དེ་རིང་ནི2025ལོའི་ཟླ03པའི་ཚེས15ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཀྲུང་གོའི་གཞུང་ཚབ་ཁང་འདིས་བོད་ཀྱི་ལོ་གསར་སྣེ་ལེན་སྤྲོ་ཚོགས་བསྡུས།

2025-02-21 10:25:06   |   899

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས།  ཀྲུང་གོའི་བོད་ལྗོངས་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་། 


བོད་ཀྱི་ལོ་གསར་འཆར་ལ་ཉེ་བའི་དུས་འདིར། ནེ་པ་ལའི་ཀྲུང་གོའི་གཞུང་ཚབ་ཁང་གིས་ཚེས18ཉིན་གྱི་དགོང་མོར་ཀ་ཏ་མན་རྡུར་བོད་ཤིང་སྦྲུལ་ལོའི་ལོ་གསར་གྱི་སྣེ་ལེན་སྤྲོ་ཚོགས་འཚོགས།    

ནེ་པ་ལར་ཡོད་པའི་བོད་རིགས་སྤུན་ཟླ་དང་། ནེ་པ་ལའི་བོད་བརྒྱུད་ནང་བསྟན་གྱི་དགོན་པ20ལྷག་ཙམ་གྱི་གྲྭ་བཙུན700ཙམ་དང་། ནེ་པ་ལའི་བྱང་རྒྱུད་ཀྱི་བོད་ཀྱི་རིག་གནས་ཁྱབ་ཁོངས་ཀྱི་འཐུས་མི་སྟོང་ཕྲག་ལྷག་ཙམ་སྤྲོ་ཚོགས་ལ་ཞུགས་ནས་དུས་ཆེན་ལ་མཉམ་རོལ་བྱས།

640.png

ཟླ2པའི་ཚེས18ཉིན་གྱི་དགོང་མོར། ནེ་པ་ལའི་ཀྲུང་གོའི་གཞུང་ཚབ་ཁང་གིས་ཀ་ཏ་མན་རྡུ་ནས་བོད་ཀྱི་ལོ་གསར་གྱི་སྣེ་ལེན་སྤྲོ་ཚོགས་འཚོགས་པ། 

 ནེ་པ་ལའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཁྲེན་སུང་གིས་སྣེ་ལེན་ཚོགས་འདུའི་ཡུལ་དངོས་ནས་བོད་རིགས་སྤུན་ཟླ་དང་ཕན་ཚུན་བར“ལོ་གསར་བཀྲ་ཤིས་བདེ་ལེགས”ཀྱི་ཞུས་ཚིག་ཕུལ་རེས་བྱས་པ་དང་། བོད་རིགས་སྤུན་ཟླས་ཁྲེན་སུང་ལ་ཁ་བཏགས་ཕུལ།   

ཁྲེན་སུང་གིས་ཤིས་ཚིག་ནང་དུ་ཐོག་མར་ནེ་པ་ལར་ཡོད་པའི་བོད་རིགས་སྤུན་ཟླ་ཚོར་དུས་ཆེན་གྱི་འཚམས་འདྲི་དང་ལོ་གསར་གྱི་སྨོན་འདུན་ཞུས་ཤིང་།  ཁོང་གིས་བརྗོད་དོན། ནེ་པ་ལར་ཡོད་པའི་རྒྱ་ཆེ་བའི་བོད་རིགས་སྤུན་ཟླ་རྣམས་གནས་འདིར་གཞི་ཚུགས་པ་དང་མེས་རྒྱལ་ལ་བརྩེ་བ་བཅངས་ནས། ཀྲུང་ཧྭ་མི་རིགས་ཀྱི་ཕན་ཚུན་དབར་གཅིག་སེམས་གཅིག་མཐུན་དང་། མཐུན་སྒྲིལ་ཡར་སྐྱེད་ཀྱི་སྙིང་སྟོབས་དར་སྤེལ་བཏང་བ་དང་། ནེ་པ་ལའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ནང་ཧུར་ཐག་གིས་ཞུགས་ནས། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་གྲོགས་སྤེལ་རེས་ལ་སྐུལ་འདེད་གཏོང་བར་གཞོལ་བ་བཅས་བྱས་ཏེ། མེས་རྒྱལ་འཕེལ་རྒྱས་ལ་སྐུལ་འདེད་དང་། རྒྱལ་ཁབ་གཅིག་གྱུར་ལ་སྲུང་སྐྱོང་། ཀྲུང་གོ་དང་ནེ་པ་ལའི་མཛའ་གྲོགས་ཟབ་གཏོང་བཅས་ཀྱི་ཆེད་དུ་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་ཅེས་བཤད།   

ཁྲེན་སུང་གིས་བསྟན་དོན། 2025ལོའི་ཟླ་དང་པོའི་ཚེས7ཉིན། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ས་ཡོམ་རིམ་པ6.8བརྒྱབ་ཅིང་། མིག་སྔར་ཡོམ་འགོག་གེགས་སེལ་ལས་དོན་ལ་དུས་མཚམས་རང་བཞིན་གྱི་རྒྱལ་ཁ་ཐོབ་པ་དང་གེགས་རྗེས་བསྐྱར་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བཞིན་ཡོད། གནོད་འཚེ་འདིས་ཀྱང་ནེ་པ་ལར་ཡོད་པའི་རྒྱ་ཆེའི་བོད་རིགས་སྤུན་ཟླ་ཚོའི་སེམས་ལ་ཤུགས་རྐྱེན་ཐེབས་ཡོད་ལ། བོད་རིགས་སྤུན་ཟླ་མང་པོས་ཀྱང་བརྩེ་སེམས་དུས་དང་པོ་ཉིད་ནས་ཧི་མ་ལ་ཡའི་རི་རྒྱུད་བརྒལ་ཏེ་གཞིས་རྩེར་བརྒྱུད་སྤྲོད་བྱས་ཡོད། 

2025ལོ་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ60འཁོར་བའི་ལོ་ཞིག་ཡིན་ལ། ཀྲུང་གོ་དང་ནེ་པ་ལའི་དབར་ཕྱི་འབྲེལ་བཙུགས་ནས་ལོ70འཁོར་བའི་ལོ་ཞིག་ཀྱང་རེད། ཁོང་གིས“བོད་ཀྱི་ལོ་གསར་ནི་སྨོན་ལམ་འདེབས་པའི་དུས་སྐབས་ཡིན་ལ། འབད་བརྩོན་བྱེད་པའི་མགོ་ཚུགས་སའང་ཡིན། རྒྱ་ཆེའི་རྒྱལ་གཅེས་བོད་རིགས་སྤུན་ཟླ་ཚོས་སྔར་རྒྱུན་ལྟར་ཕ་ཡུལ་འཛུགས་སྐྲུན་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱས་ནས། རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུའི་རེ་བ་ཡོད། ནེ་པ་ལའི་ཀྲུང་གོའི་གཞུང་ཚབ་ཁང་ནི་ཚང་མའི་རྒྱབ་རྟེན་བརྟན་པོ་དང་དྲོ་སྐྱིད་ལྡན་པའི་མཚོ་ཁུག་ཅིག་ཡིན”ཞེས་བཤད།   

སྣེ་ལེན་ཚོགས་འདུའི་ཐོག་ཀྲུང་གོའི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྒྱུ་རྩལ་ཚོགས་པས《ཕུགས་འདུན》དང《ལྷོ་ཁའི་རྔ་གཞས》《ས་མཐོའི་ཞབས་བྲོ》སོགས་བོད་རིགས་ཀྱི་ཁྱད་ཆོས་ལྡན་པའི་གླུ་གར་འཁྲབ་སྟོན་དང་། ཐེམ་ཁུངས་ནེ་པ་ལ་ནས་ཡིན་པའི་བོད་རིགས་གཞས་མ་ཆོས་དབྱངས་སྒྲོལ་མས་བཏང་བའི《མེ་ཏོག་གི་མིག》ཅེས་པ་སོགས་ལ་ཡུལ་དངོས་ཀྱི་ལྟད་མོ་བ་ཚོའི་དགའ་བསུ་ཚད་མེད་ཐོབ་ཡོད། འཁྲབ་སྟོན་ནང་ཕྱོགས་མང་པོ་ནས་བོད་ལྗོངས་ཀྱི་ཉིན་རེ་བཞིན་འཕེལ་རྒྱས་འགྲོ་བའི་རྣམ་པ་དང་། གངས་ལྗོངས་ས་མཐོའི་མཛེས་སྡུག་ལྡན་པའི་རང་བྱུང་མཛེས་ལྗོངས། བོད་རིགས་ཀྱི་ཡིད་དབང་འཕྲོག་པའི་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་བཅས་མངོན་ཡོད། སྤྲོ་ཚོགས་ལ་ཞུགས་པའི་བོད་རིགས་སྤུན་ཟླ་མང་པོ་ཞིག་གིས་ཀྲུང་གོའི་གསར་འགྱུར་ཁང་གི་གསར་འགོད་པར། ཕ་ཡུལ་དར་རྒྱས་གོང་འཕེལ་བྱུང་བ་མཐོང་སྐབས་དགའ་ཚོར་དང་སྤོབས་པ་ཆེན་པོ་སྐྱེས་ཀྱི་འདུག་ཅེས་བཤད། 

640 (1).png

ཀྲུང་གོའི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྒྱུ་རྩལ་ཚོགས་པས་འཁྲབ་སྟོན་བྱས་པའི《ཕུགས་འདུན》ཞེས་པའི་ཞབས་བྲོ། 

 བོད་ཤིང་སྦྲུལ་ལོའི་ལོ་གསར་གྱི་སྣེ་ལེན་ཚོགས་འདུ་ནི་ནེ་པ་ལ་ནས་སྤེལ་བའི་ཀྲུང་གོའི་ལོ་གསར་ལ་རྟེན་འབྲེལ་ཞུ་བའི་བྱེད་སྒོ་རིམ་པའི་ཁྲོད་ཀྱི་གཅིག་ཡིན་ཞིང་། ད་ལོའི་ཟླ2པའི་ཚེས28ཉིན་བོད་རིགས་སྤུན་ཟླར་མཚོན་ན་ལོ་གཅིག་ནང་ཆེས་གཟབ་རྒྱས་ཀྱི་སྲོལ་རྒྱུན་དུས་ཆེན་ཏེ་བོད་ཀྱི་ལོ་གསར་ཡིན། 


མཉམ་སྤྱོད།