དེ་རིང་ནི2024ལོའི་ཟླ12པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་ཚད་མ་རིག་པའི་རིག་གཞུང་བགྲོ་གླེང་ཚོགས་འདུ་སྐབས་བརྒྱད་པ།

2024-09-25 09:20:27   |   445

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། པཎ་ཆེན་ཚད་མ་རིག་པའི་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


2024ལོའི་ཟླ9པའི་ཚེས22ཉིན། མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་ཚད་མ་རིག་པའི་རིག་གཞུང་བགྲོ་གླེང་ཚོགས་འདུ་སྐབས་བརྒྱད་པ་ཟི་ལིང་ཙོང་ཁ་དགོན་དུ་གཟབ་རྒྱས་ངང་འཚོགས།  ཐེངས་འདིའི་ཚོགས་འདུ་ལ་མཚོ་སྔོན་མི་རིགས་སློབ་ཆེན་དང་། མཚོ་སྔོན་དགེ་ཐོན་སློབ་ཆེན། མཚོ་སྔོན་ནང་བསྟན་སློབ་གྲྭ་ཆེན་མོ། སྐུ་འབུམ་དགོན་པ། རེབ་གོང་རོང་བོ་དགོན་ཆེན། དྷཱི་ཚ་བཀྲ་ཤིས་ཆོས་སྡིངས། བིས་མདོ་དགོན་ཆེན། མགར་རྩེ་དགོན་པ། པཎ་ཆེན་ཚད་མའི་སློབ་གླིང་སོགས་ཀྱི་དགེ་རྒན་ཆེན་མོ་དང་། དགེ་བཤེས། གཞི་རིམ་གྱི་མི་རིགས་སློབ་འབྲིང་ཁག་གི་དགེ་རྒན་དང་སློབ་གྲྭ་ཆེན་མོའི་སློབ་མ་སོགས་སྡོམ་པའི་མི་དྲུག་ཅུ་ལྷག་ཐེངས་འདིའི་ཚོགས་འདུར་ཞུགས་ཡོད།          

མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དགེ་རྒན་ཟླ་བ་མཆོག་གིས་ཚོགས་འདུའི་མགོ་འཛིན་གནང་། མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་ཚོགས་གཙོ་སྒར་བ་ངག་དབང་བཟང་བོ་མཆོག་གིས་ཚོགས་འདུར་ཤིས་ཚིག་ཕུལ་བ་དང་། མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་དྲུང་ཆེ་གཞོན་པ་དཀོན་མཆོག་རྒྱ་མཚོས2024ལོའི་བྱ་བའི་སྙན་ཞུ་ཕུལ།

1.jpg

མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ། མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཟླ་བས་ཚོགས་འདུའི་མགོ་འཛིན་གནང་བ།

2.jpg

མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་ཚོགས་གཙོ་སྒར་བ་ངག་དབང་བཟང་བོ་མཆོག་གིས་ཤིས་ཚིག་ཕུལ་ཏེ་གཏམ་བཤད་གནང་བ།

3.jpg

མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་དྲུང་ཆེ་གཞོན་པ་དཀོན་མཆོག་རྒྱ་མཚོས་ཚད་རིག་ལྷན་ཚོགས་ཀྱི་བྱ་བའི་སྙན་ཞུ་འབུལ་བ།   

ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱིས་སྔ་གཞུག་ཏུ་ཚད་མ་རིག་པའི་ཟབ་སྦྱོང་དང་ཚད་མའི་དཔེ་རྙིང་དག་བསྒྲིགས། རིག་གཞུང་བརྗེ་རེས་དང་རིག་གཞུང་འཆད་ཁྲིད་སོགས་ཀྱི་བྱ་བ་རབས་དང་རིམ་པ་བསྒྲུབ་སྟེ། ཚད་མ་རིག་པའི་རིག་གཞུང་བགྲོ་གླེང་དང་རྒྱུན་འཛིན་གོང་སྤེལ་ཐད་ནས་གྲུབ་འབྲས་མི་དམན་པ་བླངས་ཤིང་། འབྲེལ་ཡོད་མགོ་ཁྲིད་དང་སྤྱི་ཚོགས་ལས་རིགས་ཁག་གིས་གདེང་འཇོག་གང་ལེགས་གནང་ཡོད། 

  ཁྱད་པར་ད་ལོའི་སྤྱི་ཟླ6པའི་ཚེས18ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཙོང་ཁ་དགོན་པར་གཟིགས་ཞིབ་ལ་ཕེབས་སྐབས་བདག་གིས་རང་རེའི་མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱིས་ཉེ་བའི་ལོ་འདི་འགར་བསྒྲུབས་པའི་རྒྱ་བོད་ཚད་མའི་རིག་གཞུང་བརྗེ་རེས་དང་། ཟབ་སྦྱོང་འཛིན་གྲྭ་བསྒྲུབས་པ་སོགས་ཀྱི་བྱ་བའི་གྲུབ་འབྲས་སྙན་ཞུ་ཕུལ་བས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རང་ལྷན་ཚོགས་ཀྱི་བྱ་བར་གདེངས་འཇོག་དང་མ་འོངས་རྒྱུན་འཛིན་གྱི་མཛུབ་སྟོན་ཡང་གནང་།ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་མགོ་ཁྲིད་རིམ་པ་ཙོང་ཁ་དགོན་པར་གཟིགས་ཞིབ་ལ་ཕེབས་སྐབས་རང་ལྷན་ཚོགས་ཀྱི་གཞུང་ལས་ཁང་དུ་གཟིགས་ཞིབ་གནང་ནས་བྱ་བའི་གྲུབ་འབྲས་ལ་བསྟོད་བསྔགས་གནང་།   

 ང་ཚོས་ཚད་མ་རིག་པ་འདི་ཉིད་རྒྱུན་འཛིན་དར་སྤེལ་གཏོང་བ་ལ། ཚད་རིག་དཔེ་རྙིང་བསྡུ་སྒྲིག་དང་ཚད་རིག་རིག་གཞུང་དཔྱད་གླེང་། ཚད་རིག་མི་སྣ་གསོ་སྐྱོང་དང་ཚད་རིག་སློབ་དེབ་སྒྲིག་སྒྱུར། ཚད་རིག་དང་ཚན་རིག་ཞིབ་བསྡུར། ཚད་རིག་དུས་དེབ་འགྲེམ་སྤེལ་དང་ཚད་རིག་དྲ་ཐོག་བརྒྱུད་སྤེལ་ལ་སོགས་པར་བརྟེན་ནས་ད་ལྟའི་དངོས་ཡོད་ཀྱི་སྤྱི་ཚོགས་དང་མ་འོངས་པའི་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་ཁ་ཕྱོགས་ཏེ། ད་ལྟའི་དུས་འདིར་ཡང་དེང་གི་རིག་ཚན་གསར་བའི་བརྗོད་བྱ་ལ་ཚད་མ་རིག་པའི་རིགས་ལམ་གྱི་འགྲོས་དང་སྦྱར་ནས་ཇི་ལྟར་རྒྱུན་འཛིན་བྱེད་དགོས་པའི་དུས་རིམ་གལ་ཆེན་ཞིག་ཏུ་སླེབས་ཡོད་པས། ཚད་མ་རིག་པའི་གཞུང་ལུགས་འདི་ཉིད་དུས་རབས་ཀྱི་འགྲོས་དང་མཐུན་པའི་སྒོ་ནས་དེང་གི་སྤྱི་ཚོགས་ལ་ཕན་ནུས་ལྡན་པའི་རིག་པའི་གཞུང་ལུགས་ཤིག་ཏུ་འགྱུར་རྒྱུ་ནི་ཆེས་གལ་ཆེ་བའི་གནད་དོན་ཞིག་ཏུ་གྱུར་ཡོད་པས། འདིར་བཞུགས་རྣམ་པ་ལྷན་རྒྱས་ཀྱི་ཕྲག་སྟེང་དུ་བབས་པའི་ལྡོག་ཏུ་མེད་པའི་ལས་འགན་ཞིག་ཀྱང་ཡིན་པ་རེད།   

 ཚད་མ་རིག་པའི་གཞུང་ལུགས་འདི་ཉིད་ད་ལྟའི་དངོས་ཡོད་སྤྱི་ཚོགས་དང་མ་འོངས་པའི་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་ཁ་ཕྱོགས་ཏེ། དུས་རབས་ཀྱི་འགྲོས་དང་མཐུན་པའི་སྒོ་ནས་དེང་གི་སྤྱི་ཚོགས་ལ་ཕན་ནུས་ལྡན་པའི་རིག་པའི་གཞུང་ལུགས་ཤིག་ཏུ་འགྱུར་རྒྱུ་ནི་ཆེས་གལ་ཆེ་བའི་གནད་དོན་ཞིག་ཏུ་གྱུར་ཡོད་པས།རྒྱལ་ཁབ་ཀྱི་རིག་གནས་དཔལ་འབྱོར་ཡར་རྒྱས་དང་སྤྱི་ཚོགས་ཀྱི་མི་གཤིས་གོ་རྟོགས་མཐོར་འདེགས་གཏོང་བ་སོགས་ཀྱི་ཐད་ལ་ཚད་མ་རིག་པས་ནུས་པ་གང་ལེགས་འདོན་དགོས་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་ལ་བརྟེན་ནས། ཚད་མ་རིག་པ་འདི་ཉིད་རྒྱུན་འཛིན་དར་སྤེལ་སྒོས་ཤར་ཕྱོགས་གཏན་ཚིགས་རིག་པའི་མཚན་རྟགས་གྲགས་ཅན་ཞིག་ཏུ་བསྐྲུན་དགོས་པ་མ་ཟད། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བས་སྣེ་ཁྲིད་དེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་བསྒྱུར་དགོས་པ་ལྟར། མར་ཁེ་སི་རིག་པའི་གཞུང་ལུགས་ཀྱི་མ་རྩའི་རྣམ་བཤད་དང་ཐུན་མོང་འབྱོར་ཕྱུག ལོ་རྒྱུས་དངོས་གཙོ་རིང་ལུགས། རྩོད་སྒྲུབ་དངོས་གཙོ་རིང་ལུགས། དངོས་གཙོ་འཇིག་རྟེན་བྱེད་པོ་ལྷ་མེད་སྨྲ་བའི་ལྟ་བ་བཅས་དང་ཀྲུང་ཧྭ་མི་རིགས་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་གྲུབ་ཆ་བོད་རིག་པའི་གཞུང་ཆེན་ལྔ་སྟེ་མི་ཆོས་རིག་པ་དང་བདེ་ཐང་རིག་པ། ལོ་རྒྱུས་རིག་པ། མཚན་ཉིད་རིག་པ། འཇིག་རྟེན་གྲུབ་ཚུལ་རིག་པ་བཅས་རིག་གཞུང་འདི་དག་སོ་སོར་ཞིབ་བསྡུར་དང་ཞིབ་འཇུག མཉམ་བསྲེས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་གཉིས་ཆ་མཉམ་འཕེལ་རྒྱས་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་འདུན་མ་མངོན་འགྱུར་འབྱུང་བར་ཚད་མ་རིག་པའི་ནུས་ཤུགས་ཆེན་པོ་འདོན་དགོས།

4.jpg

མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་དགེ་འདུན་གྱིས་《སློབ་དཔོན་ཕྱོགས་གླང་གིས་གསར་དུ་གཏོད་པའི་གཞན་སེལ་གྱི་རྣམ་བཞག་ལ་དཔྱད་པ་》ཞེས་པའི་བརྗོད་གཞི་ལས་བགྲོ་གླེང་གནང་བ།

5.jpg

མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོ་མི་རིགས་དགེ་འོས་སློབ་གླིང་གི་དགེ་རྒན་ཆེན་མོ་ལྷུན་གྲུབ་རྡོ་རྗེས་《བསྡུས་གཞུང་གི་ཕྱེ་བ་དང་བརྡ་སྤྲོད་པའི་གཞུང་གི་མིང་ཚིག་ཡི་གེ་གསུམ་གྱི་གནད་དོན་》ཞེས་པའི་བརྗོད་གཞི་ལས་བགྲོ་གླེང་གནང་།

6.jpg

མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ། ཚད་མ་རིག་པ་དང་བོད་ཀྱི་རིག་གནས་ཞིབ་འཇུག་ལྟེ་གནས་ཀྱི་དགེ་རྒན་ཆེན་མོ་ཤ་བོ་ཐར་གྱིས་《རྒྱུ་མི་སྣང་བ་མ་དམིགས་པའི་གཏན་ཚིགས་རྟགས་ཡང་དག་ཡིན་མིན་ལ་དཔྱད་པ་》ཞེས་པའི་བརྗོད་གཞི་ལས་བགྲོ་གླེང་གནང་།

7.jpg

མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་སློབ་གླིང་གི་དགེ་རྒན་ཆེན་མོ་སངས་རྒྱས་མཁར་གྱིས་《དགོངས་འགྲེལ་རིག་པའི་ལམ་ནས་ས་སྐྱ་པཎྡིཏའི་ཚད་མའི་བཤད་སྲོལ་གྱི་ཁུངས་དང་འགྲེལ་ལུགས་ལ་གསར་དུ་དཔྱད་པ་》ཞེས་པའི་བརྗོད་གཞི་ལས་བགྲོ་གླེང་གནང་།

8.jpg

པཎ་ཆེན་ཚད་མའི་སློབ་གླིང་གི་དགེ་བཤེས་དཀོན་མཆོག་རྒྱ་མཚོས་《མ་དམིགས་པའི་རྟགས་ཡང་དག་ལས་མི་སྣང་བ་མ་དམིགས་པའི་སྐོར་ལ་ཅུང་ཙམ་དཔྱད་པ་》ཞེས་པའི་བརྗོད་གཞི་ལས་བགྲོ་གླེང་གནང་།

9.jpg

10.jpg

ཚོགས་འདུར་ཕེབས་པའི་དགོན་སྡེ་ཁག་གི་དགེ་བའི་བཤེས་གཉེན་དང་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་རྣམས་ཀྱིས་བགྲོ་གླེང་གནང་བ།

11.jpg

ཚོགས་ཞུགས་པ་རྣམས་ཀྱིས་བགྲོ་གླེང་གཏམ་བཤད་ལ་ཉན་བཞིན་པ།

12.jpg

ཚོ་ཆུང་དང་པོའི་ཚོགས་ཞུགས་པ་རྣམས་ཀྱིས་སོ་སོའི་དཔྱད་རྩོམ་གྱི་བརྗོད་དོན་སྐོར་ནས་གཏམ་བཤད་བགྲོ་གླེང་གནང་བ།

13.jpg

ཚོ་ཆུང་གཉིས་པའི་ཚོགས་ཞུགས་པ་རྣམས་ཀྱིས་སོ་སོའི་དཔྱད་རྩོམ་གྱི་བརྗོད་དོན་སྐོར་ནས་གཏམ་བཤད་བགྲོ་གླེང་གནང་བ།

15.jpg

ཚོགས་ཞུགས་མི་སྣས་དཔྱད་རྩོམ་བགྲོ་གླེང་བྱེད་བཞིན་པ།

16.jpg

མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་དགེ་བཤེས་མུན་འཇོམས་སྒྲོན་མེ་ལགས་ནས་མཇུག་བསྡུ་མཛད་སྒོ་མགོ་འཛིན་གནང་བ་དང་། མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཁྱུང་ཕྲུག་བློ་བཟང་དར་རྒྱས་དང་དྲུང་ཆེ་གཞོན་པ་སྟག་འབུམ་རྒྱལ་གཉིས་ཀྱིས་ཚོ་ཆུང་སོ་སོའི་བགྲོ་གླེང་གི་གནས་ཚུལ་སྤྱི་སྡོམ་གནང་བ། མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་མགོན་པོ་ཚེ་རིང་ལགས་ནས་མཇུག་བསྡུ་བའི་གཏམ་བཤད་གནང་ནས་རྟེན་འབྲེལ་ཕུན་སུམ་ཚོགས་པའི་ངང་འཇུག་སྒྲིལ།  

17.jpg

ཚོགས་ཞུགས་མི་སྣ་ལྷན་རྒྱས་ཀྱི་མཉམ་པར།


མཉམ་སྤྱོད།