དེ་རིང་ནི2025ལོའི་ཟླ03པའི་ཚེས15ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་གྱིས་དཔྱིད་རྨོ་གྲ་སྒྲིག་གི་བྱ་བ་ཁྱོན་ཡོངས་ནས་སྤེལ།

2025-03-03 09:37:33   |   1697

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་། 


བསྟུད་མར་ཉིན་འགའི་རིང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་ཞིང་ལས་ཐོན་སྐྱེད་ཀྱི“མགོ་ཡག་པོར་རྩོམ་པའི”དམིགས་འབེན་དམ་འཛིན་བྱས་པ་དང་བསྟུན་ནས་ཞིང་ལས་རྒྱུ་ཆ་སྙོམས་སྒྲིག་གསོག་འཇོག་དང་ལག་རྩལ་གྲོང་གསེབ་ཏུ་སྐྱེལ་བ། སྲིད་ཇུས་ཀྱིས་འགན་སྲུང་བྱེད་པ་སོགས་བྱེད་ཐབས་རབས་དང་རིམ་པ་བརྒྱུད། ཁྱོན་ཡོངས་ནས་དཔྱིད་རྨོ་གྲ་སྒྲིག་གི་དམག་འཐབ་སྤེལ་བཞིན་ཡོད།མིག་སྔའི་བར། ཁུལ་ཡོངས་སུ་སྡོམ་པས་སོན་བཟང་སྤྱི་རྒྱ་ཁྲི420དང་ལུད་རྫས་ཏུན5000སྐྱེལ་འདྲེན་གྲབས་གསོག་བྱས་པ་དང་། དཔྱིད་འདེབས་ཞིང་ལས་འཕྲུལ་ཆས2200ལྷག་ཞིབ་བཤེར་ཞིག་གསོ་བྱས་ཤིང་། ལས་བྱེད་པ763ཁུལ་ཡོངས་ཀྱི་རྫོང4ཡི་ཡུལ་ཚོ་དང་གྲོང་རྡལ30ཡི་སྡེ་བ214རུ་སོང་ནས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཁུལ་ཨུ་བཅས་ཀྱི་ཡིག་ཆ་ཨང་དང་པོ་སྒྲོག་འགྲེལ་བྱེད་པའི་བྱ་བ་སྤེལ་བ་དང་། ནུས་ཤུགས་ཡོད་རྒུས་ཁུལ་ཡོངས་ཀྱི་དཔྱིད་རྨོ་གྲ་སྒྲིག་ཞབས་ཞུའི་བྱ་བར་སྐུལ་འདེད་བཏང་། 

མཚོ་བྱང་ཁུལ་གྱིས་ཁུལ་ཡོངས་ཀྱི་འབྲུ་སྣུམ་ཐོན་སྐྱེད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། སྔོན་ལ་འཆར་འགོད་བྱས་པར་མ་ཟད་བྱེད་ཐབས་སྣ་ཚོགས་སྤྱད་དེ་དཔྱིད་རྨོ་བྱེད་སྒོ་སྤེལ་བ་དང་། འབྲུ་རིགས་ལོ་ཏོག་འདེབས་འཛུགས་རྒྱ་ཁྱོན་སྤྱི་ཆིང་ཁྲི2.07བར་གཏན་འཇགས་ཡོང་བར་བྱེད་པ་དང་ཐོན་ཚད་ཏུན་ཁྲི6.65ལས་མི་དམའ་བ། སྣུམ་རྒྱུ་འདེབས་འཛུགས་རྒྱ་ཁྱོན་སྤྱི་ཆིང་ཁྲི2.83བར་གཏན་འཇགས་ཡོང་བ་དང་ཐོན་ཚད་ཏུན་ཁྲི4ལས་མི་དམའ་བའི་འཆར་གཞི་བཟོས་ཏེ། 2025ལོའི་འབྲུ་རིགས་ཐོན་སྐྱེད་ཀྱི“ཁྱབ་ཚད་བརྟན་བརླིང་དང་ཐོན་སྐྱེད་འཕར་སྣོན། ཕན་འབྲས་ཆེར་གཏོང”གི་དམིགས་འབེན་མངོན་འགྱུར་བྱུང་བར་བརྩོན་ལེན་བྱས་ལ། རྫོང་སོ་སོས་དཔྱིད་རྨོ་ལ་དགོས་ངེས་ཀྱི་ས་བོན་དང་ལུད་རྫས། ཞིང་སྨན་སོགས་དངོས་རྫས་བཀོད་སྒྲིག་བྱས་ཏེ་ཞིང་ལས་རྒྱུ་ཆའི་ཞབས་ཞུའི་དྲ་རྒྱ་ལེགས་པོ་ཞིག་བསྐྲུན་པ་དང་། ཁུལ་ཡོངས་ཀྱི་ཞིང་ལས་རྒྱུ་ཆ་སྐྱེལ་འདྲེན་གསོག་འཇོག་བྱ་བ་སྔོན་དཔག་བྱས་ན་ཟླ3པའི་ཟླ་མཇུག་ཏུ་ཁྱོན་ཡོངས་ནས་ལེགས་འགྲུབ་འབྱུང་ངེས་རེད། མཚོ་བྱང་ཁུལ་གྱིས་ད་དུང་ཧུར་ཐག་སྒོས་དཔྱིད་དུས་ཀྱི་ཞིང་ལས་རྒྱུ་ཆའི་ཕྱོགས་བསྡུས་ཁྲིམས་བསྟར་བྱ་འགུལ་སྤེལ་བ་དང་། ཞིང་ལས་རྒྱུ་ཆ་གཉེར་སྐྱོང་ཚོང་ཁང་དུ་གཏིང་ཟབ་སྒོས་བསྐྱོད་དེ་ལུད་རྫས་དང་སྨན་རྫས། ས་བོན། ཞིང་སྤྱོད་འགྱིག་ཤོག་སོགས་ཞིང་འདེབས་དངོས་རྫས་བཀོད་སྒྲིག་དང་མཁོ་སྤྲོད། ཕྱིར་ཚོང་། གཉེར་སྐྱོང་བཅས་ཀྱི་གནས་ཚུལ་ལ་ཞིབ་བཤེར་བྱས་ཏེ། ཁུལ་ཡོངས་ཀྱི་ཞིང་ལས་རྒྱུ་ཆའི་ཁྲོམ་རའི་ཉོ་ཚོང་ཁོར་ཡུག་སྔར་ལས་ཇེ་ལེགས་སུ་བཏང་སྟེ་དཔྱིད་དུས་ཀྱི་ཞིང་ལས་རྒྱུ་ཆའི་ཁྲོམ་རའི་འཁོར་སྐྱོད་ལ་བདེ་འཇགས་འགན་ལེན་བྱས། མིག་སྔའི་བར་སྡོམ་པས་ཁྲིམས་འཛིན་མི་སྣ22དང་། རླངས་འཁོར་ཐེངས6ལ་མངགས་ཏེ་རིགས་སོ་སོའི་ཞིང་ལས་རྒྱུ་ཆ་ཐོན་སྐྱེད་གཉེར་སྐྱོང་ཁེ་ལས16ལ་ཞིབ་བཤེར་བྱས།  


མཉམ་སྤྱོད།