དེ་རིང་ནི2025ལོའི་ཟླ04པའི་ཚེས02ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

དཔལ་ཡོན་དུར་མཆོད་བྱེད་པའི་གྲོས་འདོན་ཡི་གེ

2025-03-19 10:31:16   |   1447

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཁུལ་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་རྣམ་པ།

དཔྱིད་མཉམ་དང་དྭངས་གསལ་དུས་ཆེན་འཆར་ལ་ཉེ་བས། སྲོལ་རྒྱུན་བཟང་པོ་དང་དཔལ་ཡོན་སྲོལ་གསར་དར་སྤེལ་དུ་བཏང་ནས་དུར་འཇུག་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་དང་། དཔལ་ཡོན་དང་ལྗང་མདོག དུས་བདེ་དང་འཆམ་མཐུན་གྱི་རྣམ་པ་གཏོད་ཆེད། ང་ཚོས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་རྣམ་པར་གཤམ་གྱི་གྲོས་འདོན་ཡི་གེ་འདི་བཏང་བ་ལགས།

དང་པོ། དཔལ་ཡོན་དུར་མཆོད་དར་སྤེལ་གཏོང་དགོས། དེང་རབས་ཡ་རབས་ཀྱི་མཆོད་འབུལ་འདུ་ཤེས་བཙུགས་ཏེ་རང་རྟོགས་ངང་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་གྱི་འབྲེལ་ཡོད་གཏན་འབེབས་ལ་བརྩི་སྲུང་ཞུས་ནས་ཤོག་བུ་དང་གོས་བསྲེགས་པ། སྤོས་སྒྲོན་པ། ཤོག་སྦག་རྒྱག་པ། དུར་མགོའི་རྩྭ་བསྲེགས་པ་སོགས་ལུགས་རྙིང་སྲོལ་ངན་མཐའ་གཅིག་ཏུ་མེད་པར་བཟོས་ཏེ་མེ་ཏོག་མཆོད་འབུལ་གྱིས་སྤོས་དང་ཤོག་བུ་སྲེག་པའི་ཚབ་བྱེད་པ་དང་དྲ་ཐོག་ནས་མྱ་ངན་ཞུ་བ་སོགས་ཡ་རབས་ཀྱི་མཆོད་འབུལ་བྱེད་སྟངས་ལ་བརྟེན་ནས་འདས་པོ་ལ་གུས་འདུད་ཞུས་ཏེ་སྲོལ་རྒྱུན་གྱི་དུས་ཆེན་ལ་དེང་རབས་ཀྱི་དོན་སྙིང་ལྡན་བྱེད་པར་བྱེད་དགོས།

གཉིས་པ། ལྗང་མདོག་དུར་མཆོད་དར་སྤེལ་གཏོང་དགོས། ལྗང་མདོག་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་ལག་བསྟར་བྱས་ནས་རི་སྔོ་ཆུ་དྭངས་ལ་གཅེས་སྤྲས་བྱེད་པ་དང་། ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ཀྱི་གཏན་འབེབས་ལ་བརྩི་སྲུང་བྱས་ཏེ་ནགས་ཁུལ་དང་རི་ཁུལ། རྩྭ་ཐང་སོགས་མེ་ཤོར་སླ་བའི་ས་ཆ་རུ་མེ་མི་སྤྱོད་པ་དང་མཆོད་རྫས་མེར་མི་བསྲེགས་པར་བྱས་ནས་མེ་སྐྱོན་གྱི་ལས་འཛོལ་མི་ཐོན་པ་བྱེད་དགོས། དུར་མཆོད་བརྒྱུད་རིམ་ཁྲོད། ལྗང་མདོག་ཕྱིར་སྐྱོད་ཐུབ་པ་བྱས་ཏེ་སྤྱི་པའི་སྒྲིག་བཀོད་དང་རྩྭ་རྩི་ཤིང་ལ་གཏོར་བཤིག་མི་གཏོང་བ་དང་། དུར་མཆོད་ས་ཁོངས་ཀྱི་ཁོར་ཡུག་འཕྲོད་བསྟེན་གཙང་ཞིང་གྲལ་འགྲིག་པོ་ཡོང་བར་བྱས་ནས་ཡ་རབས་དུར་མཆོད་དེ་དྭངས་གཙང་དང་ལྗང་མདོག་ཏུ་ཕྱིར་ལོག་ཐུབ་པ་བྱེད་དགོས།

གསུམ་པ། གྲོན་ཆུང་དུར་མཆོད་བྱ་རྒྱུ་དར་སྤེལ་གཏོང་དགོས། ཀྲུང་ཧྭ་མི་རིགས་ཀྱི་གྲོན་ཆུང་བསྲི་ཚགས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ་དང་གྲོན་ཆུང་ངང་དུར་མཆོད་བྱ་རྒྱུ་དར་སྤེལ་བཏང་སྟེ་སྒམ་བརླིང་དང་གཟབ་ནན། བབ་ཆགས། གྲོན་ཆུང་བཅས་ཀྱི་དུར་མཆོད་བྱེད་སྟངས་ལ་བརྟེན་ནས་འདས་པོར་གུས་བཀུར་དང་དྲན་གསོ་ཞུ་ལུགས་མཚོན་པར་བྱ་དགོས། རྒྱས་སྤྲོས་རྒྱས་གཤོམ་དང་རྒྱས་སྤྲོས་ཆུད་ཟོས་མི་བྱེད་པ་དང་། ཕན་ཚུན་བསྡུར་རེས་དང་ཕྱུག་འཐབ་རྒྱས་གཤོམ་མི་བྱེད་པར་དཔལ་ཡོན་དུར་མཆོད་ལ་དྭངས་གཙང་གི་ཉམས་འགྱུར་རྒྱས་པར་བྱ་དགོས།

བཞི་པ། བདེ་འཇགས་དུར་མཆོད་དར་སྤེལ་གཏོང་དགོས། དཔྱིད་དུས་དང་དྭངས་གསལ་དུས་ཚིགས་ཀྱི་མཆོད་འབུལ་བྱེད་རིང་བདེ་འཇགས་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་རང་རྟོགས་ངང་སྤྱི་པའི་ཁོར་ཡུག་ལ་གཅེས་སྤྲས་བྱེད་དགོས། སྤྱི་པའི་བགྲོད་ལམ་དང་གཞིས་ཁུལ། སྤྱི་གླིང་། ནགས་རྩྭ་འདམ་ར་སོགས་མི་མང་འདུ་འཛོམས་བྱ་ཡུལ་དང་དེ་བཞིན་སྤྱི་པའི་བང་སོའི་དུར་སར་ཤོག་དངུལ་སྲེག་པ་དང་སྒོར་མོ་གཏོར་བ། ཤོག་སྦག་རྒྱག་པ་སོགས་མེ་སྐྱོན་འབྱུང་སླ་བ་དང་། ཁོར་ཡུག་སྦགས་བཙོག་བཟོ་བའམ་ཡང་ན་མི་གཞན་གྱི་འཚོ་བར་ཤུགས་རྐྱེན་ཐེབས་སླ་བའི་བྱེད་སྒོའི་རིགས་གཏན་འགོག་བྱ་དགོས། མཆོད་འབུལ་བྱེད་སྒོ་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་སྤེལ་ཐུབ་པའི་འགན་ལེན་བྱ་དགོས།

ལྔ་པ། རྒན་བཀུར་གཉེན་གཅེས་དར་སྤེལ་གཏོང་དགོས། ཀྲུང་ཧྭ་མི་རིགས་ཀྱི"གསོན་དུས་སེམས་ཀྱིས་གཅེས་སྐྱོང་བྱོས། འདས་དུས་འདས་མཆོད་སྟབས་བདེ་སྒྲུབ་པའི"སྲོལ་རྒྱུན་སྤྱོད་བཟང་དར་སྤེལ་བཏང་ནས་ལོ་ལོན་ཡོད་དུས་འདུག་རོགས་མང་དུ་བྱེད་པའམ་རྟག་ཏུ་ཡུལ་ལ་བལྟ་རུ་སོང་སྟེ་ཁོ་ཚོར་ཚེ་མཇུག་གི་འཚོ་བ་བདེ་སྐྱིད་ལྡན་པ་ཞིག་ཡོང་བར་བྱས་ནས་རྒས་དུས་འཚོ་ས་རྟེན་ས་ལྡན་པར་བྱེད་དགོས། འདས་པའི་གཉེན་ཉེར་སྟབས་བདེའི་འདས་མཆོད་དང་ཡ་རབས་ཚུལ་ལྡན་ངང་དུར་མཆོད་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ་སྒམ་བརླིང་དང་གྲོན་ཆུང་གི་རྣམ་པའི་ཐོག་ནས་འདས་པོར་དྲན་གསོ་ཞུ་དགོས། མི་ལེགས་པའི་དུར་མཆོད་བྱེད་སྟངས་དོར་ནས་མཁར་གྲོང་གི་སྣང་བརྙན་ཇེ་ལེགས་སུ་གཏོང་བ་དང་ཡ་རབས་ལྡན་པའི་སྤྱི་དམངས་ཤིག་བྱ་རྒྱུའི་བརྩོན་ལེན་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་དུས་རབས་གསར་པའི་དཔལ་ཡོན་གྱི་ཡང་སྙིང་འགྲེལ་བཤད་རྒྱག་དགོས།

དྲུག་པ། ལས་བྱེད་པས་སྣེ་ཁྲིད་རྒྱུ་དར་སྤེལ་གཏོང་དགོས། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་རང་དཔེ་གཞན་སྟོན་དང་སྣེ་ཁྲིད་དཔེ་སྟོན་བྱས་ཏེ་ཡ་རབས་དང་ལྗང་མདོག དུས་བདེ། འཆམ་མཐུན་སོགས་ཀྱི་དུར་མཆོད་འདུ་ཤེས་སྣེ་ཁྲིད་དེ་ལག་བསྟར་བྱེད་པ་དང་། གོམས་སྲོལ་དང་འདས་མཆོད་སྒྱུར་བཅོས་ཀྱི་འབྲེལ་ཡོད་སྲིད་ཇུས་དང་དཔལ་ཡོན་དུར་མཆོད་གྱི་སྲོལ་གསར་དྲིལ་བསྒྲགས་ཧུར་ཐག་བྱས་ཏེ།  དགའ་ཉེ་སྤུན་མཆེད་དང་གྲོང་པ་ཁྱིམ་མཚེས་ཀྱིས་རང་འགུལ་ངང་མི་མཛེས་པའི་དུར་མཆོད་ཀྱི་སྲོལ་ལག་ལེན་མི་བྱེད་པར་སྣེ་ཁྲིད་བྱས་ཏེ་མཉམ་དུ་དཔལ་ཡོན་འཆམ་མཐུན་གྱི་སྤྱི་ཚོགས་ཁོར་ཡུག་ཅིག་བསྐྲུན་དགོས།

དེར་བརྟེན་ང་ཚོས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་རྣམ་པས་གྲོས་འདོན་དང་ལེན་ཧུར་ཐག་བྱས་ཏེ་མི་རང་ཉིད་ནས་མགོ་རྩོམ་པ་དང་དུས་ད་ལྟ་ནས་མགོ་བརྩམས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་ལྗང་མདོག་མཆོད་འབུལ་ནང་ཞུགས་ཏེ་སྲོལ་རྒྱུན་རིག་གནས་དང་དེང་རབས་དཔལ་ཡོན་འཆམ་མཐུན་མཉམ་གནས་ཡོང་བར་བྱེད་དགོས་པའི་འབོད་སྐུལ་བཏང་བ་ཡིན། ང་ཚོས་དཔུང་པ་མཉམ་གཤིབ་དང་ཐུན་མོང་འབད་བརྩོན་བྱས་ཏེ་སྔར་ལས་མཛེས་སྡུག་ལྡན་པའི་མཚོ་བྱང་གཏོད་ཆེད་དཔལ་ཡོན་གྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས།

མཚོ་བྱང་ཁུལ་ཨུའི་དཔལ་ཡོན་གཞུང་ལས་ཁང་།

2025ལོའི་ཟླ3པའི་ཚེས18ཉིན།


མཉམ་སྤྱོད།