་འགྲན་རྩོད་ཀྱི་ཐབས་ཇུས་ཇེ་ལེགས་སུ་བྱས་ཏེ། མིག་མངས་རིགས་ཀྱི་ལུས་རྩལ་རྣམ་གྲངས་དུ་མར་མི་ལས་ཁྱད་ཐོན་པའི་འགྲན་རྩོད་ཀྱི་ཆུ་ཚད་མངོན་ཡོད།

སྐད་གདངས་ལོ་ཙཱ།

སྐད་གདངས་ངོས་འཛིན་བྱས་ཏེ། རང་གི་སྐད་ཆ་ཡི་གེར་ཕབ་ཐུབ།འཕྲུལ་ཆས་ལོ་ཙཱ་བྱས་ཏེ། ཕྱི་རྒྱལ་བ་དང་ཐོགས་པ་མེད་པར་འབྲེལ་བ་བྱ་ཐུབ།

སྒྱུ་རྩལ་གསར་རྩོམ།

AIཡིས་ཁྱད་ཆོས་སྣ་ཚོགས་པའི་པར་རིས་ཡིད་དུ་འོང་བ་དང་རིགས་ཐ་དད་པའི་རྩོམ་ཡིག་སྣ་ཚོགས་བྲིས་ཏེ། སྐྱེ་བོ་དག་སྒྱུ་རྩལ་གསར་རྩོམ་ལ་འཇུག་པར་སྨན།

ཚན་རིག་ཞིབ་འཇུག །

AIཡིས་ཚན་རིག་པར་རོགས་བྱས་ཏེ་གཞི་གྲངས་ལ་དབྱེ་ཞིབ་དང་། རྙོག་འཛིང་ཆེ་བའི་གྲངས་ཀ་རྩི་ཐུབ།

སློབ་གསོའི་ཁྱབ་ཁོངས།

པར་རིས་ངོས་འཛིན་བྱེད་ཐུབ། AIཡིས་སློབ་མའི་ལས་བྱའི་པར་རིས་ངོས་འཛིན་བྱས་ཏེ་ལས་བྱ་ཡང་དག་མིན་ལ་བརྡར་ཤ་གཅོད་ཅིང་དཔྱད་འཇོག་བྱེད་པར་མ་ཟད། གང་ལ་གང་མཐུན་གྱིས་སློབ་མར་བསམ་འཆར་གདོན་ངེས།

མཆན།

[1] སྐུལ་བརྡ། commandརྩིས་འཕྲུལ་བྱ་བ་བྱེད་པར་སྐུལ་བའི་བརྡ་སྟེ། བྱེད་ནུས་འཐེབ་དང་ཚན་སྡེབ་འཐེབ་དང་དམིགས་བསལ་གྱི་ཡི་གེ་དང་ཨང་གྲངས་དང་བརྡ་རྟགས་སོགས་ལ་བརྟེན་ནས་རྩིས་འཕྲུལ་ལ་ཁ་ལོ་སྒྱུར་བྱེད་ཅིག་གོ །

[2] ཚངས་མཐའི་ཚད། the ratio of the circumference to its diameter(π)ཟླུམ་གོར་གྱི་ཚངས་ཐིག་དང་མཐའ་འཁོར་གྱི་བསྡུར་ཚད་དེ། རྟགས་འདིས(π)མཚོན་པར་བྱེད་ཅིང་དེའི་ཐང་ཚད3.141592653585979322384628ལྷག་ཡོད་ལ། དེ་དང་ཉེ་བའི་གྲངས་ཚད3.1416ཙམ་མ་གཏོགས་མི་བཀོལ་ལོ། །


མཉམ་སྤྱོད།