དེ་རིང་ནི2024ལོའི་ཟླ12པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

ཐེག་ཆེན་སྦྱོར་ལམ་ལ་དཔྱད་པ།

2023-11-28 16:11:45   |   རྩོམ་ཁུངས། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་།

རྩོམ་པ་པོ། ཐུབ་བསྟན་ཐབས་མཁས། ཡོང་ཁུངས། ལུག་ཚང་དཔལ་ཡོན་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


111.jpg

མུན་པས་གཏིབས་པའི་གངས་ཅན་ལྗོངས་སུ་དབུ་མའི་ལམ་བཟང་གསལ་བར་ཕྱེས། །སྒྲིབ་གཉིས་སྤངས་ཤིང་འདུལ་བསྟན་ཚུལ་བཞིན་ཁ་བའི་ཞིང་འདིར་སྤེལ་མཛད་པ། །འགྲོ་བ་ཀུན་གྱི་མགོན་གཅིག་དམ་པ་ཟས་གཙང་སྲས་དང་དབྱེར་མེད་པའི། །རྒྱལ་བ་གཉིས་པ་བློ་བཟང་གྲགས་པས་ཚེ་རབས་ཀུན་ཏུ་བདག་སྐྱོངས་ཤིག །

དང་པོ། མདོ་དང་རྒྱན་ལས་ངོ་བོ་ངོས་འཛིན་ཚུལ།  

མདོ་ལས། ཤཱ་རིའི་བུས་སྨྲས་པ། རབ་འབྱོར་ཆོས་ལ་སྲེད་པ་གང་ཡིན། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་བྱང་ཆེན་ཤེར་ཕྱིན་ལ་སྤྱོད་པའི་ཚེ་གཟུགས་མི་རྟག་ཅེས་བྱ་བར་མངོན་པར་ཞེན་པ་དང་ཞེས་སོགས་ཀྱིས་བསྟན། དེའི་དོན་རྗེ་བཙུན་བྱམས་མགོན་གྱིས་མདོར་བསྟན་གྱི་སྒོ་ནས་འཆད་པ་ལ། མངོན་རྟོགས་རྒྱན་ལས། དམིགས་པ་དང་ནི་རྣམ་པ་དང་། །སྒྱུ་དང་ཡོངས་སུ་འཛིན་པ་ཡིས། །བྱང་ཆུབ་སེམས་དཔའ་སྐྱོབ་པ་ཡི། །དྲོད་སོགས་བདག་ཉིད་ཇི་བཞིན་དུ། །རྣམ་རྟོག་བཞི་པོ་ལྡན་བརྟེན་པ། །ཆུང་དང་འབྲིང་དང་ཆེན་པོ་རྣམས། །ཉན་ཐོས་བསེ་རུ་ལྟ་བུ་དང་། །བཅས་པ་དག་ལས་ཁྱད་པར་འཕགས། །ཞེས་ཚིག་རྐང་བར་བ་བཞིས་ཁྱད་གཞི་འམ་ངོ་བོ་ཐར་བ་ཆ་མཐུན་རྫོགས་རྗེས་ཀྱི་བདེན་པ་མངོན་པར་རྟོགས་པ་དང་རྗེས་སུ་མཐུན་པའི་ཐེག་ཆེན་གྱི་འཇིག་རྟེན་པའི་ལམ་དེ་དང་།  ཚིག་རྐང་དང་པོ་གཉིས་ཀྱིས་ཐེག་ཆེན་སྦྱོར་ལམ་གྱི་ཁྱད་ཆོས། དམིགས་པ། རྣམ་པ། རྒྱུ། ཡོངས་འཛིན་བཞི་དང་། ཚིག་རྐང་ཕྱི་མ་གཉིས་ཀྱིས་ཉེ་རིང་གཉིས་ལས་ཁྱད་པར་དུ་འཕགས་པ་རྣམས་བསྟན་ཏེ། རྣམ་བཤད་ལས། སྒྲས་ཟིན་ཚོད་ལྟར་ན། རྐང་པ་བར་པ་བཞི་ཁྱད་གཞི་དང་། དང་པོ་གཉིས་ཁྱད་ཆོས་དང་། ཐ་མ་གཉིས་གང་ལས་ཁྱད་པར་དུ་འཕགས་པའི་དོན་བསྟན་ལ་ཞེས་གསུངས་སོ། །སྦྱོར་ལམ་གྱི་ངོ་བོ་འམ་མཚན་ཉིད་དེ་ལྟར་ཡིན་ཏེ། འགྲེལ་བ་དོན་གསལ་ལས།  ཐར་པའི་ཆ་དང་མཐུན་པ་དད་པ་ལ་སོགས་པའི་མཚན་ཉིད་ཀྱི་དགེ་བའི་རྩ་བའི་འོག་ཏུ་བདེན་པ་བཞི་རྟོགས་པ་དང་རྗེས་སུ་མཐུན་པ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཞེས་གསུངས་བའི་ཕྱིར།

གཉིས་པ། ངོ་བོ་དྲོད་སོགས་བཞི་དང་དེའི་སྤོང་བྱ་གཟུང་རྟོག་དང་འཛིན་རྟོག་བཤད་པ།  

ཤེས་སྒྲིབ་ཀུན་ནས་ཉོན་མོངས་གཟུང་རྟོག་མངོན་གྱུར་པ་འཇོམས་པའི་ནུས་པ་ཐོབ་པའི་ལམ་ཐེག་ཆེན་གྱི་སྦྱོར་ལམ་དྲོད་དང་། ཤེས་སྒྲིབ་རྣམ་བྱང་གཟུང་རྟོག་མངོན་གྱུར་པ་འཇོམས་པའི་ནུས་པ་ཐོབ་པའི་ལམ་ཐེག་ཆེན་གྱི་སྦྱོར་ལམ་རྩེ་མོ།  ཤེས་སྒྲིབ་རྫས་འཛིན་རྟོག་པ་མངོན་གྱུར་པ་འཇོམས་པའི་ནུས་པ་ཐོབ་པའི་ལམ། ཐེག་ཆེན་གྱི་སྦྱོར་ལམ་བཟོད་པ། ཤེས་སྒྲིབ་བཏགས་འཛིན་རྟོག་པ་མངོན་གྱུར་པ་འཇོམས་པའི་ནུས་པ་ཐོབ་པའི་ལམ། ཐེག་ཆེན་གྱི་སྦྱོར་ལམ་ཆོས་མཆོག་ཅེས་བརྗོད་པ་ཡིན། དྲོད་དང་རྩེ་མོའི་སྐབས་སུ་གཟུང་རྟོག་མངོན་འགྱུར་པ་མགོ་འཇོམས་པ་དང་།  བཟོད་པ་དང་ཆོས་མཆོག་གི་སྐབས་སུ་འཛིན་རྟོག་མངོན་འགྱུར་པ་མགོ་འཇོམས་པ་ཡིན། འདི་དག་ནི་གཙོ་བོའི་དབང་དུ་བྱས་པ་ཡིན་ནོ། ། ཀུན་ཉོན་གཟུང་རྟོག་དང་རྣམ་བྱང་གཟུང་རྟོག་གཉིས་ལས་ཀུན་ཉོན་གཟུང་རྟོག་མངོན་འགྱུར་བ་མགོ་འཇོམས་སླ་བའི་རྒྱུ་མཚན་གྱིས། དྲོད་ཀྱི་སྐབས་སུ་ཀུན་ཉོན་གཟུང་རྟོག་མངོན་འགྱུར་བ་མགོ་འཇོམས་པ་དང་རྩེ་མོའི་སྐབས་སུ་རྣམ་བྱང་གཟུང་རྟོག་མངོན་འགྱུར་བ་མགོ་འཇོམས་པ་ཡིན། གཟུང་རྟོག་གཉིས་ལས་ཀུན་ཉོན་གཟུང་རྟོག་མངོན་འགྱུར་བ་མགོ་འཇོམས་སླ་བའི་རྒྱུ་མཚན་ཡོད་དེ།  དམིགས་ཡུལ་ཀུན་ནས་ཉོན་མོངས་ཀྱི་ཆོས་དང་རྣམ་བྱང་གི་ཆོས་གཉིས་ལས་ཀུན་ནས་ཉོན་མོངས་ཕྱོགས་ཀྱི་ཆོས་དོར་བྱར་དང་། རྣམ་བྱང་གི་ཆོས་བླང་བྱར་རྩིས་ཡོད་པས། གང་དོར་བྱར་གཟུང་བ་དེ་བདེན་ཞེན་ལྡོག་སླ་བ་དང་གང་བླང་བྱར་གཟུང་བ་དེ་བདེན་ཞེན་ལྡོག་དཀའ་བའི་ཕྱིར། ཡང་འཛིན་རྟོག་གཉིས་ལས་སྔོན་དུ་རྫས་འཛིན་རྟོག་པ་མགོ་འཇོམས་སླ་བའི་རྒྱུ་མཚན་ཡོད་དེ། བཏགས་འཛིན་རྟོག་པ་ལས་རྫས་འཛིན་རྟོག་པ་མངོན་འགྱུར་བ་མགོ་འཇོམས་སླ་བའི་ཕྱིར་ཏེ། འཛིན་པ་གཉིས་ཀྱི་དམིགས་ཡུལ་རྫས་ཡོད་གང་ཟག་རང་སྐྱ་ཐུབ་པའི་བདག་དང་བཏགས་ཡོད་ཕུང་སོགས་ཀྱི་ཆོས་ལ་བཏགས་པ་གཉིས་ལས་དང་པོ་དོར་བྱར་དམིགས་པ་དང་གཉིས་པ་དངོས་པོའི་ཆོས་ལ་གྲུབ་པར་དམིགས་པས་གང་དོར་བྱར་རྩིས་པ་དེ་བདེན་ཞེན་ལྡོག་སླ་བའམ་བློ་ཡིས་ཞེན་ཚུལ་གྱིས་ཁྱད་པར་སོང་བ་ཡིན།  དེས་ན་གཟུང་འཛིན་གཉིས་ལས་གཟུང་བ་མགོ་འཇོམས་སླ་བའི་རྒྱུ་མཚན་ནི། གཟུང་བ་ཕྱིའི་ཆོས་དང་འཛིན་པ་ནང་གི་ཆོས་ཡིན་པའི་ཕྱིའི་ཆོས་ལ་བདེན་ཞེན་ལྡོག་སླ་བའི་རྒྱུན་མཚན་གྱིས་ཡིན་ཏེ། རྣམ་བཤད་ལས།  རིམ་པ་དེ་ལྟར་འོང་བ་ཡང་གཟུང་བྱ་དང་། འཛིན་པ་ལ་བདེན་ཞེན་སྤང་དཀའ་སླའི་དབང་ལས་ཡིན་ནོ། །མདོ་སྡེ་རྒྱན་ལས། དེ་ཚེ་དེ་ཡི་གཟུང་བ་ཡི། །རྣམ་པར་གཡེང་བ་དེ་སྤོང་འགྱུར། །ཞེས་དང་། འདི་ལྟར་དེ་ཡི་འཇུག་ཐོགས་སུ་འཛིན་པའི་རྣམ་པར་གཡེང་བ་སྤོང་ཞེས་སྤངས་པའི་ངོས་ནས་བཞག་པ་ལྟར་རོ། །

གསུམ་པ། ལུས་རྟེན་དང་སེམས་རྟེན་བཤད་པ།  

ཐེག་ཆེན་གྱི་སྦྱོར་ལམ་གྱི་ལུས་རྟེན་བྱང་སྒྲ་མི་སྙན་མ་གཏོགས་པའི་གླིང་གསུམ་གྱི་སྐྱེས་པ་དང་བུད་མེད་འདོད་ལྷ་རིགས་དྲུག་གི་ལུས་རྟེན་ལ་སྐྱེ་བ་ཡོད། སྒྲ་མི་སྙན་པའི་རྟེན་དུ་དངོས་སུ་སྐྱེ་བ་མེད་དེ་དེ་རྣམས་ལས་སྒྲིག་ཤས་ཆེན་པོ་ཡོད་པས་སོ། ། དྲོད་དང་རྩེ་མོ་གཉིས་ནི་གཟུགས་ཁམས་པ་འགའ་ཞིག་ལ་སྐྱེ་བ་ཡོད་ལ་རྟེན་དེ་ལ་བཟོད་པ་སྐྱེ་བ་ཡོད་མེད་ནི་གསལ་ཁ་མེད་ཀྱང་ཆོས་མཆོག་དངོས་སུ་སྐྱེ་བའི་རྟེན་མ་ཡིན་ཏེ། རྣམ་བཤད་ལས། ལུས་རྟེན་ནི། གླིང་གསུམ་གྱི་སྐྱེས་པ་དང་བུད་མེད་འདོད་ལྷ་དང་བཅས་པའི་ལུས་ཀྱི་རྟེན་ཡིན་ལ། ཆོས་མཆོག་དངོས་སུ་སྐྱེ་བའི་རྟེན་མ་ཡིན་ཡང་། དྲོད་དང་རྩེ་མོ་གཟུགས་ཁམས་པ་འགའ་ཞིག་ལ་ཡང་སྐྱེ་བར་མངོན་ནོ་ཞེས་གསུངས་པའི་ཕྱིར། སྐབས་འདིར་ཁམས་གོང་མའི་རྟེན་ལ་སྦྱོར་ལམ་ཆོས་མཆོག་ཆེན་པོ་གསར་དུ་སྐྱེ་བ་ཡོད་ན་མཐོང་ལམ་གསར་དུ་སྐྱེ་པ་ཡོད་དགོས་པའི་རྒྱུ་མཚན་གང་ཡིན། གལ་ཏེ་མཐོང་ལམ་སྐད་གཅིག་དང་པོ་དང་དེ་གཉིས་མཉམ་བཞག་གཅིག་གིས་བསྡུས་དགོས་ཟེར་ན་དེ་ལ་རྗེས་ཐོབ་ཡོད་པས་དེ་གཉིས་མཉམ་བཞག་གཅིག་གིས་བསྡུས་ཚུལ་གང་ཡིན། དེ་ལ་རྗེས་ཐོབ་ཡོད་དེ།  རྣམ་བཤད་ལས། མཉམ་གཞག་ཏུ་ཆོས་ཉིད་ཀྱི་རྣམ་པ་དང་། རྗེས་ཐོབ་ཏུ་ངོ་བོ་རྒྱུ་འབྲས་གསུམ་གྱི་སྒོ་ནས་དམིགས་པའི་ཕྱིར་ཅེས་པའོ། ། གནས་སྐབས་སོ་སོར་བཞག་པ་ནི་གདུལ་བྱ་ཉེ་བའི་བསམ་པའི་དབང་གིས་ཡིན་གྱི། གཞན་དུ་ཐམས་ཅད་ཀྱིས་ཐམས་ཅད་དམིགས་པའི་ཕྱིར་རོ། ཁམས་གོང་མའི་རྟེན་ལ་སྦྱོར་ལམ་ཆོས་མཆོག་གསར་དུ་སྐྱེ་བ་མེད་པ་རྣམ་བཤད་ལས། ཆོས་མཆོག་དངོས་སུ་སྐྱེ་བའི་རྟེན་མ་ཡིན་ཡང་དྲོད་དང་རྩེ་མོ་ནི་གཟུཌ་ཁམས་པ་འགའ་ཞིག་ལ་ཡང་སྐྱེ་བར་མངོན་ནོ། །ཞེས་གསུངས་པའི་ཕྱིར། བཟོད་པའང་གོང་མའི་རྟེན་དུ་སྐྱེ་བ་ཡོད་མེད་གཞུང་དག་ལས་མི་གསལ་བས་དཔྱད་དགོས།  ཁ་གཅིག་གིས་ཐེག་ཆེན་སྦྱོར་ལམ་ཆོས་མཆོག་ལ་མཉམ་བཞག་གིས་ཁྱབ་ཟེར་ན་ཆོས་མཆོག་ལ་ཆེ་འབྲིང་ཆུང་གསུམ་འཇོག་པ་དེ་ཐེག་པ་ཆེན་པོའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡིན་ཚུལ་དང་།  སེམས་ཅན་གྱི་དོན་དུ་སོ་སྐྱེའི་གནས་སྐབས་སུ་ལམ་ལ་ག་ཚད་གནས་དགོས་ན་གནས་ཐུབ་མཁན་ལ་གོ་དགོས་མིན། གལ་ཏེ་མཉམ་བཞག་གཅིག་གིས་བསྡུས་ན་ཐེག་དམན་ཆོས་མཆོག་དང་ཁྱད་པར་གང་ཡོད་དཔྱད་དགོས།  མཛོད་ལས། གོང་ལ་མཐོང་ལམ་མེད་མི་སྐྱོ། ཞེས་ཁམས་གོང་མའི་རྟེན་ལ་མཐོང་ལམ་གསར་དུ་སྐྱེ་པ་མེད་པའི་རྒྱུ་མཚན་སྐྱོ་ཤས་མེད་པའི་ཕྱིར་གསུངས་པ་ལ།  རྟེན་དེ་དང་དེ་ལ་སྐྱོ་ཤས་ཡོད་མེད་ཀྱི་ཚད་དང་། གོང་མའི་རྟེན་གྱི་སྦྱོར་ལམ་དང་ཚོགས་ལམ་པ་སོགས་འཁོར་བ་ལ་སྐྱོ་ཤས་ཡོད་མེད་དང་། འདོད་པའི་གང་ཟག་ཆ་ཚང་འཁོར་བ་ལ་སྐྱོ་ཤས་ཆེན་པོ་ཡོད་མེད་སོགས་ལ་དཔྱད་དགོས།   ཐེག་ཆེན་གྱི་སྦྱོར་ལམ་དངོས་སུ་གསར་དུ་སྐྱེ་བའི་སེམས་རྟེན་ཡིན་ན། བསམ་གཏན་གྱི་དངོས་གཞི་སྙོམས་འཇུག་ཡིན་པས་ཁྱབ་སྟེ།  དེ་གྱུར་བའི་ཉེར་བསྡོགས་དང་འདོད་སེམས་སྲིད་རྩེའི་སེམས་མེད་པའི་ཕྱིར་ཏེ། རྗེ་བཙུན་ཡིག་ཆ་ལས། ཐེག་ཆེན་གྱི་སྦྱོར་ལམ་དངོས་སུ་གསར་དུ་སྐྱེ་བའི་སེམས་རྟེན་ཡིན་ན། བསམ་གཏན་གྱི་དངོས་གཞི་སྙོམས་འཇུག་ཡིན་པས་ཁྱབ་སྟེ། དེ་དངོས་སུ་གསར་དུ་སྐྱེ་བའི་སེམས་རྟེན་ཡོད། དེར་གྱུར་པའི་འདོད་སེམས་ཡང་མེད། སྲིད་རྩེའི་སེམས་དང་། བསམ་གཏན་གྱི་ཉེར་བསྡོགས་ཀྱང་མེད་པའི་ཕྱིར། གཉིས་པ་གྲུབ་སྟེ། ཐེག་ཆེན་གྱི་ཚོཌ་ལམ་ཆེན་པོ་ལ་གནས་པའི་སེམས་དཔའ་ཡིན་ན། བསམ་གཏན་གྱི་དངོས་གཞི་སྙོམས་འཇུག་ཐོབ་པས་ཁྱབ་པ་གང་ཞིག ལམ་སླ་བ་བསམ་གཏན་གྱི་དངོས་གཞི་བོར་ནས་ལམ་དཀའ་བ་ཉེར་བསྡོཌ་ལ་བརྟེན་པ་ལ་དགོས་པ་མེད་པའི་ཕྱིར། ཞེས་དང་།  མཛོད་ལས། སྒོམ་བྱུང་མི་ལྕོགས་མེད་པ་དང་། །ཁྱད་པར་བསམ་གཏན་ས་པའོ། །ཞེས་གསུངས་པའི་དོན་དུ་བསམས་ནས་དེར་གྱུར་པའི་བསམ་གཏན་ས་དྲུག་ཀ་ཡོད་པར་འདོད་པ་མི་འཐད་དེ། ཚོཌ་ལམ་ཆེན་པོ་ལ་གནས་པའི་སེམས་དཔའི་རྒྱུད་ལ་བསམ་གཏན་གྱི་ཉེར་བསྡོགས་མེད་པའི་ཕྱིར།  གསུངས་པའི་ཕྱིར།  སྐབས་འདིར་སེམས་རྟེན་བྱེད་ཚུལ་ནི། གསེར་ཕྲེང་ལས། འོ་ན་རྟེན་དང་བརྟེན་པར་འགྱུར་ཚུལ་ཇི་འདྲ་བ་ཞེ་ན། འདི་ནི་འཁར་གཞོང་ལ་རྒྱ་ཤུག་བརྟེན་པ་དང་ས་བོན་ལས་མྱུ་གུ་སྐྱེ་བ་དེ་ལ་བརྟེན་ཞེས་པ་ལྟ་བུ་ཡང་མིན་ནོ། །འོ་ན་ཅི་ཞེ་ན། བརྟན་པར་བཤད་པ་དེ་རྣམས་ས་གང་དང་གང་གི་ངོ་བོར་སྐྱེས་པ་ལ་བརྟེན་པའི་ཐ་སྙད་བྱས་པ་སྟེ། ཚུལ་འདི་ནི་ལམ་གྱི་སེམས་རྟེན་ཐམས་ཅད་ལ་རིག་པར་བྱ་སྟེ། ཆོས་མངོན་པ་བའི་ཐུན་མོང་མ་ཡིན་པའི་བརྡའོ། ཞེས་ལམ་དེ་ས་དེ་ལ་རྟེན་ཚུལ་ཡིན་པར་གསུངས་ཡོད། དེ་ན་ལམ་དེ་ས་དེ་ལ་རྟེན་ཚུལ་གྱི་དོན་ནི་ལམ་དེ་ས་མཚུངས་ཀྱི་ངོ་བོ་སྐྱེད་ཚུལ་ཡིན། དེ་ནི་དཔེར་ན་ཀུན་རྫོབ་སེམས་བསྐྱེད་ལྟ་བུའི་སེམས་རྟེན་བྱེད་ཚུལ་ཡིན། བུ་རམ་ཤིང་ཤུན་ལྟ་བུའི་སེམས་བསྐྱེད་རྩོལ་བཅས་དེ་ཉིད། དངོས་གཞི་དང་ཉེར་ལྡོག་གང་རུང་ལ་བརྟེན་ནས་ཞི་ལྷག་གཉིས་ཀྱི་ངོ་བོར་བསྐྱེད་དེ་བསྒོམས་ནས། ནམ་ཞིག་ལ་རྩོལ་མེད་ངོ་བོར་གྱུར་བ་དང་སེམས་བསྐྱེད་ཐོབ་པ་ཡིན།  ཡིན་ནའང་དེའི་སེམས་བརྟེན་དངོས་གཞི་དང་ཉེར་ལྡོག་གང་རུང་དང་། ཞི་ལྷག་གཉིས་གང་རུང་དེའི་ངོ་བོར་སོང་བ་མ་ཡིན་པར། དངོས་གཞི་དང་ཉེར་ལྡོག་གང་རུང་གི་སེམས་བརྟེན་བྱེད་པའི་སྔོན་རྩོལ་བཅས་དེ་ཉིད་ཞི་ལྷག་གི་ངོ་བོར་སྒོམས་པས་རྩོལ་བཅས་རྩོལ་མེད་ཀྱི་ངོ་བོར་གྱུར་བ་བཞིན་སྐབས་འདིར་ཚོགས་ལམ་ཆེན་པོ་བའི་རྒྱུད་ཀྱི་སྟོང་ཉིད་དོན་སྤྱིའི་ཚུལ་གྱི་རྟོགས་པའི་བློ་དེ་བསམ་གཏན་དངོས་གཞི་ལ་བརྟེན་ནས་ཞི་ལྷག་གཉིས་ཀྱི་ངོ་བོར་བསྐྱེད་དེ་བསྒོམས་ནས། དེ་འདྲའི་བློ་དེ་ནམ་ཞིག་སྟོང་ཉིད་རྟོགས་པའི་སྒོམ་བྱུང་གི་ངོ་བོར་གྱུར་བ་དང་སྦྱོར་ལམ་ཐོབ་པ་ཡིན།  གསེར་ཕྲེང་ལས། འདིའི་ལྟར་ན་སྦྱོར་ལམ་དུ་མ་ཟད་ཆོས་རྒྱུན་ཏིང་ངེ་འཛིན་ ཐོབ་ཕྱིན་ཆད་ཀྱི་ཐེག་ཆེན་གྱི་ལམ་གྱི་ཡོན་ཏན་ཐམས་ཅད་བསམ་གཏན་བཞི་པ་ལ་བརྟེན་པར་ཧ་ཅང་ཐལ་བ་དང་། ཁྱད་པར་དུ་གཟུགས་མེད་ཀྱི་རྣམ་ ཐར་ཟད་པར་འགོག་སྙོམས་རྣམས་ཀྱང་དེ་ལྟར་འགྱུར་བས་གཙོ་བོར་བསམ་གཏན་ས་དྲུག་གང་ཡང་རུང་བ་ལ་བརྟེན་ནོ། ། ཞེས་དང་། རྟོག་སྣང་ལས།  སེམས་ཀྱི་རྟེན་ནི། བསམ་གཏན་ས་དྲུག་གང་ཡང་རུང་བ་ལ་བརྟེན་ཅིང་བྱང་སེམས་ཐབས་མཁས་པས་འདོད་སེམས་ལ་ཡང་བརྟེན་པར་ནུས་པ་ཡིན་ལ། ཞེས་གསེར་ཕྲེང་དང་རྟོག་སྣང་ལས་འདི་ཡི་སེམས་རྟེན་ལ་ས་དྲུག་ཡོད་པར་བཤད་པ་ནི་ཆོས་མངོན་པས་བཤད་ཚུལ་ལྟར་བཀོད་པ་ཡིན་པས་སྐབས་འདིར་དབུ་མ་རང་རྒྱུད་པས་དེ་ལྟར་མི་བཞད་དོ། །

བཞི་པ། འཕགས་ཆོས་ངོས་འཛིན་སྐོར་ལ་དཔྱད་པ།

སྐབས་འདིར་ཐེག་ཆེན་གྱི་སྦྱོར་ལམ་གྱི་ཁྱད་ཆོས་རྩ་བས་བཞི་ལྡན་དུ་བསྟན་པ་དང་།  འགྲེལ་ཆེན་དང་འགྲེལ་ཆུང་གསེར་འཕྲེང་སོགས་ལས་ཁྱད་ཆོས་ལྔ་ལྡན་དུ་བསྟན་པ་དང་། ཉིད་སྣང་དང་རྣམ་བཤད་སོགས་ལས་ཁྱད་ཆོས་དྲུག་ལྡན་དུ་བསྟན་པ་དང་། ཡང་འགྲེལ་ཆེན་ལས་ཆུང་འབྲིང་ཆེན་པོ་གསུམ་ཁྱད་ཆོས་སུ་བགྲངས་པ་དང་། འགྲེལ་ཆུང་དང་གསེར་ཕྲེང་གཉིས་ལས་ལྡན་ཆོས་ཁྱད་ཆོས་སུ་བགྲངས་པ་སོགས་ཚིག་ཟིན་ཙམ་ལས་དོན་ལ་འགལ་བ་ནི་གང་ཡང་མེད་དེ།   ཉི་སྣང་ལས། ཉན་ཐོས་ལ་སོགས་པ་ལས་ཁྱད་པར་རྣམ་པ་བཞི་བརྗོད་པར་བྱ་བ་ཡིན་ཏེ། དམིགས་པའི་ཁྱད་པར་དང་། རྣམ་པའི་ཁྱད་པར་དང་། རྒྱུའི་ཁྱད་པར་དང་། ཡོངས་སུ་འཛིན་པའི་ཁྱད་པར་རོ། ། འཆད་པར་འགྱུར་བ་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་མཐོང་པའི་ལམ་གྱི་སྤང་བར་བྱ་བ་བཞི་རྣམས་ཀྱིས་རྣམ་པར་རྟོག་པ་དང་ཡང་དག་པར་ལྷག་པ་ཡང་བརྗོད་པར་བྱ་བ་ཡིན་ནོ། ། ཞེས་དང་ཡང་དེ་ཉིད་ལས། རེ་ཞིག་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དབང་དུ་བྱས་ནས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་གང་ཡིན་པ་དེ་དག་ནི་ཉན་ཐོས་ལ་སོགས་པའི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམས་ལས་ཁྱད་པར་རྣམ་པ་དྲུག་གྱིས་ཁྱད་པར་དུ་འཕགས་པ་ཡིན་ཏེ། དམིགས་པའི་ཁྱད་པར་གྱིས་ནི་འཕགས་པའི་བདེན་པ་བཞི་པོ་རྣམས་ཀྱི་རྣམ་པར་མི་རྟོག་པ་ལ་སོགས་པ་ལ་དམིགས་པའི་ཕྱིར་རོ། ། རྣམ་པའི་ཁྱད་པར་གྱིས་ནི། མངོན་པར་ཞེན་པ་མེད་པ་ལ་སོགས་པ་རྣམས་ཡིན་པའི་ཕྱིར་རོ། ། རྒྱུའི་ཁྱད་པར་གྱིས་ནི་ཐེག་པ་གསུམ་གྱི་རྒྱུ་ཡིན་པའི་ཕྱིར་རོ། ། ཡང་དག་པར་འཛིན་པའི་ཁྱད་པར་གྱིས་ནི་ཐབས་མཁས་པ་དང་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་འཛིན་པ་ཡིན་པའི་ཕྱིར་རོ། །མཚུངས་པར་ལྡན་པའི་ཁྱད་པར་གྱིས་ནི་རྣམ་པར་རྟོག་པ་རྣམ་པ་བཞི་དང་མཚུངས་པར་ལྡན་པའི་ཕྱིར་རོ། །རྣམ་པའི་ཁྱད་པར་ཅན་གྱིས་ནི་རྣམ་པ་ཆུང་ངུ་དང་འབྲིང་དང་ཆེན་པོ་ཡིན་ཏེ། དེ་ལྟར་ན་ཅིག་ཤོས་ཀྱི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམས་ལས་རང་བཞིན་ཁྱད་པར་ཅན་ཡིན་ཏེ་ཞེས་གསུངས་པའི་ཕྱིར། ཐེག་ཆེན་སྦྱོར་ལམ་དེ་ཐེག་དམན་སྦྱོར་ལམ་ལས་ཁྱད་པར་རྣམ་པ་དྲུག་གིས་འཕགས་པར་བཞེད་ལ་ཆུང་འབྲིང་ཆེན་པོའི་དབྱེ་བ་དེའང་འཕགས་ཆོས་ཡིན་ཚུལ། ཉི་སྣང་ལས། ཇི་ལྟར་བཟོད་པ་ཆེན་པོ་སྐད་གཅིག་མ་གཅིག་ཡིན་པ་དེ་བཞིན་དུ་ཆོས་ཀྱི་མཆོག་ཡིན་ནོ་ཞེས་གསུངས་པ་རང་གི་དོན་གྱི་དབང་དུ་བྱས་པ་ཡིན་ལ།  འདི་ནི་གཞན་ལ་བརྟེན་པའི་ཆུང་ངུ་དང་འབྲིང་དང་ཆེན་པོ་དབྱེ་བ་བྱེད་པ་ཡིན་ཏེ་ཞེས་གསུངས་པའི་ཕྱིར། ཉེ་རང་རྣམས་རང་དོན་ཙམ་ལ་ཞེན་པས་ཆོས་མཆོག་ལ་ཆུང་འབྲིང་གི་དབྱེ་བ་མེད་ལ། འདིར་དེ་ལས་ཁྱད་པར་དུ་འཕགས་པས་ཆུང་འབྲིང་གི་དབྱེ་བ་ཁྱད་ཆོས་སུ་འགྱུར་ལ་རྣམ་བཤད་སྙིང་རྒྱན་དེ་དང་མཐུན་པར་འཕགས་ཆོས་ལ་དྲུག་བཞེད་དེ། རྣམ་བཤད་ལས། སློབ་དཔོན་འཕགས་པའི་འགྲེལ་པ་ལས་གསལ་བར་གསུངས་པས། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སྐྱོབ་པ་ཡི་དྲོད་སོགས་ཆོས་ཅན། ཉན་ཐོས་བསེ་རུ་ལྟ་བུ་དང་བཅས་པའི་སྦྱོར་ལམ་དག་ལས་ཁྱད་པར་འཕགས་ཏེ། གང་གིས་ན། དམིགས་པ་དང་ནི་རྣམ་པ་དང་། རྒྱུ་དང་ཡོངས་སུ་འཛིན་པ་ཡིས་དང་། བདག་ཉིད་ཇི་བཞིན་དུ་རྣམ་རྟོག་བཞི་བོ་ལྡན་པ་ལ་བརྟེན་པ་དང་། ཆུང་དང་འབྲིང་དང་ཆེན་པོ་རྣམས་ཀྱིས་ཁྱད་པར་འཕགས་པའི་ཕྱིར། ཞེས་གསུངས་པའི་ཕྱིར། ཡང་རྗེ་བཙུན་ཡིག་ཆ་ལས།  ཐེག་ཆེན་གྱི་སྦྱོར་ལམ་དེ་ཐེག་དམན་གྱི་སྦྱོར་ལམ་ལས་ཁྱད་ཆོས་ལྔའམ་དྲུག་གི་སྒོ་ནས་ཁྱད་པར་དུ་འཕགས་པ་ཡིན་ཏེ། དེ་དེ་ལས་དམིགས་པ། རྣམ་པ། རྒྱུ་བྱེད་ཚུལ། ཡོངས་འཛིན་གྱི་ཁྱད་པར། རྣམ་རྟོག་ལྡན་ཚུལ་དང་། ཆུང་འབྲིང་ཆེན་པོའི་དབྱེ་བའི་སྒོ་ནས་ཀྱང་ཁྱད་པར་དུ་འཕགས་པ་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར། འདི་ལྟར་ཉི་སྣང་དང་རྣམ་བཤད་སོགས་ལས་ཁྱད་པར་འཕགས་ཆོས་རྣམ་པ་དྲུག་ཏུ་གསལ་བར་བསྟན་ཡོད། འགྲེལ་ཆེན་ལས། དེ་བཞིན་དུ་ཇི་སྐད་དུ་བཤད་པའི་རྣམ་པར་རྟོགས་པ་དང་ལྡན་པ་ལ་རྟོག་པ་འདི་དག་རེ་རེ་ཞིང་ཆུང་ངུ་དང་འབྲིང་དང་ཆེན་པོས་དབྱེ་བས་ཁྱད་པར་དུ་འཕགས་པར་ཡང་བརྗོད་པར་བྱ་བ་ཡིན་པས་ཁྱད་པར་རྣམ་པ་ལྔའོ། །ཞེས་རྣམ་རྟོག་ལྡན་པའི་དྲོད་རྩེ་སོགས་རེ་རེ་ལ་ཆུང་འབྲིང་ཆེན་པོས་དབྱེ་བས་ཁྱད་པར་དུ་འཕགས་ཞེས་རྣམ་རྟོག་དང་ཆུང་འབྲིང་ཆེན་པོའི་དབྱེ་བ་ཁྱད་ཆོས་གཅིག་ཏུ་རྩིས་ཏེ་ཁྱད་པར་རྣམ་པ་ལྔ་བཞེད་དོ། །འགྲེལ་ཆུང་ལས། འཆད་པར་འགྱུར་བ་དམིགས་པའི་ཁྱད་པར་གྱི་ངོ་བོ་ཉིད་བདེན་པ་བཞིའི་དངོས་པོ་ལ་དམིགས་པ་དང་། ཆོས་སུ་ལྟ་བའི་གཉེན་པོ་ཉིད་ཀྱིས་མངོན་པར་ཞེན་པ་མེད་པ་ལ་སོགས་པའི་རྣམ་པར་ཞུགས་པ་དང་། ཐེག་པ་གསུམ་ཅར་རྟོགས་པའི་རྒྱུའི་ངོ་བོ་དང་། དགེ་བའི་བཤེས་གཉེན་ཐབས་ལ་མཁས་པའི་མཚན་ཉིད་ཀྱིས་ཡོངས་སུ་འཛིན་པ་དང་ལྡན་པ་དང་། མཐོང་བ་དང་བསྒོམ་པས་སྤང་བར་བྱ་བའི་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་རྣམ་པ་བཞི་པོ་འཆད་པར་འགྱུར་བའི་ཚུལ་དང་འབྲེལ་བར་འབྱུང་བ་ནི་ཉན་ཐོས་ལ་སོགས་པའི་དྲོ་བ་ལ་སོགས་པ་ལས་ཁྱད་པར་དུ་འཕགས་པ་ཡིན་ནོ་ཞེས་གསུངས་པའི་ཕྱིར། སློབ་དཔོན་གྱིས་ཆུང་འབྲིང་ཆེན་པོའི་དབྱེ་བ་དངོས་སུ་ཁྱད་ཆོས་སུ་མ་རྩིས་པའི་ཁྱད་པར་རྣམ་པ་ལྔ་བཞེད་དེ། གསེར་ཕྲེང་ལས། འགྲེལ་པ་འདིས་སྦྱོར་ལམ་གྱི་གྲངས་ཇི་ལྟ་བ་བཞིན་ལྡན་ཞིང་རྟེན་པའི་རྣམ་རྟོག་བཞི་དང་བཅས་པའི་ཁྱད་པར་ལྔར་བཞེད་དེ་ཞེས་གསུངས་པའི་ཕྱིར། ལེགས་བཤད་རིན་པོ་ཆེ་གསེར་གྱི་ཕྲེང་པས་འགྲེལ་ཆུང་གི་དངོས་བསྟན་ལྟར་ཁྱད་པར་རྣམ་པ་ལྔ་བཞེད་དེ། དེ་ཉིད་ལས། གང་ལས་ན། ཉན་ཐོས་དང་སོགས་པས་རང་རྒྱལ་སོགས་སོ། །གང་གིས་ན། ལྔ་ལས་དང་པོ་དམིགས་པའི་ཁྱད་པར་གྱི་ངོ་བོ་ཉིད་ནི། རྒྱས་བཤད་ནས་འཆད་པར་འགྱུར་བའི་བདེན་བཞིའི་དངོས་པོ་སྟེ་ཁྱད་ཆོས་མི་རྟག་སོགས་ལ་དམིགས་པ་དང་རྣམ་པའི་ཁྱད་པར་ནི། མངོན་པར་ཞེན་པ་མེད་པ་ལ་སོགས་པ་སྟེ་སྒྱུ་མ་ལྟ་བུའི་རྣམ་པར་ཞུགས་པའོ། །དེའི་རྒྱུ་མཚན་ཡང་གཟུགས་སོགས་ལ་བདེན་པར་འཛིན་པའི་ཆོས་བདག་ཏུ་ལྟ་བའི་གཉེན་པོ་བྱེད་པ་ཉིད་ཀྱིས་སོ། །རྒྱུའི་ཁྱད་པར་ནི། འབྲས་བུ་ཡི་ཐེག་པ་གསུམ་ཆར་གྱི་རྟོགས་རིགས་རྟོགས་པ་སྟེ། ཐོབ་པའི་རྒྱུའི་ངོ་བོ་དང་། ཡོངས་འཛིན་གྱི་ཁྱད་པར་ནི། དགེ་བའི་བཤེས་གཉེན་འཚང་རྒྱ་བའི་ ཐབས་ལ་མཁས་པའི་མཚན་ཉིད་ཀྱིས་སངས་མ་རྒྱས་ཀྱི་བར་དུ་སྲིད་ཞིར་ ལྟུང་བ་ལས་ཡོངས་སུ་འཛིན་པ་དང་། ལྡན་ཆོས་ཀྱི་ཁྱད་པར་ནི། རྩེ་སྦྱོར་གྱི་སྐབས་ནས་བསྟན་པའི་རང་འབྲས་མཐོང་སྒོམ་གྱི་ལམ་གྱིས་སྤང་བར་བྱ་བའི་གཟུང་འཛིན་གྱི་རྟོག་པ་བཞི་པོ་རྒྱས་བཤད་ནས་འཆད་པར་འགྱུར་པའི་ཚུལ་དང་རྒྱུད་འབྲེལ་བར་འབྱུང་བའོ་ཞེས་གསུངས་པའི་ཕྱིར། འོ་ན་གསེར་ཕྲེང་ལས་ཁྱད་ཆོས་ལྔ་གསུངས་པ་ནི་འགྲེལ་ཆུང་གི་ཚིག་ཟིན་ལྟར་བཀྲལ་བ་དང་རྣམ་བཤད་ལས་དྲུག་གསུངས་པ་ནི་འགྲེལ་ཆེ་ཆུང་གིས་དོན་བསྟན་དང་ཉི་སྣང་གི་ཚིག་ཟིན་བཞིན་བཀྲལ་བ་ཡིན་པས་དེ་གཉིས་བསྟན་སྟངས་ལ་འགལ་བ་མེད་པར་སྙམ། སློབ་དཔོན་གྱིས་ཀྱང་འགྲེལ་ཆེན་སྐབས་སུ་ཆུང་འབྲིང་ཆེན་པོའི་དབྱེ་བ་ཁྱད་ཆོས་སུ་རྩིས་པའི་ལྔ་དང་འགྲེལ་ཆུང་སྐབས་ལྡན་ཆོས་རྐྱང་པ་རྩིས་པའི་ལྔ་གསུངས་པས་དོན་གྱིས་ཆུང་འབྲིང་ཆེན་པོའི་དབྱེ་བ་འང་ཁྱད་པར་གྱི་ཆོས་སུ་བཞེད་པས་ཉི་སྣང་དང་འགྲེལ་ཆེ་ཆུང་སོགས་ཀྱང་དོན་ལ་མི་མཐུན་པ་མི་འདུག་སྙམ།  འགྲེལ་ཆུང་གིས་དོན་ལ་ཆུང་འབྲིང་ཆེན་པོའི་དབྱེ་བ་ཁྱད་ཆོས་སུ་བསྟན་ཏེ། རྣམ་བཤད་ལས། འགྲེལ་པ་འདིར་ཡང་དོན་གྱིས་ཆེ་འབྲིང་གི་ཁྱད་པར་ཡང་ཁྱད་ཆོས་སུ་བསྟན་ཅིང་། ཞེས་གསུངས་པའི་ཕྱིར། འདི་དག་གི་ཚིག་ཟིན་ལ་བསྟན་ཚུལ་མ་འདྲ་བ་བྱུང་བ་ནི་རྩ་བས་དངོས་བསྟན་བཞི་ལས་མེད་པས་ཤུགས་བསྟན་ལ་གསལ་མི་གསལ་གྱིས་ཁྱད་པར་བྱུང་བ་ཙམ་ཡིན་པར་སྙམ།

ལྔ་པ།  ཐེག་ཆེན་སྦྱོར་ལམ་དེ་ཐེག་དམན་སྦྱོར་ལམ་ལས་ཁྱད་པར་འཕགས་ཚུལ།  

འཕགས་ཆོས་དང་པོ་གྲུབ་སྟེ། ཐེག་ཆེན་སྦྱོར་ལམ་དེ་ཐེག་དམན་སྦྱོར་ལམ་ལས་དམིགས་པའི་ཁྱད་པར་འཕགས་ཏེ། ཐེག་ཆེན་པས་རིག་པའི་རྣམ་གྲངས་མཐའ་ཡས་པའི་སྒོ་ནས་བདེན་པ་བཞི་ལ་དམིགས་པ་གང་ཞིག་ཐེག་དམན་ལ་དེ་མེད་པའི་ཕྱིར་ཏེ།  དགོངས་པ་རབ་གསལ་ལས། དེས་ན་ཐེག་ཆེན་པས་ནི་རྩ་ཤེས་ལས་གསུངས་པ་བཞིན་དུ། གཞི་གཅིག་བདེན་མེད་དུ་སྒྲུབ་པ་ལ་ཡང་། སྒྲུབ་བྱེད་ཀྱི་རིགས་པ་མི་འདྲ་བ་མཐའ་ཡས་པས་བསྒྲུབས་པས། དེ་ཁོ་ན་ཉིད་ལ་བློ་ཤིན་ཏུ་རྒྱས་པར་འགྱུར་ལ། ཐེག་དམན་ལ་ནི་རིགས་པ་མདོར་བསྡུས་པ་གཅིག་གིས་དེ་ཁོ་ན་ཉིད་ཚད་མས་གྲུབ་ན། སྔ་མ་ལྟར་མི་བྱེད་པས་དེ་ཁོ་ན་ཉིད་ལ་བློ་རྒྱས་པ་མེད་པས་རྒྱས་བསྡུས་དང་། བདག་མེད་སྒོམ་པ་རྫོགས་མ་རྫོགས་སུ་གསུངས་སོ། །དེ་ལྟར་འོང་བ་ཡང་ཉན་རང་རྣམས་ནི། ཉོན་མོངས་ཙམ་སྤོང་བའི་ཕྱིར་བརྩོན་པ་ཡིན་ལ།  དེ་ལ་ནི་དེ་ཁོ་ན་ཉིད་ཀྱི་དོན་མདོར་བསྡུས་པ་དེ་ཙམ་ཞིག་རྟོགས་པས་ཆོག་གོ །ཐེག་ཆེན་པ་ཤེས་སྒྲིབ་སྤོང་བ་ལྷུར་ལེན་པས། དེ་ལ་དེ་ཁོ་ན་ཉིད་ལ་ཤེས་རབ་མཆེད་ནས་བློ་ཤིན་ཏུ་རྒྱས་པ་ཞིག་དགོས་པ་ཡིན་ནོ་ཞེས་གསུངས་པའི་ཕྱིར། ཉེ་རང་རྣམས་ཀྱིས་ཉོན་མོངས་པའི་གཉེན་པོར་གྱུར་བའི་ཆོས་གཅིག་གི་སྟེང་གི་བདག་མེད་དང་གང་ཟག་རང་ཉིད་བདག་མེད་རྟོགས་པ་ཙམ་གྱིས་འཐུས་པ་ཡིན་པས་རིག་པའི་རྣམ་གྲངས་མཐས་ཡས་པའི་སྒོ་ནས་རྟོགས་མི་དགོས་སོ། །ཐེག་ཆེན་པས་ཤེས་སྒྲིབ་སྤོང་པ་ལ་ལྷུར་ལེན་པ་ཡིན་པས་ཆོས་གཅིག་གི་སྟེང་གི་སྟོང་ཉིད་རྟོགས་པ་ལ་དེ་གང་ལས་བྱུང་བའི་རྒྱུ་དེའི་འབྲས་བུ་གང་སྐྱེད་པ་རང་གི་ངོ་བོ་གང་ཡིན་པ། སྟོང་པ་ཉིད་ཀྱི་དོན་སོགས་ལ་དཔྱད་པ་བྱེད་དགོས་ཏེ་ཁོ་ལ་སྒྲིབ་པས་སྒྲིབ་པ་ཐམས་ཅད་སྤོང་དགོས་པའི་ཕྱིར། རང་ལ་དམིགས་པའི་སྒྲིབ་པའམ་ཁོ་རང་ལ་ཕྱིན་ཅི་ལོག་ཏུ་ཞུགས་པའི་བློ་མཐའ་དག་སྤོང་དགོས་ཏེ་ཤེས་བྱའི་རྣམ་པ་མ་ལུས་པ་མཁྱེན་པའི་ཐབས་སུ་འགྲོ་དགོས་པའི་ཕྱིར། མདོར་བསྡུས་ན་སྙིང་བརྗེ་ཆེན་པོ་རྒྱུད་ལ་ཡོད་པས་རིག་པའི་རྣམ་གྲངས་མཐའ་ཡས་པའི་སྒོ་ནས་དམིགས་པ་ཡིན་ཏེ་གང་ཟག་དེས་གཞན་དོན་དུ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་འདོད་ཀུན་ནས་སློང་སྟེ་དེའི་ཆེད་དུ་ཤེས་བྱའི་སྒྲིབ་པ་མ་ལུས་པ་སྤོང་དགོས་པའི་ཕྱིར་རོ། །  འཕགས་ཆོས་གཉིས་པ་གྲུབ་སྟེ། ཐེག་ཆེན་གྱི་སྦྱོར་ལམ་དེ་རིགས་པའི་རྣམ་གྲངས་མཐའ་ཡས་པའི་སྒོ་ནས་བདེན་བཞི་ལ་སྒྲོ་འདོགས་གཅོད་པའི་རྣམ་པ་ཅན་ཡིན། ཅིག་ཤོས་དེ་ལྟར་མ་ཡིན་པའི་ཕྱིར།  འཕགས་ཆོས་གསུམ་པ་གྲུབ་སྟེ། ཐེག་ཆེན་གྱི་སྦྱོར་ལམ་དེས་རྟོགས་རིགས་གསུམ་ཚང་བའི་ཐེག་ཆེན་གྱི་མཐོང་ལམ་གྱི་ཉེ་རྒྱུ་བྱེད། ཅིག་ཤོས་ཀྱིས་དེ་ལྟར་མི་བྱེད་པའི་ཕྱིར་ཏེ། ཐེག་ཆེན་མཐོང་ལམ་གྱིས་གང་ཟག་གི་བདག་མེད་དང་གཉིས་སྟོང་། སྟོང་ཉིད་མངོན་སུམ་དུ་རྟོགས་པ་གང་ཞིག་དེའི་ཉེ་རྒྱུ་བྱེད་པའི་ཕྱིར། འཕགས་ཆོས་བཞི་པ་གྲུབ་སྟེ། མཆོག་གི་སྤྲུལ་སྐུས་རང་གི་ཆེད་དུ་བྱ་བའི་གདུལ་བྱ་བྱང་སེམས་སྦྱོར་ལམ་པ་ལ་ཐེག་པ་ཆེན་པོའི་ལམ་རྫོགས་པར་བསྟན་པའི་ཡོངས་འཛིན་བྱེད། ཅིག་ཤོས་ལ་དེ་ལྟར་མི་བྱེད་པའི་ཕྱིར།  འཕགས་ཆོས་ལྔ་པ་གྲུབ་སྟེ། ཐེག་ཆེན་གྱི་སྦྱོར་ལམ་དྲོད་སོགས་བཞི་ལ་བདེན་འཛིན་སྤང་བྱའི་གཙོ་བོར་ལྡན། ཅིག་ཤོས་ལ་དེ་ལྟར་མི་ལྡན་པའི་ཕྱིར། འཕགས་ཆོས་དྲུག་པ་གྲུབ་སྟེ། ཐེག་ཆེན་གྱི་སྦྱོར་ལམ་ཆོས་མཆོག་ལ་ཆུང་འབྲིང་ཆེན་པོའི་དབྱེ་བ་འཐད། ཐེག་དམན་གྱི་སྦྱོར་ལམ་ཆོས་མཆོག་ལ་དེ་ལྟར་མི་འཐད་པའི་ཕྱིར་ཏེ། དེ་དུས་མཐའི་སྐད་ཅིག་མ་ཡིན་པའི་ཕྱིར་ཏེ། མཛོད་ལས། དེ་ནི་སྐད་ཅིག་གཅིག་དེ་བཞིན། །ཆོས་མཆོག་ཅེས་གསུངས་པའི་ཕྱིར།  འདི་ནི་ཆུང་འབྲིང་ཆེ་གསུམ་ཙམ་གྱིས་ཁྱད་པར་དུ་འཕགས་ཚུལ་ཙམ་མ་ཡིན་པར་དྲོད་ནས་བཟུང་ཆུང་འབྲིང་ཆེ་གསུམ་མ་བརྒྱུད་ནས་ལམ་གོང་དུ་འཕོ་ཐུབ་རུང་དེ་ལྟར་མི་བྱེད་པར། གཞན་དོན་དུ་དཀའ་སྤྱད་སྙིང་རུས་ཡུན་རིང་བྱེད་ནས་རིམ་བཞིན་ཆུང་འབྲིང་ཆེ་གསུམ་བརྒྱུད་པ་ཡིན་པས་ཁྱད་པར་འཕགས་པ་ཡིན་ཏེ། ཉི་སྣང་ལས། ཇི་ལྟར་བཟོད་པ་ཆེན་པོ་སྐད་གཅིག་མ་གཅིག་ཡིན་པ་དེ་བཞིན་དུ་ཆོས་ཀྱི་མཆོག་ཡིན་ནོ་ཞེས་གསུངས་པ་རང་གི་དོན་གྱི་དབང་དུ་བྱས་པ་ཡིན་ལ།  འདི་ནི་གཞན་ལ་བརྟེན་པའི་ཆུང་ངུ་དང་འབྲིང་དང་ཆེན་པོ་དབྱེ་བ་བྱེད་པ་ཡིན་ཏེ་ཞེས་གསུངས་པའི་ཕྱིར།

དྲུག་པ།  ཐེག་ཆེན་སྦྱོར་ལམ་མཉམ་བཞག་ཡེ་ཤེས་དེ་བློ་རིག་གང་ཡིན་དང་ཐོས་བསམ་སྒོམ་གསུམ་སོགས་ཀྱི་དོན།  

སྟོང་ཉིད་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པའི་ཐེག་ཆེན་གྱི་སྦྱོར་ལམ་མཉམ་གཞག་ཡེ་ཤེས་དེ། རྟོགས་བློ་ཡིན་པས་བློ་རིགས་བདུན་པོའི་གང་རུང་ཡིན་ཡང་། སྟོང་པ་ཉིད་ཀྱི་དོན་མངོན་སུམ་དུ་རྟོགས་མེད་པས་མངོན་སུམ་ཚད་མ་མ་ཡིན་ལ། རྗེས་དཔག་ཚད་མ་འང་མ་ཡིན་པའི་ཕྱིར་ཏེ། ལམ་མ་ཞུགས་དང་ཚོགས་ལམ་གྱི་གནས་སྐབས་སུ་སྟོང་པ་ཉིད་ཀྱི་དོན་གསར་དུ་རྟོགས། དེ་ཉིད་ཡང་ནས་ཡང་དུ་གོམས་པར་བྱས་པ་ལ་བརྟེན་ནས་དེ་ལ་དམིགས་པའི་ཞི་གནས་ཐོབ། དེ་ཉིད་ཡང་ནས་ཡང་དུ་གོམས་པ་ལ་བརྟེན་ནས་སྒོམ་བྱུང་གི་མྱོང་པ་ཐོབ་ནས་སྟོང་པ་ཉིད་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པའི་མཉམ་བཞག་ཡེ་ཤེས་སུ་གྱུར་པ་ཡིན་པས་གསར་རྟོགས་མ་ཡིན་པའི་ཕྱིར། དེ་འདྲའི་མཉམ་བཞག་ཡེ་ཤེས་དེ་ལམ་ཡིན་པས། ཡིད་དཔྱོད། སྣང་ལ་མ་ངེས་པ། ཐེ་ཚོམ། ལོག་ཤེས་རྣམས་མ་ཡིན་ཏེ། རྗེ་བཙུན་ཡིག་ཆ་ལས། ཐེག་ཆེན་གྱི་སྦྱོར་ལམ་དུ་གྱུར་པའི་མངོན་རྗེས་སོགས་དུ་མ་ཡོད་ཀྱང་། དང་པོ་ཉིད་ནས་ཐེག་ཆེན་དུ་རིགས་ངེས་པའི་སྟོང་ཉིད་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པའི་ཐེག་ཆེན་གྱི་སྦྱོར་ལམ་མཉམ་གཞག་ཡེ་ཤེས་དེ་བཅད་ཤེས་ཡིན་པའི་ཕྱིར། དེ་བློ་རིག་བདུན་པོ་གང་རུང་ཡིན། དེ་རྗེས་དཔག ཡིད་དཔྱོད། སྣང་ལ་མ་ངེས་པ། ཐེ་ཚོམ། ལོག་ཤེས། མངོན་སུམ་གང་རུང་མ་ཡིན་པའི་ཕྱིར། དང་པོ་སླ། གཉིས་པ་གྲུབ་སྟེ༑ སྒོམ་བྱུང་གི་བློ་ཡིན་པའི་ཕྱིར། བར་པ་རྣམས་གྲུབ་སྟེ། ཐར་ལམ་ཡིན་པའི་ཕྱིར། ཕྱི་མ་གྲུབ་སྟེ། སོ་སྐྱེའི་རྒྱུད་ཀྱི་སྟོང་ཉིད་རྟོགས་པའི་བློ་ཡིན་པའི་ཕྱིར། ཞེས་གསུང་པའི་ཕྱིར། སྔར་ཚོགས་ལམ་སོགས་ཀྱི་གནས་སྐབས་སུ་སྟོང་པ་ཉིད་ཀྱི་དོན་གསར་དུ་རྟོགས། དེ་ཉིད་ཡང་ནས་ཡང་དུ་གོམས་པར་བྱས་པ་ལ་བརྟེན་ནས་དེ་ལ་དམིགས་པའི་ཞི་གནས་ཐོབ། དེ་ཉིད་ཡང་ནས་ཡང་དུ་གོམས་པ་ལ་བརྟེན་ནས་དཔྱད་སྟོབས་ཀྱིས་དྲངས་པའི་སྒོམ་བྱུང་གི་མྱོང་པ་ཐོབ་ནས། སྟོང་པ་ཉིད་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པའི་མཉམ་བཞག་ཡེ་ཤེས་གྱུར་པ་ཡིན་པས་བཅད་ཤེས་ཡིན་ཏེ།  རྣམ་བཤད་ལས། དེ་ལྟ་བུའི་མཉམ་གཞག་དེ་སྟོང་ཉིད་རྟོགས་པའི་བཅད་ཤེས་ཀྱི་རྒྱུན་གོམས་པར་བྱས་པའི་སྟོབས་ཀྱིས་སྒོམ་བྱུང་དུ་གྱུར་ནས། སྟོང་ཉིད་ཀྱི་དོན་སྤྱི་གསལ་བར་སྣང་བ་སྤྱོད་པའི་ངོ་བོར་གྱུར་པ་རྣམས་ཡིན་ནོ། །ཞེས་གསུངས་པའི་ཕྱིར།  ཐོས་བསམ་སྒོམ་གསུམ་གྱི་ངོ་བོ་ནི།  རྗེ་བཙུན་ཡིག་ཆ་ལས། གཙོ་བོར་གསུང་རབ་ཀྱི་ཚིག་མང་དུ་ཐོས་པ་ལས་བྱུང་བའི་ཤེས་རབ། ཐོས་བྱུང་གི་ཤེས་རབ་དང་། གཙོ་བོར་གསུང་རབ་ཀྱི་དོན་བསམས་པའི་སྟོབས་ལས་བྱུང་བའི་ཤེས་རབ། བསམ་བྱུང་གི་ཤེས་རབ་དང་། གཙོ་བོར་བསམ་གཏན་དང་པོ་ཡན་ཆད་ཀྱི་ཏིང་ངེ་འཛིན་སྒོམ་པའི་སྟོབས་ལས་བྱུང་བའི་ཤེས་རབ་སྒོམ་བྱུང་གི་ཤེས་རབ་ཏུ་འཇོག་པ་ཡིན་པས་དེ་རྣམས་འགལ་བ་ཡིན་ནོ། །བསམ་བྱུང་དང་སྒོམ་བྱུང་གི་ཤེས་རབ་གཉིས་འགལ་བ་ཡིན། ཁ་ཅིག་བསམ་བྱུང་དང་ཐོས་བྱུང་གཉིས་ནི་མི་འགལ་ཏེ་གཉིས་ཀ་རྗེས་དཔག་ཡིན་པའི་ཕྱིར་ཏེ། རྗེ་བཙུན་ཕར་ཕྱིན་སྐབས་དང་པོའི་མཐའ་དཔྱོད་ལས།  དེ་ཆོས་ཅན། བསམ་བྱུང་གི་བློ་ཡིན་པར་ཐལ།  རྗེས་དཔག་ཡིན་པའི་ཕྱིར།  ཞེས་དང་ཡང་རྗེ་བཙུན་དབུ་མའི་སྤྱི་དོན་ལས། བྱང་སེམས་སྦྱོར་ལམ་པའི་རྒྱུད་ཀྱི་སྟོང་ཉིད་དྲན་པའི་དྲན་ཤེས་དེ་རྗེས་དཔག་ཡིན་པར་ཐལ་ལོ། །འདོད་ན། དམན་ལམ་སྔོན་དུ་མ་སོང་བའི་སྦྱོར་ལམ་ཆོས་མཆོག་ཆེན་པོའི་ཡེ་ཤེས་དེ་རྗེས་དཔག་ཡིན་པར་ཐལ་ལོ། །འདོད་ན། ཐོས་བྱུང་གྱི་བློ་ཡིན་པར་ཐལ་ལོ།   འདོད་མི་ནུས་ཏེ། སྒོམ་བྱུང་གྱི་བློ་ཡིན་པའི་ཕྱིར། ཞེས་གསུང་པའི་ཕྱིར་ན་མ་ཁྱབ་སྟེ།  དབུ་མའི་སྤྱིན་དོན་སྐབས་སུ་རྗེས་དཔག་ཐོས་བྱུང་གི་བློ་ཡིན་གསུང་པ་དེ་གཞན་དོན་རྗེས་དཔག་དང་།  སྦྱོར་ལམ་སྐབས་རྗེས་དཔག་བསམ་བྱུང་གི་བློ་ཡིན་གསུང་པ་དེ་རང་དོན་རྗེས་དཔག་སྐབས་ཡིན་པས་དེ་གཉིས་གཞི་མཐུན་ཡིན་པ་མི་འགྲུབ་ལ་ལུང་དེ་གཉིས་ཀྱང་འགལ་བ་མེད་དོ། །སྒོམ་བྱུང་གི་ཤེས་རབ་ཡིན་ན་རྗེས་དཔག་མིན་པའི་ཁྱབ་སྟེ། རྣམ་བཤད་ལས། སྟོང་ཉིད་རྟོགས་པའི་བཅད་ཤེས་ཀྱི་རྒྱུན་གོམས་པར་བྱས་པའི་སྟོབས་ཀྱིས་སྒོམ་བྱུང་དུ་གྱུར་ནས། སྟོང་ཉིད་ཀྱི་དོན་སྤྱི་གསལ་བར་སྣང་བ་དཔྱོད་པའི་ངོ་བོར་གྱུར་པ་ཡིན་ནོ། །ཤེས་རབ་གསུམ་གྱི་རྣམ་དབྱེ་མི་ཤེས་པ་ཁ་ཅིག །གཅིག་དང་དུ་བྲལ་གྱི་རྟགས་ལ་བརྟེན་པའི་རྗེས་དཔག་ཏུ་འདོད་དོ། །ཞེས་གསུངས་པའི་ཕྱིར།

2023ལོའི་ཟླ5པའི་ཚེས11ཉིན་སི་བོད་ནང་བསྟན་སློབ་གླིང་དུ་ཐུབ་བསྟན་ཐབས་མཁས་ཀྱིས་བྲིས།


མཉམ་སྤྱོད།