དེ་རིང་ནི2024ལོའི་ཟླ12པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

བོད་གནའ་རབས་ལོ་རྒྱུས་ངོ་སྤྲོད་རགས་བསྡུས།

2023-02-06 08:45:26   |   རྩོམ་ཁུངས། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་།

རྩོམ་སྒྲིག  སངས་དོན།     འདོན་སྤྲོད།   མཚོ་བྱང་ཁུལ་མཐོ་འབྲིང་དང་པོ། ཆོས་སྐྱོང་རྒྱ་མཚོ།


                               
           དང་པོ། མངའ་མཛད་བྱུང་བའི་དུས་རབས་སྐོར།
        《ལྡེའུ་ཆོས་འབྱུང་》ལས། དང་པོ་གནོད་སྦྱིན་ནག་པོ་ཞེས་བྱ་བ་བྱུང་སྟེ། ། ཡུལ་གྱི་མིང་ཡང་བཟང་ཡུལ་རྒྱན་མེད་བྱ་བར་བཏགས། ། ལག་ཆ་མདའ་གཞུ་འཕེན་པ་དེ་ནས་བྱུང་། ། གཉིས་པ་རེ་ཏེ་མགོ་གཡག་བདུད་ཀྱིས་བྱས། ། ཡུལ་གྱི་མིང་ཡང་བདུད་ཡུལ་གླིང་དགུ་ཟེར། ། སྟ་རེ་དགྲ་སྟ་དུས་དེར་ལག་ཆར་བྱུང་། ། གསུམ་པ་གཉའ་རེངས་ཁྲག་མེད་སྲིན་གྱིས་བྱས། ། ཡུལ་གྱི་མིང་ཡང་ནག་པོ་དགུ་དུས་ཟེར། ། ལག་ཆ་སྲིན་པོ་རྐང་དང་སྒྱོགས་གཉིས་བྱུང་། ། བཞི་པ་དམར་འཇམ་ཞེས་བྱ་ལྷ་ཡིས་བྱས། ། ཡུལ་གྱི་མིང་ནི་ལྷ་ཡུལ་གུང་ཐང་ཟེར། ། ལག་ཆ་ཁ་ཊཾ་རྩེ་གསུམ་དེ་ནས་བྱུང་། ། ལྔ་པ་ཀླུར་དབང་ངམ་བྲང་ཅང་བྲང་ཟེར། ། ལག་ཆ་མདུང་ལ་བྱེད་པ་དེ་ནས་བྱུང་། ། དྲུག་པ་འདྲེས་དབང་བྱས་ལང་ཏང་ལིང་ཏིང་ཟེར། ། ལག་ཆར་སྒྱུག་པ་སྐྱོག་ཅན་དེ་ནས་བྱུང་། ། བདུན་པ་མ་སངས་རུས་དགུས་དབང་བྱས་ཏེ། ། ཡུལ་གྱི་མིང་ནི་བོད་ཁམས་གཡང་དྲུག་ཟེར། ། ལག་ཆར་དོང་རལ་ཕུབ་ཆུང་དེ་ནས་བྱུང་། ། བརྒྱད་པ་ཀླུ་ཡིས་དབང་བྱས་བོད་ཡུལ་གླིང་དགུར་བཏགས། ། དགུ་པ་མི་མ་ཡིན་གྱིས་དབང་བྱས་ཏེ། ། ཡུལ་གྱི་མིང་ནི་ངམ་ཡུལ་ནག་པོར་བཏགས། ། བཅུ་པ་ཟ་རིད་སྤུན་དྲུག་དག་གིས་དབང་བྱས་ཏེ། ། ཡུལ་གྱི་མིང་ལ་སྟོང་སྡེ་བཅོ་བརྒྱད་ཟེར། ། བཅུ་གཅིག་རྒྱལ་ཕྲན་བཅུ་གཉིས་དབང་བྱས་སྐད། ། ཀུན་གྱི་ཐ་མར་སིལ་མ་བཞི་བཅུ་བྱས། ། ཡུལ་གྱི་མིང་ནི་བཟང་ཡུལ་གྱད་དུ་བཏགས། །ཞེས་དང་།
        《ཆོས་འབྱུང་མཁས་པའི་དགའ་སྟོན་》ལས། དང་པོར་གནོད་སྦྱིན་ནག་པོས་དབང་བྱས་ཏེ།། ཡུལ་གྱི་མིང་ཡང་བཟང་ཡུལ་རྒྱན་མེད་ཟེར།། མཚོན་ཆ་མདའ་གཞུ་དེ་ཡི་དུས་སུ་བྱུང་།། དེ་ནས་རེ་ཏེ་མགོ་གཡག་བདུད་ཀྱིས་བྱས།། མིང་ཡང་བདུད་ཡུལ་ཁ་རག་རོང་དགུར་བཏགས།། སྟ་རེ་དགྲ་སྟ་དེ་ཡི་དུས་སུ་བྱུང་།། དེ་ནས་སྲིན་པོ་གཉའ་རེངས་ཁྲག་མིག་བྱས།། ཡུལ་མིང་སྲིན་པོ་ནག་པོ་དགུ་ཡུལ་ཟེར།། སྲིན་མོའི་རྐང་དང་སྒྱོགས་གཉིས་ལག་ཆ་བྱུང་།། བཞི་པ་དམར་འཇམ་ལྷ་ཡིས་དབང་བྱས་ཏེ།། ལྷ་ཡུལ་གུང་ཐང་ལག་ཆ་ཆུ་གྲི་བྱུང་།། ལྔ་པར་རྨུ་རྒྱལ་ཁོ་རྗེ་ཞེས་བྱས་བཟུང་།། ད་ཕྲང་ཅང་ཕྲང་ལག་ཆ་ཞགས་པ་འཕེན།། དྲུག་པར་ཀྲོག་ཀྲོག་འདྲེ་ཡིས་དབང་བྱས་ཏེ།། ལང་ཏང་ལིང་ཏང་བར་ཁ་འུར་རྡོ་འཕེན།། བདུན་པ་མ་སངས་རུས་དགུས་དབང་བྱས་ཏེ།། ཡུལ་གྱི་མིང་ལ་བོད་ཁ་ཉ་དྲུག་ཟེར།། ལག་ཆར་དོང་རལ་གོ་ཆ་ཕུབ་ཆུང་བྱུང་།། བརྒྱད་པ་ཀླུས་བཟུང་བོད་ཁམས་གླིང་དགུ་བཏགས།། དགུ་པ་རྒྱལ་པོས་དབང་བྱས་ངམ་པོ་ཅེ། །བཅུ་པ་འགོང་པོ་སྤུན་དགུས་དབང་བྱས་ཏེ།། ཡུལ་གྱི་མིང་ལ་བོད་ཁ་ཉ་དྲུག་ཟེར།། ལག་ཆར་དོང་རལ་གོ་ཆ་ཕུབ་ཆུང་བྱུང་།། བརྒྱད་པ་ཀླུས་བཟུང་བོད་ཁམས་གླིང་དགུ་བཏགས།། དགུ་པ་རྒྱལ་པོས་དབང་བྱས་ངམ་པོ་ཅེ།། བཅུ་པ་འགོང་པོ་སྤུན་དགུས་དབང་བྱས་ཏེ།། ཡུལ་གྱི་མིང་ཡང་སྟོང་སྡེ་བཅོ་བརྒྱད་ཟེར།།
        མངའ་མཛད་ཐོག་མར་བྱུང་བ་ཞེས་པ་ནི་མི་ཡིས་མི་ལ་དབང་སྒྱུར་བྱེད་པའི་དུས་རབས་ཀྱི་མགོ་ཚུགས་པར་ཟེར་ལ། པུར་རྒྱལ་གོང་གི་དབང་མཛད་བཅུ་ཞེས་པ་ནི། ཡུལ་འདིའི་མི་རྣམས་ལ་དབང་བསྒྱུར་བའི་རྒྱལ་པོ་བཅུ་བྱོན་པའི་དོན་མིན་པར། མི་རབས་སམ་དེ་དང་ཆ་འདྲ་བ་དུ་མས་རིམ་བཞིན་བོད་ཁམས་དབང་དུ་བྱས་པ་སྟེ། ས་འདི་དག་བཟུང་ཞིང་དེ་ཡང་དུས་རབས་མི་འདྲ་བ་བཅུ་རིམ་བཞིན་བྱུང་བའི་དོན་ཡིན། དེ་དག་ལས་དུས་རབས་དགུ་པ་མ་སངས་རུས་དགུ་ནི།《ཆོས་འབྱུང་མཁས་པའི་དགའ་སྟོན་》ལས། ༡ གཉའ་གཡའ་སྤང་སྐྱེས། ༢ གར་ཏིང་ནམ་ཚ། ༣ གླེ་ངན་ནམ་ཙང་སྐྱེས། ༤  རུ་ཐོ་གར་སྐྱེས། ༥ ཤེ་དོ་ཀེར་ཏིང་ནས། ༦ མེ་པད་སྐྱེས། ༧ གསད་གེ་འཕྲུལ་བོ་ཆེ། ༨ དྲང་བ་དྲངས་མ་མགུར། ༩བཀོད་སྟོར་ནམ་ཚ་བཅས་དགུ་བཀོད་ཡོད་དོ། ། སྐབས་འདིར་ཡུལ་ཁམས་ཀྱི་མིང་ལ་བོད་ཁམས་གཡའ་དྲུག་ཟེར་བས། བོད་ཅེས་པའི་ཡུལ་མིང་འདི་ཡང་ཐོག་མར་འདི་ནས་བྱུང་བར་སྐད།
         དུས་རབས་བཅུ་གཅིག་པ་རྒྱལ་ཕྲན་སིལ་མ་བཅུ་གཉིས་ནི། སྤྱི་ཚོགས་འཕེལ་རྒྱས་ཀྱི་དུས་རིམ་ནང་དུ་ཡུལ་གྲུ་སོ་སོར་ཚོ་པ་དང་དཔོན་ཁག་ཤུགས་ཆེན་པོར་ཆགས་ཏེ། གཅིག་གིས་གཅིག་ལ་དབང་སྒྱུར་བྱེད་དཀའ་བའི་དུས་རིམ་ཞིག་ཏུ་སླེབས་པས། ཟ་རིད་སྤུན་དྲུག་གི་དབང་སྒྱུར་མཇུག་རྫོགས་ནས་རྒྱལ་ཕྲན་སིལ་མ་བཅུ་གཉིས་སུ་ཐོར་ནས་དེ་དག་གི་སོ་སོའི་ལུང་པ་ན་དབང་སྒྱུར་བྱེད་ཀྱི་ཡོད། རྒྱལ་ཕྲན་སིལ་མ་བཅུ་གཉིས་ནི། ༡ མཆིམས་ཡུལ་གྲུ་ཤུལ་ན། མཆིམས་རྗེ་ནི་གུ་ཡོད། བློན་པོ་སྣ་དང་དེང་། ༢ ཞང་ཞུང་ཡུལ་ན། རྒྱལ་པོ་ལེགས་སྙ་ཤུར། རྨ་དང་ར་སངས་བློན། ༣ མྱང་རོ་ཕྱོང་དཀར་ན། གཙང་རྗེ་ཐོང་དཀར། བློན་པོ་གནང་། ༤ གནུབས་ཡུལ་གླིང་དགུ་ན། སྣུབས་རྗེ་དམིགས་པ། བློན་པོ་རྨེའུ་དང་འབྲོ། ༥ ཉང་རོ་ཤམ་པོར། ལོ་རྔམ་རྗེ་འབྲོམ། བློན་པོ་ཤེ་སུང་གཉིས། ༦ ཀྱི་རི་ལྗོན་སྔོན་ན། རྗེ་རྨད་པོ། བློན་པོ་ངམ་དང་འབྲོ། ༧ ངམ་ཤོད་ཁྲ་སྣར། ཟིངས་རྗེ་ཁྲི་འཕྲང་གསུམ། བློན་མགར་དང་གཉན། ༨ འོལ་ཕུ་སྤང་མཁར་དུ། ཟིང་རྗེ་ཐོན་ཕྲེང་། བློན་པོ་རྔོག་དང་སྦས། ༩ སྲིབས་ཡུལ་གྱི་གོང་དུ། བྲང་རྗེ་གོང་ནམ། བློན་པོ་སྤྲད་དང་ཞུགས། ༡༠ ཀོང་ཡུལ་བྲེ་སྣར། ཀོང་རྗེ་དཀར་པོ། ཏུག་དང་མཁར་པ་བློན་པོ། ༡༡ ཉང་ཡུལ་རྣམ་གསུམ་ན། ཉང་བཙུན་གླང་རྒྱལ། བློན་པོ་ཕུག་དང་དང་ངོ་རྗེ། ༡༢ དྭགས་ཡུལ་གྲུ་བཞི་ན། དྭགས་རྗེ་མང་པོ་རྒྱལ། བློན་པོ་རླངས་སྐམ་གཉིས་བཅས་སོ། །
         གཉིས་པ། སྤུ་རྒྱལ་བཙན་པོའི་གདུང་རབས།
         རྒྱལ་ཕྲན་སིལ་མ་བཅུ་གཉིས་ཀྱི་དུས་སུ། ཡུལ་གྲུ་རྒྱ་ཆེ་བ་དང་། ཕན་ཚུན་འཁྲུགས་པ་ཆེ་བས། རྒྱལ་ཕྲན་སིལ་མ་བཅུ་གཉིས་ནས་རྒྱལ་ཕྲན་སིལ་མ་བཞི་བཅུར་གྱེས་པ་རེད། དེ་ནས་སྤྱི་ལོའི་སྔོན་གྱི་༤༡༧པའི་ཤིང་བྱི་ལོར། སྤུ་བོའི་ཡུལ་དུ་ཡབ་ཐེ་རང་མང་སྙ་ཨུ་བེ་ར་དང་། ཡུམ་མོ་བཙུན་བྱ་བ་གཉིས་ལ་སྲས་དགུ་བྱུང་བའི་ཆུང་མཐའ་རུ་སྐྱེས་པ་དེས་བོད་དུ་གཤེགས་ནས་སྤུ་རྒྱལ་བཙན་པོའི་གདུང་རབས་ཀྱི་དབུ་ཚུགས། དེ་ནི་བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོའོ། །
སྤུ་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་ནི། སྤྱི་ལོའི་སྔོན་གྱི་༤༡༧པའི་ཤིང་བྱི་ལོར། སྤུ་བོའི་ཡུལ་དུ་འཁྲུངས་བ་དང་། ནར་སོན་ནས་མཐུ་སྟོབས་ཆེ་བས་ཡུལ་དཔོན་དང་འཐབ་འཛིངས་བྱས་པས། སྤུ་བོ་ཡུལ་ནས་སྤྱུགས་ཏེ་བོད་དུ་ཕྱིན།
        གཉའ་ཁྲི་བཙན་པོའི་གདུང་ཁུངས་ལ་བཞེད་ལུགས་མི་འདྲ་བ་གསུམ་ཡོད་དེ། ༡ གསང་བ་ཆོས་ཀྱི་ལུགས། ཤཱཀྱའི་རིགས་ལས་མཆེད་པར་འདོད་པ་དང་། ༢ བསྒྲགས་པ་བོན་ཀྱི་ལུགས། འོད་གསལ་ལྷ་ལས་མཆེད་པར་འདོད་པ། ༣ ཡང་གསང་མི་མིན་གྱི་(ཐེ་རང་)ལུགས། སྤུ་བོ་ཡུལ་གྱི་ཕྱཱ་ལས་མཆེད་པའི་བཞེད་ཚུལ་གསུམ་ཡོད་དོ། །
        གཉའ་ཁྲི་བཙན་པོའི་མཛད་རྗེས་སྐོར་ལ།《ཆོས་འབྱུང་མཁས་པའི་དགའ་སྟོན་》ལས། གཉའ་ཁྲི་བཙན་པོ་བོད་ཡུལ་རྗེར་གཤེགས་ནས། ། བོད་འབངས་བདེ་ཞིང་སྐྱིད་པར་མཛད་པ་ཡིན། ། ཞེས་དང་། སྐུ་མཁར་ཐོག་མ་ཡུམ་བུ་བླ་སྒང་མཛད།། སུམ་པའི་བོན་པོ་ཨོ་ཡོང་རྒྱལ་བ་བཏུལ།། སྣུབས་རྗེ་སྲིད་པ་རྒྱལ་ཕྲན་འབངས་སུ་འདུས། ། ཞེས་བཀོད་ཡོད་དོ།།
         གཅིག གནམ་གྱི་ཁྲི་བདུན།
         སྤུ་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་དང་། གཉའ་ཁྲི་བཙན་པོ་དང་བཙུན་མོ་གནམ་མུག་མུག་གི་སྲས་མུ་ཁྲི་བཙན་པོ་འཁྲུངས། མུ་ཁྲི་བཙན་པོ་དང་བཙུན་མོ་ས་དིང་དིང་གི་སྲས་དིང་ཁྲི་བཙན་པོ་འཁྲུངས། དིང་ཁྲི་བཙན་པོ་དང་བཙུན་མོ་སོ་ཐམ་ཐམ་གྱི་སྲས་སུ་སོ་ཁྲི་བཙན་པོ་འཁྲུངས། སོ་ཁྲི་བཙན་པོ་དང་བཙུན་མོ་དོག་མེར་མེར་གྱི་སྲས་སུ་མེར་ཁྲི་བཙན་པོ་འཁྲུངས། མེར་ཁྲི་བཙན་པོ་དང་བཙུན་མོ་གདགས་ལྷ་དཀར་མོ་གཉིས་ཀྱི་སྲས་སུ་གདགས་ཁྲི་བཙན་པོ་འཁྲུངས། གདགས་ཁྲི་བཙན་པོ་དང་བཙུན་མོ་སྲིབས་ལྷ་སྔོན་མོ་གཉིས་ཀྱི་སྲས་སུ་སྲིབས་ཁྲི་བཙན་པོ་འཁྲུངས། གནམ་གྱི་ཁྲི་བདུན་གྱི་སྲིད་སྐྱོང་བའི་དུས་ཚོད་ནི་སྤྱི་ལོའི་སྔོན་གྱི༣༦༠ལོ་ནས་སྤྱི་ལོའི་སྔོན་གྱི༨༤ལོའི་བར་ཡིན་པ་དང་། རྒྱལ་པོ་འདི་བདུན་སྐུ་གཤེགས་པའི་ཚེ་ན། སྤྱི་བོའི་རྨུ་ཐག་ལ་འཇུས་ནས་སྐུ་ཕུང་ས་ལ་མ་བཞག་པར་གནམ་དུ་གཤེགས་པའི་ཕྱིར་ན་གནམ་གྱི་ཁྲི་བདུན་ཞེས་པའི་མཚན་བྱུང་བར་གྲགས།
        གཉིས། སྟོད་ཀྱི་སྟེང་གཉིས། (སྲིད་སྐྱོང་བའི་དུས་ཚོད་ནི་སྤྱི་ལོའི་སྔོན་གྱི༨༤ལོ་ནས་སྤྱི་ལོའི་སྔོན་གྱི་༣༡ལོའི་བར་ཡིན།)

         སྲིབས་ཁྲི་བཙན་པོ་དང་ས་བཙུན་ཀླུ་རྗེ་གཉིས་ཀྱི་སྲས་གྲི་གུམ་བཙན་པོ་འཁྲུངས་བ་དང་། གྲི་གུམ་བཙན་པོ་དང་ཀླུ་སྲིང་མེར་ལྕམ་གཉིས་ལ་སྲས་གསུམ(ཤ་ཁྲི། བྱ་ཁྲི། ཉ་ཁྲི།)བལྟམས་པ་ལས་འབྲིང་པོ་བྱ་ཁྲི་ཞུ་བ་དེ་པུ་དེ་གུང་རྒྱལ་ཡིན་པར་བཤད། རྒྱལ་པོ་འདི་གཉིས་ལ་སྟོད་ཀྱི་སྟེང་གཉིས་ཟེར་དོན་ནི། སྤུ་རྒྱལ་གྱི་སྲིད་དབང་སྟོང་བར་ལུས་པའི་བར་སྐབས་སུ་སྔ་རྗེས་སུ་བྱུང་བའི་རྒྱལ་པོ་གཉིས་ཡིན་པས་ན་དེ་ལྟར་འབོད་པར་བཤད།
གསུམ། སའི་ལེགས་དྲུག (སྲིད་སྐྱོང་བའི་དུས་ཚོད་ནི་སྤྱི་ལོའི་སྔོན་གྱི༣༡ལོ་ནས་སྤྱི་ལོ་༡༤༢ལོའི་བར་ཡིན།)

         པུ་དེ་གུང་རྒྱལ་དང་འོམ་ཐང་སྨན་མཚོ་གཉིས་ཀྱི་སྲས་སུ་ཨེ་ཤོ་ལེགས་འཁྲུངས་བ་དང་། ཨེ་ཤོ་ལེགས་དང་རྨུ་ལྕམ་བྲ་མ་གཉིས་ཀྱི་སྲས་སུ་དེ་ཤོ་ལེགས་སྐུ་བལྟམས། དེ་ཤོ་ལེགས་དང་བཙུན་མོ་ཀླུ་ལྕམ་མེར་མ་གཉིས་ཀྱི་སྲས་སུ་ཐི་ཤོ་ལེགས་འཁྲུངས་བ་ཡིན། ཐི་ཤོ་ལེགས་དང་བཙན་མོ་གུང་སྨན་གཉིས་ཀྱི་སྲས་སུ་གོང་རུ་ལེགས་འཁྲུངས་བ་དང་། གོང་རུ་ལེགས་དང་མཚོ་སྨན་འབྲོང་མ་གཉིས་ཀྱི་སྲས་སུ་འབྲོང་ཞི་ལེགས་སྐུ་འཁྲུངས། འབྲོང་ཞི་ལེགས་དང་གནམ་སྨན་བུ་མོ་གཉིས་ཀྱི་སྲས་སུ་ཨི་ཤོ་ལེགས་འཁྲུངས་བ་ཡིན། འདི་དྲུག་པོ་སྐུ་གཤེགས་པའི་ཚེ་བང་སོ་གཡའ་སྤང་མཚམས་སུ་བཏབ་པས་ས་ཡི་ལེགས་དྲུག་ཟེར།
        བཞི། ཆུ་ལ་ལྡེ་བརྒྱད། (སྲིད་སྐྱོང་བའི་དུས་ཚོད་ནི་སྤྱི་ལོ༡༤༢ལོ་ནས་སྤྱི་ལོ་༣༤༡ལོའི་བར་ཡིན།)

        ཡབ་ཨི་ཤོ་ལེགས་དང་ཡུམ་རྨུ་ལྕམ་རྨང་ལེགས་གཉིས་ཀྱི་སྲས་སུ་ཟ་ནམ་ཟིན་ལྡེ་སྐུ་འཁྲུངས་བ་དང་། ཟ་ནམ་ཟིན་ལྡེ་དང་མཚོ་སྨན་ཁྲི་དཀར་གཉིས་ཀྱི་སྲས་སུ་འཕྲུལ་ནམ་གཞུང་བཙན་ལྡེ་སྐུ་འཁྲུངས་བ་ཡིན། འཕྲུལ་ནམ་གཞུང་བཙན་དང་མོ་སེ་གཉན་མེར་མོ་གཉིས་ཀྱི་སྲས་སུ་སེ་སྣོལ་གནམ་ལྡེ་སྐུ་འཁྲུངས།  སེ་སྣོལ་གནམ་ལྡེ་དང་བཙུན་མོ་ཀླུ་མོ་མེར་མོ་གཉིས་ཀྱི་སྲས་སུ་སེ་སྣོལ་པོ་ལྡེ་སྐུ་བལྟམས་པ་དང་། སེ་སྣོལ་པོ་ལྡེ་དང་བཙུན་མོ་འོ་བཟའ་ཏེ་མོ་མཚོ་གཉིས་ཀྱི་སྲས་སུ་ལྡེ་སྣོལ་ནམ་སྐུ་འཁྲུངས་བ་ཡིན། ལྡེ་སྣོལ་ནམ་དང་ཁྲི་སྨན་རྗེ་མོ་གཉིས་ཀྱི་སྲས་སུ་ལྡེ་སྣོལ་པོ་སྐུ་འཁྲུངས། ལྡེ་སྣོལ་པོ་དང་ཁྲི་སེ་བཙུན་གཉན་མོ་གཉིས་ཀྱི་སྲས་སུ་ལྡེ་རྒྱལ་པོ་སྐུ་འཁྲུངས་བ་དང་། ལྡེ་རྒྱལ་པོ་དང་བཙུན་མོ་སྨན་བཙུན་ལུག་སྐོང་གཉིས་ཀྱི་སྲས་སུ་ལྡེ་སྤྲིན་བཙན་སྐུ་འཁྲུངས་བ་ཡིན། འདི་དག་གི་བང་སོ་ཆུ་བོའི་གཞུང་ལ་བཏབ་པས་ཆུ་ལ་ལྡེ་བརྒྱད་ཅེས་གྲགས་སོ།།
         ལྔ། འོག་གི་བཙན་ལྔའི་སྐོར། (སྲིད་སྐྱོང་བའི་དུས་ཚོད་ནི་སྤྱི་ལོ༣༤༡ལོ་ནས་སྤྱི་ལོ་༤༩༣ལོའི་བར་ཡིན།)
         ལྡེ་སྤྲིན་བཙན་དང་གཉན་བཙུན་མང་མོ་རྗེ་གཉིས་ཀྱི་སྲས་སུ་རྒྱལ་ཏོ་རེ་ལོང་བཙན་འཁྲུངས་པ་དང་། རྒྱལ་ཏོ་རེ་ལོང་བཙན་དང་བཙུན་མོ་འོ་མ་ལྡེ་བཟའ་ཁྲི་བཙུན་བྱང་མའི་སྲས་སུ་ཁྲི་བཙན་ནམ་འཁྲུངས་པ་ཡིན། ཁྲི་བཙན་ནམ་དང་བཙུན་མོ་སྨན་བཟའ་ཁྲི་དཀར་གྱི་སྲས་སུ་ཁྲི་སྒྲ་དཔུང་བཙན་དང་། ཁྲི་སྒྲ་དཔུང་བཙན་དང་བཙུན་མོ་སྨན་བཟའ་ཀླུ་སྟེང་གཉིས་ཀྱི་སྲས་སུ་ཁྲི་ཐོག་རྗེ་བཙན་འཁྲུངས། ཁྲི་ཐོག་རྗེ་བཙན་དང་བཙུན་མོ་རུ་ཡོང་བཟའ་སྟོང་རྒྱལ་མོ་མཚོ་གཉིས་ཀྱི་སྲས་སུ་ལྷ་ཐོ་ཐོ་རི་གཉན་བཙན་སྐུ་བལྟམས། རྒྱལ་པོ་འདིའི་དུས་སུ་བལ་པོའི་ཡུལ་ནས་པཎྜི་ཏ་བློ་སེམས་མཚོ་དང་། ལོ་ཙཱ་བ་ལི་ཐེ་སི་གཉིས་ཀྱི་སྤང་ཀོང་ཕྱག་བརྒྱ་པ་དང་མདོ་སྡེ་ཟ་མ་ཏོག་གི་གླེགས་བམ་གཉིས། གསེར་གྱི་མཆོད་རྟེན་གཅིག མུ་དྲའི་ཕྱག་རྒྱ། ཙིན་ཏ་མ་ཎིའི་སྐོས་ཕོར། སྙིང་པོ་ཡི་གེ་དྲུག་པ་བཅས་ཁྱེར་ནས་བོད་དུ་འོངས་ཏེ་ཕོ་བྲང་ཡུམ་བུ་བླ་སྒང་དུ་རྒྱལ་པོར་ཕུལ། རྒྱལ་པོས་མཆོད་པ་བྱས་ལ་མཚན་གཉན་པོ་གསང་བ་ཞེས་གསོལ། དེ་བས་བོད་དུ་སངས་རྒྱས་ཆོས་ལུགས་ཀྱི་དབུ་དེ་ནས་བརྙེས་པར་རྩི་བའི་སྲོལ་བྱུང་།
          དྲུག བོད་ཆེ་ཆེར་བསྐྱེད་པའི་བཙན་པོ་བཞི། (སྲིད་སྐྱོང་བའི་དུས་ཚོད་ནི་སྤྱི་ལོ༤༩༣ནས་སྤྱི་ལོ་༦༢༩ལོའི་བར་ཡིན།)
          ༡ ཁྲི་གཉན་གཟུང་བཙན་ནི། ཡབ་ལྷ་ཐོ་ཐོ་རི་གཉན་བཙན་དང་ཡུམ་རྣོ་བཟའ་མང་དགའ་གཉིས་ཀྱི་སྲས་སུ་འཁྲུངས།
          ༢ འབྲོང་གཉན་ལྡེའུ་ནི། ཡབ་ཁྲི་གཉན་གཟུང་བཙན་དང་ཡུམ་འབྲོ་བཟའ་མོ་དུང་ཡང་བཞིར་གཉིས་ཀྱི་སྲས་སུ་འཁྲུངས།
          ༣ སྟག་རི་གཉན་གཟིགས་ནི། ཡབ་འབྲོང་གཉན་ལྡེའུ་དང་ཡུམ་མཆིམས་བཟའ་ཀླུ་རྒྱལ་གཉིས་ཀྱི་སྲས་སུ་སྐུ་བལྟམས། རྒྱལ་པོ་འདིའི་རིང་ལ་རྒྱལ་ཕྲན་རྣམས་ཀྱི་སུམ་གཉིས་མངའ་འོག་འདུས།  བན་པོ་རྗེ། འ་ཞ་རྗེ། དྲང་གར་རྗེ།  ཟིན་པོ་རྗེ། ཞང་ཞུང་རྗེ་རྣམས་འདུལ་བའི་མགོ་ཚུགས། ཉང་སྦས་གནོན་གསུམ་འབངས་སུ་ཆུད། བྲེ་དང་ཕུལ་སྲང་བཅོས། འབྲུ་མར་རྣམས་ཚད་ལ་བཅལ།
           ༤ གནམ་རི་སྲོང་བཙན་ནི། ཡབ་སྟག་རི་གཉན་གཟིགས་དང་ཡུམ་སྟོང་བཙུན་འབྲོ་དཀར་གཉིས་ཀྱི་སྲས་སུ་སྐུ་བལྟམས། རྒྱལ་པོ་འདིའི་རིང་ལ་མཐའ་ཡི་རྒྱ་དང་གྲུ་གུ་འོག་ཏུ་བཏུལ། བྱང་གི་ཚྭ་ལེན་པའི་སྲོལ་བྱུང་། རྒྱ་ཡུལ་ནས་སྨན་དང་རྩིས་བླངས། རྒྱའི་མཁར་ཕབ་པ་དང་མེ་ལ་བསྲེགས།
          བདུན། རྒྱལ་རབས་སོ་གསུམ་པ་སྲོང་བཙན་སྒམ་པོ་ནི།
          དེ་ཡང་ཆོས་རྒྱལ་སྲོང་བཙན་སྒམ་པོ་ནི་ཡབ་གནམ་རི་སྲོང་བཙན་དང་ཡུམ་འབྲི་བཟའ་ཐོད་དཀར་གཉིས་ཀྱི་སྲས་སུ་མལ་གྲོ་རྒྱ་མ་ནང་གི་ཕོ་བྲང་བྱམས་པ་མི་འགྱུར་གླིང་དུ་སྐུ་བལྟམས། 《བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ་》ལས།  རྒྱལ་པོ་འདིའི་རིང་ལ། བོད་ཁམས་གཅིག་གྱུར་བྱས་ཏེ་རྒྱལ་ས་ལྷ་སར་སྤར། དམག་གི་སྒྲིག་གཞི་བཙུགས་ཏེ་ཁབ་ཀྱི་བདེ་འཇགས་སྲུང་། དཔོན་རིག་བསྐོ་བཞག་བྱས་ཏེ་ནང་ཁུལ་བདེ་ལ་བཀོད། ཆོས་ཁྲིམས་སྲིད་ཁྲིམས་བཙུགས་ཏེ་རྒྱལ་ཁམས་ཁྲིམས་ཀྱིས་བསྐྱངས། བྲེ་སྲང་གཏན་ལ་ཕབ་སྟེ་དཔལ་འབྱོར་གོང་དུ་སྤེལ། ཡི་གེ་གསར་དུ་བཅོས་ཏེ་གཙུག་ལག་རིག་གནས་སྤེལ། རྒྱ་བལ་གཉེན་དུ་བསྡེབས་ཏེ་ཕྱི་འབྲེལ་མཛའ་མཐུན་བྱུང་། ཐུབ་པའི་བསྟན་པ་སྤེལ་ཏེ་བོད་འབངས་ཆོས་ལ་བསྒྱུར།
         བརྒྱད། རྒྱལ་རབས་སོ་བཞི་པ་གུང་རི་གུང་བཙན་ནམ་གུང་སྲོང་གུང་བཙན་ནི།
         ཡབ་སྲོང་བཙན་སྒམ་པོ་དང་ཡུམ་མོང་བཟའ་ཁྲི་ལྕམ་གཉིས་ཀྱི་སྲས་སུ་སྐུ་བལྟམས། 《དུང་དཀར་ཚིག་མཛོད་ཆེན་མོ་》ལས། རྒྱལ་པོ་འདིའི་དུས་སུ་རྒྱ་ནག་ནས་ཇ་དང༌། རོལ་མོ་བོད་དུ་དར་ཞེས་གྲགས། རང་གི་ཡུམ་དང་ལྷན་དུ༌དཔལ་གྱི་ཡེར་པའི་ལྷ་ཁང་བཞེངས། རྒྱལ་སྲིད་ལོ་ལྔ་བསྐྱངས་ཏེ་དགུང་ལོ་བཅོ་བརྒྱད་ལ་ཕེབས་པ་མེ་ཁྱི(༦༨༦)ལོར་ཡབ་ཀྱི་སྔོན་དུ་སྐུ་གཤེགས་པར་གྲགས།
          དགུ།  རྒྱལ་རབས་སོ་ལྔ་པ་མང་སྲོང་མང་བཙན་ནི།
           ཡབ་གུང་རི་གུང་བཙན་དང་ཡུམ་འ་ཞ་བཟའ་མོང་རྗེ་ཁྲི་དཀར་གཉིས་ཀྱི་སྲས་སུ་འཁྲུངས།
           བཅུ། རྒྱལ་རབས་སོ་དྲུག་པ་འདུས་སྲོང་མང་པོ་རྗེའམ་རླུང་ནམ་འཕྲུལ་གྱི་རྒྱལ་པོ་ནི།
            ཡབ་མང་སྲོང་མང་བཙན་དང་ཡུམ་འབྲོ་བཟའ་ཁྲི་མ་ལོད་གཉིས་ཀྱི་སྲས་སུ་སྤྱི་ལོ་༦༧༦པ་མེ་བྱི་ལོར་འཁྲུངས། 《བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ་》ལས། རྒྱལ་པོ་འདིའི་རིང་ལ། མངའ་ཐང་ཕྱོགས་བཞིར་བསྐྱེད་དེ་མཐའ་བཞིའི་རྒྱལ་ཕྲན་ཕབ། ནང་ལོག་ཕྱི་ལོག་བཏུལ་ཏེ་ཞི་བདེའི་ཆབ་སྲིད་སྤེལ། བཙན་པོ་ན་ཚོད་རྒྱས་ནས་མགར་ལ་ཉེས་བཀྱོན་ཕབ། འདིའི་སྐོར་ལ། 《དུང་དཀར་ཚིག་མཛོད་ཆེན་མོ་》ལས། ཐང་རྒྱལ་རབས་ཀྱི་གོང་མ་འུ་ཙེ་ཐེན་གྱི་ཧྲིན་ལི་ཁྲི་ལོ་གཉིས་པ་ས་ཕག(༦༩༩)ལོར་བཙན་པོས་རི་དྭགས་བརྔོན་པར་ཁ་གཡར་ཏེ་དམག་དཔུང་བསྡུས་ནས་མགར་ཁྲི་འབྲིང་འ་ཞའི་ཡུལ་དུ་དམག་དཔོན་ལ་བསྡད་སྐབས་བཙན་པོས་དམག་ས་ནས་བོད་དུ་ཕྱིར་ལོག་བྱེད་དགོས་པའི་བཀའ་རྒྱ་ཞིག་བཏང། ཁྲི་འབྲིང་གིས་ཀྱང་བློ་དོགས་བྱུང་སྟེ་བཙན་པོའི་མདུན་དུ་ལོག་མ་འོངས་པར་བརྟེན་གློ་བུར་དུ་ཁྲི་འབྲིང་ལ་དམག་དྲངས་ཐོག་ཁོའི་ཕྱོགས་གཏོགས་མི་ཉིས་སྟོང་ཙམ་བསད་རྗེས་ཁྲི་འབྲིང་རང་སྲོག་བཅད། མགར་གྱི་བུ་བཙན་བྲོད་རང་གཡོག་སྟོང་ཕྲག་གཅིག་ལྷག་ཙམ་ཁྲིད་ནས་ཐང་གི་གོང་མ་འུ་ཙེ་ཐེན་ལ་མགོ་བཏགས་ཞུས་ཏེ་གོ་གནས་ཀྱང་བྱུང་། ཞེས་བཀོད་ཡོད།
         བཅུ་གཅིག རྒྱལ་རབས་སོ་བདུན་པ་རྒྱལ་པོ་ཁྲི་ལྡེ་གཙུག་བརྟན་ནམ་མེས་ཨག་ཚོམ་ནི།
         ཡབ་འདུས་སྲོང་མང་པོ་རྗེ་དང་ཡུམ་མཆིམས་བཟའ་བཙན་མོ་ཏོག་གཉིས་ཀྱི་སྲས་སུ་འཁྲུངས། བོད་ཀྱི་བཙན་པོའི་རྒྱལ་རབས་སུམ་ཅུ་སོ་བདུན་པ་གཞོན་ནུའི་དུས་ནས་ཞལ་རྒྱན་སྨ་ར་དང་བཅས་པའི་བགྲེས་ཉམས་ཆེ་བ་ཞིག་ཡོད་པར་བརྟེན་མཚན་ལ་མེས་ཨག་ཚོམ་ཅན་ཡང་ཟེར།《བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ་》ལས། རྒྱལ་པོ་འདིའི་རིང་ལ། དཔོན་བློན་སྤོ་འཇོག་བྱས་ཏེ་སྒྲིག་གཞི་བཅོས་སྒྱུར་བྱས། ཁྲམ་དང་ཞུགས་ལོང་བརྩིས་ཏེ་མི་གྲངས་ཞིབ་བཤེར་བྱས། རྒྱ་བཟའ་ཕྱི་མ་བསུས་ཏེ་བོད་རྒྱའི་མཛའ་འབྲེལ་མཐུད། རྒྱ་དང་ཡུལ་རྩོད་བྱས་ཏེ་སོ་སོའི་མཐའ་མཚམས་སྲུང་། ཞེས་བཀོད་ཡོད།
         བཅུ་གཉིས།   རྒྱལ་རབས་སོ་བརྒྱད་པ་ཁྲི་སྲོང་ལྡེ་བཙན་ནི།
         ཡབ་རྒྱལ་པོ་ཁྲི་ལྡེ་གཙུག་བརྟན་དང་ཡུམ་སྣ་ནམ་བཟའ་བཙན་མོ་ཏོག་གཉིས་ཀྱི་སྲས་སུ་འཁྲུངས། 《བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ་》ལས། རྒྱལ་པོ་འདིའི་རིང་ལ། ཆབ་སྲིད་ཀྱི་བྱ་བ་ཕྱག་ཏུ་བཞེས་ཏེ་རྒྱལ་སྲིད་ཐབས་ཀྱིས་བསྐྱངས། བན་བོན་རྒྱལ་ཕམ་བརྩད་དེ་ནང་བསྟན་དར་རྒྱས་བྱུང་། མཁན་སློབ་གདན་འདྲེན་ཞུས་ཏེ་དམ་པའི་ཆོས་རྒྱུན་སྤེལ། བསམ་ཡས་ལྷ་ཁང་བཞེངས་ཏེ་བོད་ལ་རབ་བྱུང་དར། གར་ནག་རྒྱ་བཙུན་འདུས་ཏེ་ལྟ་སྒོམ་གན་རྒྱར་བརྩད། རྒྱ་བོད་འཐབ་འཁྲུག་བྱས་ཏེ་བོད་དམག་ཐང་ལ་རླུགས། ཞེས་བཀོད་ཡོད།
         བཅུ་གསུམ།  རྒྱལ་རབས་སོ་དགུ་པ་མུ་ནེ་བཙན་པོ་ནི།
         ཡབ་ཁྲི་སྲོང་སྡེ་བཙན་དང་ཡུམ་ཕོ་ཡོངས་བཟའ་སྣ་ནམ་པ་གཉིས་ཀྱི་སྲས་སུ་སྐུ་བལྟམས། 《དུང་དཀར་ཚིག་མཛོད་ཆེན་མོ་》ལས། རྒྱལ་པོ་འདི་ཉིད་ཀྱིས་ཀྱང་ཡབ་མེས་ཀྱི་རྗེས་སུ་འབྲངས་ནས་བསྟན་པ་ལ་གུས་པར་མཛད་ཅིང་། བསམ་ཡས་དང་ལྷ་ས་ཁྲ་འབྲུག་བཅས་སུ་སྡེ་སྣོད་ཆེན་པོ་གསུམ་གྱི་མཆོད་པ་ཆེན་པོ་བཞི་བཙུགས། འབངས་ཀྱི་དབུལ་ཕྱུག་ལན་གསུམ་སྙོམས་ཀྱང་མི་རིང་བར་སྔར་བཞིན་གྱུར། བྱང་དུ་དཔུང་ཆེན་བཤམས་པ་སོགས་མཛད་པ་ཕྱག་རིས་ཤིན་ཏུ་ཆེ། གཞན་ཡང་རྒྱལ་པོ་འདིའི་སྐུ་རིང་ལ་ཡི་གེ་མཁན་པོ་ཚེ་སྤོངས་བྱང་ཆུབ་ཅེས་བྱ་བས་རྗེ་ལ་ཡི་གེའི་སྟངས་ཕུལ་བ་དེ་ལ་ཁམས་ཡིག་ཏུ་གྲགས་སོ། །
         བཅུ་བཞི། རྒྱལ་རབས་བཞི་བཅུ་པ་མུ་ཏིག་བཙན་པོ་ནི།
         ཡབ་ཁྲི་སྲོང་སྡེ་བཙན་དང་ཡུམ་ཚེ་སྤོང་བཟའ་མེ་ཏོག་སྒྲོན་གཉིས་ཀྱི་སྲས་སུ་སྤྱི་ལོ༧༦༣པའི་ཆུ་ཡོས་ལོར་སྐུ་བལྟམས།
         བཅོ་ལྔ། རྒྱལ་རབས་ཞེ་གཅིག་པ་ཁྲི་ལྡེ་སྲོང་བཙན་ནམ་སད་ན་ལེགས་མཇིང་ཡོན་ནི།
         ཡབ་ཁྲི་སྲོང་སྡེ་བཙན་དང་ཡུམ་ཚེ་སྤོང་བཟའ་མེ་ཏོག་སྒྲོན་གཉིས་ཀྱི་སྲས་སུ་སྤྱི་ལོ་༧༦༤པའི་ཤིང་འབྲུག་ལོར་སྐུ་བལྟམས། 《བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ་》ལས། རྒྱལ་པོ་འདིའི་རིང་ལ། འཁོར་གྱི་མཛངས་བློན་བརྟེན་ནས་ནང་གི་ཆབ་སྲིད་མཛད། ནང་བསྟན་དར་རྒྱས་སྤེལ་ཏེ་ལྷ་ཁང་བཞེངས་གསོ་བྱས། དམ་ཆོས་ལེགས་པར་བསྒྱུར་ཏེ་བཀས་བཅད་དཀར་ཆག་མཛད། བོད་རྒྱའི་མཛའ་འབྲེལ་སྤེལ་ཞིང་མཐའ་བཞི་ལེགས་པར་སྲུང་། ཡང་《དུང་དཀར་ཚིག་མཛོད་ཆེན་མོ་》ལས། རྒྱལ་པོ་འདིའི་མཛད་རྗེས་སྐོར་ལ། ༡.ཡབ་མེས་ཀྱི་གཙུག་ལག་ཁང་སྔར་ཡོད་རྣམས་ལ་ཉམས་གསོ་ལེགས་པར་མཛད་པ། ༢.སྐར་ཆུང་རྡོ་རྗེ་དབྱིངས་ཀྱི་ལྷ་ཁང་གསར་བཞེངས་མཛད་པ། ༣.རྒྱ་གར་གྱི་པཎྜི་ཏ་དང་བོད་ཀྱི་ལོ་ཙཱ་བ་ཟུང་འབྲེལ་གྱི་ཐོག་ནས་ཆོས་དང་རིག་གནས་ཀྱི་གཞུང་མང་པོ་བོད་སྐད་དུ་བསྒྱུར་བ། ༤.བཀས་བཅད་གཉིས་པར་གྲགས་པ་སྟེ་བོད་ཡིག་གི་ཡིག་བསྒྱུར་རྩ་འཛིན་ཀྱི་ཡིག་ཆ《སྒྲ་སྦྱོར་བམ་པོ་གཉིས་པ》ཐོག་མར་འདོན་གནང་མཛད་པ། ༥.སྲིད་དབང་བཟུང་བའི་རིང་ཐང་བོད་གཉིས་ཀྱི་བར་གཞི་རྒྱ་ཆེ་བའི་དམག་འཁྲུག་བྱུང་མེད་པ། ༦.ཐང་བོད་གཉིས་བར་འདུམ་འགྲིག་ཞི་ཆིངས་ཡོང་བའི་རྨང་གཞི་ཐོག་མར་བཏིང་གནང་མཛད་པ། ༧.བཙན་པོ་རིམ་བྱོན་དང་རང་ཉིད་ཀྱི་རིང་སྲིད་དོན་གལ་ཆེའི་ལོ་རྒྱུས་འཁོད་པའི་རྡོ་རིང་ཁག་མང་བཙུགས་སྟེ་དཔང་རྟགས་སུ་འཇོག་གནང་མཛད་༌པ་བཅས་ཡིན།
         བཅུ་དྲུག རྒྱལ་རབས་ཞེ་གཉིས་པ་ཁྲི་གཙུག་ལྡེ་བཙན་ནམ་ཁྲི་རལ་པ་ཅན་ནི།
         ཡབ་ཁྲི་ལྡེ་སྲོང་བཙན་དང་ཡུམ་འབྲོ་བཟའ་ཁྲི་མ་ལེགས་གཉིས་ཀྱི་སྲས་སུ་སྤྱི་ལོ་༨༠༦པའི་མེ་ཁྱི་ལོར་སྐུ་བལྟམས། རྒྱལ་པོ་འདི་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་ཡ་གྱལ་གཅིག་ཏུ་འདྲེན་སྲོལ་ཡོད།《དུང་དཀར་ཚིག་མཛོད་ཆེན་མོ་》ལས། རྒྱལ་པོ་འདིའི་རིང་ལ། དབོན་ཞང་བར་གྱི་རྡོ་རིང་བཙུགས་པ་དང་དེའི་ངོས་སུ། རྒྱ་རྒྱ་ཡུལ་ན་སྐྱིད། བོད་བོད་ཡུལ་ན་སྐྱིད། ཅེས་གཙིགས་བཅས། ༢ ནང་པ་སངས་རྒྱས་ཆོས་ལུགས་ལ་གུས་བཀུར་ཚད་ལས་འདས་པ་མཛད་པ་དེ་ཡིན་ཅིང༌། ཆབ་སྲིད་ཀྱི་མདུན་ས(གྲོས་ཚོགས)ཆུང་བ་དང་དབང་ཆ་དགེ་འདུན་ལ་ཕུལ། དབུ་ཐོད་ཀྱི་རལ་པ་དགེ་འདུན་གྱི་གདན་དུ་བཏིང༌། འབངས་ཀྱི་ནང་ནས་རབ་ཏུ་བྱུང་བ་གསར་པ་ཡིན་ཡང་ཞབས་སྤྱི་བོར་ལེན། དགེ་འདུན་གྱི་འཚོ་བ་ཡང་རྒྱལ་པོའི་མཛོད་ནས་གནང་བ་མ་ཟད། སྟོད་ལུང་ལྕང་ཕུ་ལྷ་ཁང་སོགས་དགོན་སྡེ་ཁག་གཅིག་ལ་ས་ཞིང་དང༌། ནོར་ཕྱུགས། ལྷ་འབངས་བཅས་སྒེར་བདག་གི་དབང་ཆ་དང༌། རབ་ཏུ་བྱུང་བ་རེ་རེ་ལ་འབངས་མི་ཁྱིམ་བདུན་རེའི་དབང་ཆ་གནང་ཞིང༌། ལྷ་འབངས་རྣམས་དཔྱ་ཁྲལ་ཐད་ཀར་འབུལ་དུ་འཇུག་པ། རབ་བྱུང་ལ་མིག་ངན་བལྟས་པ་སོགས་རྣམ་འགྱུར་ངན་པ་སྟོན་པ་རྣམས་ལ་དབང་པོ་གཅོད་འབྲེག་གི་ཁྲིམས་ཆད་ནན་པོ་བཅད་པ་སོགས་ཚད་ལས་འདས་པའི་གུས་བཀུར་གནང་། ༣ ལྷ་ཁང་སྔར་ཡོད་ཉམས་གསོ་མཇུག་སྐྱོང་དང་གསར་བཞེངས་གནང་བ། དེ་སྔོན་ཡབ་མེས་རྣམས་ཀྱིས་བཞེངས་པའི་ལྷ་ཁང་སྔར་ཡོད་ཉམས་གསོ་དང༌། བཞེངས་འཕྲོར་ལུས་པ་རྣམས་མཇུག་སྐྱོང༌། གསར་དུ་རྒྱ་དཀར་ནག་དང༌། ཁ་ཆེ། ལི་ཡུལ། བལ་པོ། བོད་དང་བཅས་པའི་བཟོ་བོ་མཁས་པ་མང་པོ་བཀུག་སྟེ་འུ་ཤང་རྡོ་དཔེ་མེད་བཀྲ་ཤིས་དགེ་འཕེལ་གྱི་གཙུག་ལག་ཁང་འོག་ཐོག་གསུམ་རྡོ་བརྩིགས། ༤ དམ་པའི་ཆོས་སྒྱུར་བའི་ལོ་པཎ་རྣམས་ཀྱིས་༌དེ་སྔོན་ཡབ་མེས་ཀྱི་དུས་སུ་མ་བསྒྱུར་བའི་མདོ་སྔགས་ཀྱི་ཆོས་དཔེ་མང་པོ་བསྒྱུར་ཞིང༌། ཡིག་གཟུགས་ལེགས་པ་རྣམས་ལ་གདན་གཡས་གྲལ་དང་གླ་ཡོན་འདོད་པ་དང་མཐུན་པ། འཚོ་རྟེན་ས་ཞིང་དོར་གཅིག་བཅས་གནང་བས་ཡིག་གཟུགས་གོང་འཕེལ་འགྲོ་བར་སྐུལ་ལྕག་ཆེན་པོ་ཐེབས་ཡོད། འོན་ཀྱང་གོང་དུ་བཤད་པ་ལྟར་ཆོས་བྱེད་དགེ་འདུན་རྣམས་ལ་གཞན་དང་མི་འདྲ་བའི་དམིགས་བསལ་དབང་ཆ་ཆེན་པོ་གནང་བ་དེས་གཤམ་འོག་གི་བློན་པོ་དང་འབངས་རྣམས་འདོད་བློར་མ་བབས་པས། སྔར་གྱི་འཁོན་འཛིན་ཡོད་པའི་བློན་པོ་སྦས་དང་ཅོག་རོ་གཉིས་ཀྱིས་བཙན་པོར་ཆང་གསོལ་ཏེ་ར་གཟི་བའི་གོ་སྐབས་དང་བསྟུན་ནས་ཞལ་ལྟག་པར་གཅུས་ཏེ་བཀྲོངས།
         བཅུ་བདུན། རྒྱལ་རབས་ཞེ་གསུམ་པ་ཁྲི་དར་མ་འུ་དུམ་བཙན་པོ་ནི།
         ཡབ་ཁྲི་ལྡེ་སྲོང་བཙན་དང་ཡུམ་འབྲོ་བཟའ་ཁྲི་མ་ལེགས་གཉིས་ཀྱི་སྲས་སུ་སྤྱི་ལོ༨༡༥པའི་ཤིང་ལུག་ལོར་སྐུ་བལྟམས། སྤྱི་ལོ༨༤༢ལོར་ལྷ་ལུང་དཔལ་རྡོར་གྱིས་བཀྲོངས། བཙན་པོ་དེ་ནས་བཟུང་ཛམྦུ་གླིང་ན་སྙན་གྲགས་ཀྱི་བ་དན་ཕྱོགས་བཞིར་འཕྱར་ཞིང་འགྲན་ཟླ་བྲལ་བའི་སྤུར་རྒྱལ་བཙན་པོའི་རྒྱལ་རབས་འཐོར་ཞིག་ཏུ་གྱུར་བའོ།།


མཉམ་སྤྱོད།