དེ་རིང་ནི2025ལོའི་ཟླ03པའི་ཚེས15ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ནོར་ནག་རིག་གནས་གསར་གཏོད་དང་རྒྱུད་འཛིན་བྱས་པའི་གཏམ་བཟང་།

2025-02-24 09:51:17   |   1270

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། ཀྲུང་དབྱང་རླུང་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ2པའི་ཚེས22ཉིན། ཀྲུང་གོའི་བོད་ཇའི་རིག་གནས་ཞིབ་འཇུག་ལྟེ་གནས་ཀྱིས་གཙོ་གཉེར་བྱས་པའི2025ལོའི་རིག་གཞུང་ལོ་ཚོགས་དེ་སི་ཁྲོན་ཁྲེང་ཏུའུ་གྲོང་ཁྱེར་དུ་འཚོགས། ད་ཐེངས་ཀྱི་ཚོགས་འདུའི་དམིགས་ཡུལ་ནི་མཚོ་བོད་ས་མཐོའི་ནོར་ནག(འབྲི་གཡག)རིག་གནས་དང་ཇ་རྟའི་གནའ་ལམ་རིག་གནས་ཀྱི་རིན་ཐང་ལ་དཔྱད་བསྡུར་གཏིང་ཟབ་བྱས་ཏེ་ནོར་ནག་ཐོན་ལས་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་ཕུལ་བྱུང་སྲོལ་རྒྱུན་རིག་གནས་མཉམ་སྤྱོད་མཉམ་སྐྲུན་གྱི་རྣམ་པ་གསར་པ་འཚོལ་ཞིབ་བྱ་རྒྱུ་དེ་ཡིན་པ་རེད།

1.png

ཚོགས་འདུའི་ཐོག་གཙོ་བོར་ནོར་ནག་གི་གཏམ་རྒྱུད་སྲིད་པ་གནག་གི་བམ་པོ་ཞེས་པའི་དེབ་གསར་འགྲེམ་སྤེལ་བྱས་པ་དང་། རྩོམ་པ་པོ་བ་རོད་བློ་གྲོས་རྣམ་རྒྱལ་ནས་ཚོགས་ཐོག་ཏུ་དེབ་འདི་ལོ་མང་སྤྱད་ནས་གསར་རྩོམ་གནང་བའི་གཏམ་རྒྱུད་དང་བརྒྱུད་རིམ་སོགས་མཉམ་སྤྱོད་གནང་ཡོད། 

ཁོང་གིས། ནོར་ནག་ལ་ཞིབ་འཇུག་བྱས་ནས་ལོ་བཅུ་དྲུག་འདས་སོང་ལ། ལས་ཀ་འདིར་ཞུགས་པ་ནས་མཚམས་འཇོག་མྱོང་མེད། མིག་སྔའི་བར་ཧ་ལམ་རང་རྒྱལ་གྱི་རྒྱ་ཁྱོན་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་ས་ཡ་གཉིས་དང་ལྔ་འབུམ་ལྷག་ཟིན་པའི་འབྲོག་སར་བསྐྱོད་པ་དང་། དགུང་ལོ་ལྔ་བཅུ་ནས་དགུ་བཅུ་གོ་ལྔ་བར་གྱི་བགྲེས་སོང387ཙམ་ལ་བཅར་འདྲི་ཞུས་པ་ཡིན་ཞེས་གསུངས།

2.png

 ཁོང་གིས། ནོར་ནག་གི་བསྟན་བཅོས་སྲིད་པ་གནག་གི་བམ་པོ་ཞེས་པར་ཁྱོན་དེབ་བདུན་ཡོད་པ་དང་། དེ་དག་ནི་བོད་ལྗོངས་ཀྱི་ནོར་ནག་ལོ་རྒྱུས་དེབ་ཐེར་དང་། མཚོ་སྔོན་གྱི་ནོར་ནག་ལོ་རྒྱུས་དེབ་ཐེར། སི་ཁྲོན་གྱི་ནོར་ནག་ལོ་རྒྱུས་དེབ་ཐེར། ཀན་སུའུ་ཡི་ནོར་ནག་ལོ་རྒྱུས་དེབ་ཐེར། ཡུན་ནན་གྱི་ནོར་ནག་ལོ་རྒྱུས་དེབ་ཐེར། ནོར་ནག་རིག་གནས་ལོ་རྒྱུས་ལ་འཇུག་པའི་སྒོ། གཅིག་སྒྲིལ་གྱི་ནོར་ནག་ལོ་རྒྱུས་དེབ་ཐེར་བཅས་ཡིན། དེ་དག་གི་ནང་དོན་གྱི་ཐད་ནས་བཤད་ན་ནོར་ནག་དང་འབྲེལ་བའི་མཚོ་བོད་ས་མཐོའི་ཆོས་ལུགས་དད་མོས་དང་། འཚོ་བ་འཚོ་ཚིས། སྒྱུ་རྩལ་བརྩམས་ཆོས། དམག་དོན་ལོ་རྒྱུས། ཡུལ་ལུང་སྐད་བརྡ་སོགས་ཚུད་ཡོད། ལྷག་པར་དུ་ད་ཐེངས་སྤྱི་དོན་མདོར་དྲིལ་ནས་པར་སྐྲུན་བྱས་པའི་ནོར་ནག་གི་བསྟན་བཅོས་སྲིད་པ་གནག་གི་བམ་པོ་ཞེས་པ་འདི་ནི་འབྲོག་པ་དང་ནོར་ནག་རིག་གནས་མདོར་བསྟན་པ་གང་ཞིག ནོར་ནག་སྟེང་ན་ཡོད་པའི་ཐོན་ཁུངས་ཆེན་པོ་བཅོ་བརྒྱད་ཙམ་ལ་ཞིབ་འཇུག་བྱས་པའི་ཕྱོགས་བསྡུས་དཔེ་དེབ་ཅིག་ཡིན་ཞེས་གསུངས།

3.jpg

ད་ཐེངས་གྱི་ཚོགས་འདུའི་ཐོག་ཁོང་གིས་ད་དུང་ལྕི་བས་བཟོས་པའི་ཤོག་བུ་བསྣམས་ཡོད། ཁོང་གིས། འདི་ནི་བོད་ཤོག་གི་གསར་གཏོད་ཐེངས་གཉིས་པ་ཡིན་སྙམ། ད་དུང་ཐོན་རྫས་མང་པོ་བཟོས་ཡོད། དེའི་ནང་གི་མང་ཆེ་བ་འཚོ་བའི་མཁོ་ཆས་ཡིན་པ་ལས་ཟས་རིགས་སྐོར་ཉུང་ཉུང་ཡིན། འཚོ་བའི་མཁོ་ཆས་འདི་དག་ལྗང་མདོག་དང་སྐྱེ་ལྡན་ཤ་སྟག་ཡིན་པས། འབྲོག་པའི་དྲིན་གྱིས་ང་རང་གསོས་པས་ངས་ཀྱང་འདི་དག་འབྲོག་པའི་རྒྱུན་འཛིན་པ་རྣམས་ལ་ཕུལ་བའི་ལེགས་སྐྱེས་ཡིན་ཞེས་གསུངས།

ཚོགས་འདུའི་ཐོག་ད་དུང་གཤམ་གསལ་གྱི་གྲོས་དོན་འགའ་ཞིག་ལ་དམིགས་ནས་གྲོས་བསྡུར་གཏིང་ཟབ་བྱས་པ་སྟེ། ཇ་རྟའི་གནའ་ལམ་གྱི་རིག་གནས་ཞིབ་འཇུག་དང་། ནོར་ནག་རིག་གནས་དང་ཇ་རྟའི་གནའ་ལམ་གྱི་རིག་གནས་རིན་ཐང་མཉམ་སྤྱོད་ཞིབ་འཇུག ནོར་ནག་ཐོན་ལས་ཀྱི་སྤུས་མཐོའི་གོང་འཕེལ་དང་མཚོ་བོད་ས་མཐོའི་འབྱུང་ཁམས་ཁོར་ཡུག་གི་ཞིབ་འཇུག ཕུལ་བྱུང་སྲོལ་རྒྱུན་རིག་གནས་མཉམ་སྤྱོད་མཉམ་སྐྲུན་བྱེད་སྟངས་འཚོལ་ཞིབ། སྤྱི་ཚོགས་རིག་གནས་གསར་གཏོད་ནང་ཞུགས་པའི་མཉམ་སྒྲུབ་ཐབས་ལམ་འཚོལ་ཞིབ་བཅས་ཀྱི་ཐད་ལའང་བགྲོ་གླེང་གནང་ཡོད།


མཉམ་སྤྱོད།