དེ་རིང་ནི2024ལོའི་ཟླ12པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་གིས་ཞིང་ཕྱུགས་ཐོན་རྫས་ཆས་རྟགས་ལ་སྟོབས་གསོག་ནུས་སྦྱིན་བྱས།

2024-10-28 15:19:44   |   180

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་བའི་ལོ་ཤས་རིང་། མཚོ་བྱང་ཁུལ་གྱིས“ཆས་རྟགས་ལ་བརྟེན་ནས་ཞིང་ལས་དར་སྤེལ་དང་ཆས་རྟགས་ལ་བརྟེན་ནས་མི་དམངས་ཕྱུག་འགྱུར”གྱི་འཐབ་ཇུས་རྒྱུན་འཁྱོངས་བྱས་ཏེ“མདོ་ལ་རི་འདབས་ཀྱི་ཕྱུགས་ར་བཟང་པོའི”ཞིང་ཕྱུགས་ཐོན་རྫས་ས་ཁོངས་ཀྱི་སྤྱི་སྤྱོད་ཆས་རྟགས་ཀྱིས་ཁྲིད་སྟོན་དང་། “ཆས་རྟགས་གཏོད་པ་དང་ཆས་རྟགས་མངོན་པ། ཆས་རྟགས་སྟོབས་ཆེར་གཏོང་པ”བཅས་དམ་འཛིན་བྱ་གཞིར་བྱས་ནས་ཞིང་ཕྱུགས་ཐོན་རྫས་ཀྱི་ལེགས་ལྡན་ཆས་རྟགས་དང་ཐོན་ཁུངས་སྤུས་ལེགས། ཐོན་ལས་སྤུས་ལེགས། ཁེ་ལས་སྤུས་ལེགས། ཐོན་རྫས་ཆས་རྟགས་བཅས་སྐྱེད་སྲིང་ཤུགས་ཆེན་བྱས་ཏེ་ཆས་རྟགས་དྲིལ་སྒྲོག་དང་འོས་སྦྱོར་གྱི་གཞི་རྟེན་ཟམ་མི་ཆད་པར་ཕུན་སུམ་ཇེ་ཚོགས་སུ་བཏང་ནས་ཆས་རྟགས་གཏོད་རྒྱུ་ཉིན་རེ་བཞིན་རྣམ་པ་གསར་པ་ཐོན་ནས་ཁུལ་ཡོངས་ལ་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་གྱི་སྣེ་ཁྲིད་ཁུལ་གྱི་སྟོབས་གསོག་ནུས་པ་ཆེར་བསྐྱེད་བྱས་ཡོད། ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་འཇུ་ལག་རྫོང་གི་རྒྱལ་ཁབ་དེང་རབས་ཞིང་ལས་ཐོན་ལས་གླིང་དང་མདོ་ལའི་བོད་ལུག་རྒྱལ་ཁབ་ཁྱད་ལྡན་ཞིང་ལས་ཐོན་རྫས་ལེགས་ཆའི་ཁུལ། རྐང་ཚའི་རྒྱལ་ཁབ་ཞིང་ལས་ལྗང་མདོག་འཕེལ་རྒྱས་སྔོན་སྐྱོད་ཁུལ། མདའ་བཞིའི་རྒྱལ་ཁབ་གྲོང་གསེབ་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་དཔེ་སྟོན་རྫོང་སོགས“རྒྱལ་མཚོན་མིང་ཅན”གྱི་ཟོང་རྟགས་གྲུབ་འབྲས་ཐོབ་པའི་ངང་བཏོད་ཡོད།

640.jpg

མཚོ་བྱང་ཁུལ་ལ་རིམ་རྩིས་བྱས་ན“རྫས་གསུམ་རྟགས་གཅིག”གི་ཞིང་ཕྱུགས་ཐོན་རྫས161གསོ་སྤེལ་ཐོ་འགོད་བྱས་པའི་ནང་ལྗང་མདོག་ཟས་རིགས84དང་། སྐྱེ་ལྡན་ཞིང་ལས་ཐོན་རྫས64། ས་ཁམས་མཚོན་རྟགས13བཅས་ཡོད། “མདོ་ལའི་བོད་ལུག”ནི་ཞིང་ཆེན་ཡོངས་ནས་རྒྱལ་ཡོངས་ཀྱི2023ལོའི་ཞིང་ལས་ཆས་རྟགས་རྩེ་གྲས་གསོ་སྤེལ་གྱི་མིང་ཐོའི་ནང་ཚུད་པ་ཁོ་ན་ཡིན་ལ།“རྐང་ཚའི་བོད་ལུག”རྒྱལ་ཡོངས་ཀྱི“རྫོང་གཅིག་ལ་ཁྱད་ཆོས་གཅིག”གི་ཀྲུང་གོའི་ཆས་རྟགས་ཀྱི་དཀར་ཆག་ནང་ཚུད། འཇུ་ལག་རྫོང་གི་སྦྲང་རྩི་འཇར་པན་དུ་ཕྱིར་གཏོང་བྱས་ཤིང་། མཚོ་བྱང་གི་ཞིང་ལས་ཐོན་རྫས་ཕྱིར་གཏོང་ཉོ་ཚོང་ཐད“མེད་པ་ནས་ཐོད་བརྒལ་གསར་བ”མངོན་འགྱུར་བྱུང་ཡོད། ཁུལ་ཡོངས་ཀྱི་ཁེ་ལས26གི་ཐོན་རྫས261“མདོ་ལ་རི་འདབས་ཀྱི་ཕྱུགས་ར་བཟང་པོའི”སྤུས་ལེགས་ཐོན་རྫས་ནང་བདམས། ནས་ཀྱི་སྦི་རག་དང་བལ་དཀར་ཁ་བཏགས། པགས་ཐུད། འབྲི་མོའི་འོ་ཆང་སོགས་གསར་དར་ཐོན་རྫས་མང་པོ་ཐོན་ཡོད། སྔ་རྗེས་སུ“རབ་མཛེས་མཚོ་སྔོན·མཐོ་སྒང་རྐང་གྲུག”ལྷག་རིམ་འགྲན་སྡུར་སྐབས་དང་པོའི་ཞིང་ཕྱུགས་ཐོན་རྫས་འགྲེམས་ཚོགས་དང་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྐབས25པ། ཀྲུང་གོ(ཧྲོའུ་ཀོང)རྒྱལ་སྤྱིའི་སྔོ་ཚལ་ཚན་རྩལ་དངོས་མང་བཤམ་སྟོན་འདུ་ཚོགས་སོགས་ཀྱི་ཚོགས་འདུར་ཞུགས་པ་དང་། ཁུལ་ཡོངས་ཀྱི་སྤུས་ལེགས་ཕྱུགས་རིགས་འགྲེམས་སྟོན་དང་ཞིང་ཕྱུགས་ལས་ཀྱི་གྲུབ་འབྲས་འགྲེམས་སྟོན། བལ་འབྲེག་འགྲན་སྡུར་སྐབས་དང་པོ། འཇུ་ལག་རྫོང་གི་སྐབས་བཞི་པའི“རྒྱ་ལམ་མཁོ་འཚོང”གི་ཞིང་ཕྱུགས་ཐོན་རྫས་འགྲེམས་ཚོང་། མདོ་ལའི་བོད་ལུག་དང་མདོ་ལའི་ནོར་གནག མདོ་ལའི་ཤ་མོ་སེར་པོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐོན་ལས་ཀྱི་འབྲེལ་མཐུད་ཚོགས་འདུ། མདའ་བཞི་རྫོང་གསེར་དངུལ་ཐང་ལུ་གུའི་ཞིམ་ཟས་དང་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་འོས་སྦྱོར་ཚོགས་འདུ་སོགས་ཀྱི་བྱེད་སྒོ་གལ་ཆེན་སྔ་རྗེས་སུ་གྲུབ་འབྲས་ཐོབ་པའི་ངང་སྤེལ།

རྒྱུས་ལོན་བྱུང་པ་ལྟར་ན། མཚོ་བྱང་ཁུལ་གྱིས་ཁུལ་ཡོངས་སུ་རིམ་རྩིས་བྱས་ན་རིགས་སོ་སོའི་འོས་སྦྱོར་ཚོགས་འདུ་ཐེངས63སྤེལ་བ་དང་ཞུགས་ཡོད། དེའི་ནང་ཞིང་ཆེན་ནང་ཁུལ་དུ་ཐེངས45དང་ཞིང་ཆེན་ཕྱི་རོལ་དུ་ཐེངས18ལ་འཚོགས། ཞིང་ཆེན་ཕྱི་རོལ་དུ“གནས་གསུམ་སྒམ་བརྒྱ”ཞེས་པ29བཙུགས། དེའི་ནང་འགྲེམས་ཚོང་ལྟེ་གནས1དང་ཐད་བཙོང་ཚོང་ཁང21 སྒོ་རྩིས་ཚོང་ཁང་གི་ཆེད་སྒྲོམ7བཅས་ཡོད། ཟི་ལིང་ས་ཁུལ་དུ་ནོར་ལུག་ཤ་ཆེད་ཚོང་ཁང18དང་རྒྱ་ཁོག་ཁང4། ཉམས་ལེན་ཁང7བཅས་བཙུགས་ཡོད། མཚོ་བྱང་གི་ཞིང་ཕྱུགས་ཐོན་རྫས་ཆས་རྟགས་ནང་དོན་ཕུན་སུམ་ཇེ་ཚོགས་སུ་ཕྱིན་ནས་ཆས་རྟགས་ཀྱི་ཤུགས་རྐྱེན་ནུས་པ་དང་ཁྲོམ་ར་བཟུང་ཚད་ཆེ་རུ་ཕྱིན་ཡོད། ཟླ8པའི་ཟླ་མཇུག་བར། མཚོ་བྱང་གི་སྤུས་ལེགས་ཐོན་རྫས་ལ་ཞིང་ཆེན་ཕྱི་ནང་གི་ཕྱིར་ཚོང་དངུལ་གྲངས་སྒོར་དུང་ཕྱུར2.02ཟིན་པ་དེ་ཟླ་གོང་མ་དང་བསྡུར་ན18.7%འཕར་ཡོད། ཁུལ་ཡོངས་ཀྱི་ཞིང་ཕྱུགས་ཐོན་རྫས་ཆས་རྟགས་འཛད་སྤྱོད་རོགས་སྐྱོར་གྱི་མ་དངུལ་སྒོར་དུང་ཕྱུར1.13ཟིན་པ་དང་ཁུལ་ཡོངས་ཀྱི་ཤ་མོ་སེར་པོ་དང་གྲོ་མ། ཤ་མོ། དབྱར་རྩྭ་དགུན་འབུ་སོགས་ལ་རིམ་རྩིས་བྱས་ན་ཡོང་འབབ་སྒོར་དུང་ཕྱུར1.16ཟིན་པ་དེ་དུས་མཚུངས་ལས33.2%འཕར་ཡོད།


མཉམ་སྤྱོད།