དེ་རིང་ནི2025ལོའི་ཟླ04པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

དུས་ཚིགས་དང་པོར་མདོ་ལའི་གནས་སྐོར་གྱི་སྤྱིའི་ཡོང་འབབ་དུས་མཚུངས་ལས39.58%འཕར་བ།

2025-04-02 09:13:49   |   537

སྒྲིག་སྒྱུར།   སངས་དོན།    ཡོང་ཁུངས།   མཚོ་སྔོན་ཉིན་རེའི་ཚགས་པར།   བཤེར་འབེབས།    རིན་ཆེན་ཚེ་རིང་།


མཚོ་སྔོན་གསར་འགྱུར་དྲ་བ·རབ་མཛེས་མཚོ་སྔོན་མགྲོན་སྣེ་ནས་འབྱོར་བའི་གནས་ཚུལ།    སྐྱེ་ཁམས་ཞིབ་འཇུག་དང་སློབ་སྦྱོང་། མཁའ་འགྲུལ་ཐད་གཏོང་སོགས་འཛད་སྤྱོད་ཀྱི་ལས་རྣམ་སྣ་ཚོགས་ཀྱི་སྐུལ་ཁྲིད་འོག མདོ་ལའི“དཔྱིད་ཀའི་དཔལ་འབྱོར”ལ་སྔར་བས་གསོན་ཤུགས་རྒྱས་ཡོད།     དུས་ཚིགས་དང་པོར།    མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་གིས་གནས་སྐོར་བ་མི་ཐེངས་ཁྲི22.21སྣེ་ལེན་བྱས་པ་དང་།    དུས་མཚུངས་ལས28.46%འཕར་བ་དང་།    ཕྱོགས་བསྡུས་ཡོང་འབབ་སྒོར་ཁྲི11067.56ཡིན་ལ། དུས་མཚུངས་ལས39.58%འཕར་བ་རེད།   

ཉེ་བའི་ལོ་ཤས་རིང་། མདོ་ལ་རྫོང་གིས་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་ས་གཏོད་རྒྱུ་དམིགས་ཚད་དུ་བྱས་ཏེ། བྱེད་ཐབས་སྣ་ཚོགས་ཀྱི་སྒོ་ནས་རིག་གནས་གནས་སྐོར་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་།     “སྦྲེལ་ཐག་དཔོན” གྱི་ལམ་སྲོལ་ལ་བརྟེན་ནས་ཐོན་ཁུངས་སྡེབ་སྒྲིལ་དང་།   ལ་བཙས་སྒང་སོགས་མཛེས་ལྗོངས་ཁུལ་གསར་པ་གཙོ་གནད་ཐོག་གསར་སྤེལ་བྱས་ནས་རྫ་དམར་སྐྱེ་ཁམས་ལུས་གསོ་རྣམ་གྲངས་ལ་སྐུལ་འདེད་བཏང་ཞིང་།    ཡུལ་ཁོངས་ཧྲིལ་བོའི་གནས་སྐོར་གྱི་རྣམ་པ་གསར་པ་འཛུགས་སྐྱོང་བྱས།    ད་ལྟ། 5Aརིམ་པའི་མཛེས་ལྗོངས་ཁུལ1དང་།    4Aརིམ་པའི་མཛེས་ལྗོངས་ཁུལ1དང་།    དེ་བཞིན་རིམ་པAལས་དམའ་བའི་མཛེས་ལྗོངས་ཁུལ་མང་པོ་བཅས་ཀྱི་ལངས་གཟུགས་ཅན་གྱི་བཀོད་པ་ཆགས་ཡོད།    

གསར་གཏོད་བྱས་པའི“མཁའ་འགྲུལ+གནས་སྐོར”གྱི་བྱེད་སྟངས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་།    མཁའ་འགྲུལ་ཐོན་རྫས་གསར་སྤེལ་བྱས་པ་དང་འབྲེལ་འགྲོ་གྲོན་ཆག་ཡང་དང་རྩ་ཆག་བྱེད་པའི་སྲིད་ཇུས་ལག་བསྟར་བྱས་པ་བརྒྱུད། གནམ་ཐང་གྱི་ཟླ་བ་གཅིག་གི་འགྲུལ་པ་འདོན་འཇུག་བྱས་ཚད་དུས་མཚུངས་ལས1025%འཕར་ཡོད།     བཙུན་མོ་སྒང་སོགས་བར་སྣང་དམའ་བའི་གནས་སྐབས་འཕུར་འབབ་ས་ཚིགས2ཀྱི་ཆོག་མཆན་ཐོབ་པ་དང་།    མི་མེད་གནམ་གྲུ་འཕུར་སྐྱོད་ཚོད་ལྟའི་འཆར་འགོད་སྤེལ་བ།    དམའ་དབྱིངས་གནས་སྐོར་དང་མྱུར་སྐྱེལ་སྐྱེལ་སྤྲོད་སོགས་ལས་རིགས་གསར་པ་འཚོལ་ཞིབ་བྱས་པ་མ་ཟད།    གཞོན་ནུ་ལོ་ཆུང་གི་ཞིབ་འཇུག་སློབ་སྦྱོང་དང་མཁའ་འགྲུལ་ཐད་གཏོང་སོགས་ཀྱི་བྱེད་སྒོ་གཉེར་བ་སོགས་ཀྱིས་ཁྲོམ་རའི་གསོན་ཤུགས་ལ་སྐུལ་སྤེལ་བཏང་།     

གསར་བརྗེའི་རིག་གནས་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས་ཏེ།    དམར་དམག་ནུབ་ལམ་དམག་གི་བརྗོད་དོན་གཙོ་བོའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞི་བསྐྲུན་པ་དང་།    ཨ་མྱེས་སྟོང་སོ་གསར་བརྗེ་སྐྱེ་ཁམས་རྐང་ཐང་ལམ་ཐིག་བཏོན་པ།    དམར་དམག་ནུབ་ལམ་བཅིངས་འགྲོལ་དམག་རུ་དཔུང་གཉིས་པའི་དྲན་གསོ་ཁང་རྒྱས་སྐྲུན་ལས་གྲྭ་ལ་སྐུལ་འདེད་གཏོང་བཏང་།     དེ་དང་ཆབས་ཅིག རང་བྱུང་སློབ་གསོ་དེ་སློབ་ཁྲིད་མ་ལག་ནང་འདྲེས་པར་བྱས་ནས་རྒྱལ་ཁབ་གླིང་ཀ་ཚན་རིག་ཞིབ་འཇུག་རྟེན་གཞི་དང་རི་སྐྱེས་སྲོག་ཆགས་མྱུར་སྐྱོབ་ས་ཚིགས་སོགས་སྐྱེ་ཁམས་ཞིབ་འཇུག་སློབ་སྦྱོང་གི་ལས་སྟེགས་བསྐྲུན་ནས་ཡུལ་ལྗོངས་ལྟ་སྐོར་དེ་རྩེར་སོན་གྱི་སྐྱེ་ཁམས་ཉམས་ལེན་དུ་བསྒྱུར་བར་སྐུལ་འདེད་བཏང་།    

གཞན་ཡང་། ནུས་ཤུགས་གཅིག་སྒྲིལ་གྱིས“མདོ་ལའི་གསའ”ཡི་རིག་གནས་གནས་སྐོར་གྱིIPབསྐྲུན་རྒྱུ་དང་།    ཚན་རིག་ཞིབ་འཇུག་ལས་ཁུངས་དང་མཉམ་འབྲེལ་ཐོག་གསའ་ཡི་གནས་སྡོད་ཡུལ་ལ་ཚན་རིག་ཞིབ་འཇུག་གི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ་དང་།    གསའ་སྲུང་སྐྱོབ་ཁུལ་ལ་སྒྱུར་བཅོས་དང་།    དེ་འབྲེལ་གྱི་དངོས་བཤུས་གློག་བརྙན་ཕབ་སྐྲུན།    རྒྱལ་ཁབ་རིམ་པའི་དུས་དེབ་ཀྱི་ཞིབ་འཇུག་གྲུབ་འབྲས་ལེགས་སྒྲིག་ཁྱབ་བསྒྲགས་བྱས་ནས་རྒྱལ་ཁབ་གླིང་ཀའི་སྐྱེ་ཁམས་སྣང་བརྙན་གསར་བཟོ་བྱས།     སྤུས་རྟགས་གསོ་སྐྱོང་དང་ཐོན་རྫས་གསར་གཏོད། ལས་རྣམ་རིམ་སྤོར་བཅས་བྱས་པ་བརྒྱུད་མདོ་ལ་རྫོང་གིས་མགྱོགས་མྱུར་ངང“སྐྱེ་ཁམས+རིག་གནས་གནས་སྐོར”མཉམ་འདྲེས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་ནས་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་ས་འཛུགས་སྐྲུན་ལ་སྟོབས་ཤུགས་ཆེན་པོ་བསྣན་ཡོད།     


མཉམ་སྤྱོད།