དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

“གཡང་དཀར”རྟགས་ཅན་གྱི་ཆུང་འབྲིང་སློབ་མའི་རྩོམ་ཡིག་འགྲན་སྡུར་སྤེལ་བའི་གསལ་བརྡ།

2025-05-21 17:34:20   |   258

རྩོམ་སྒྲིག ཁོན་ཐར་ཚེ་རིང་། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


01.jpg

གཡང་ར་སྒོ་བཞིའི་ཡ་གྱལ་དུ་བགྲང་བའི་གཡང་དཀར་ལུག་ནི་སྒང་པ་བོད་པ་རྣམས་ལ་མཚོན་ན་འཚོ་རྟེན་གལ་ཆེན་ཞིག་ཡིན་ལ། ང་ཚོ་མི་རིགས་འདི་ལ་དྲིན་ཆེ་བའི་སྒོ་ཟོག་མེད་དུ་མི་རུང་བ་ཞིག་ཀྱང་ཡིན་པ་རེད།

02.jpg

ཤྭ་དམར་མཐུན་ཚོགས་ནི་སྤྱི་ལོ2018ལོར་མཚོ་སྔོན་དང་ཀན་སུའུ། སི་ཁྲོན་བཅས་ཀྱི་ལུག་ལ་དགའ་མོས་ཡོད་མཁན་སྐོར་ཞིག་མ་གྲོས་རང་མཐུན་གྱིས་ལྷན་དུ་འཛོམས་ཏེ་བཙུགས་པ་ཞིག་ཡིན་ཞིང་། ཚོགས་པ་བཙུགས་ཚུན་དུ་ཞིང་ཆེན་སོ་སོར་འཁོར་སྐྱོད་ཀྱི་རྣམ་པའི་སྟེང་ལུག་དང་འབྲེལ་བའི་བྱ་འགུལ་ཏེ། ཡག་ལྗིད་ཉིས་འཛོམས་དང་རྭ་ཁ་སུམ་འཛོམས་ཐད་ཀྱི་འགྲན་སྡུར་རབ་དང་རིམ་པ་སྤེལ་ནས། འབྲོག་པ་མང་ཚོགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཐད་ལ་ནུས་པ་མི་དམན་པ་བཏོན། ད་ལོར་ཚོགས་པ་འདིས་བྱ་འགུལ་གྱི་རྣམ་གྲངས་སྣ་མང་ཅན་དང་ཤུགས་རྐྱེན་ཐེབས་ཚད་ཇེ་ཆེར་གཏོང་ཆེད། ལུགས་རྙིང་གི་ཧོར་ཟླ4པའི་ཚེས24ཉིན་གཡང་མོ་ལུག་གི་ཉིན་མོར་གཏན་ཁེལ་བྱས་ལ། རྗེས་མར་ཉིན་མོ་འདི་དང་འབྲེལ་ནས་བྱ་འགུལ་སྣ་ཚོགས་སྤེལ་འཆར་འདུག

03.jpg

ད་རེས་མཐུན་ཚོགས་འདིས་མཐུན་རྐྱེན་སྦྱར་འོག ངེད་རྩོམ་སྒྲིག་ཁང་གིས་ཆུང་འབྲིང་སློབ་མའི་རྩོམ་ཡིག་འབྲི་སྦྱོང་གི་འཇོན་ནུས་མཐོར་འདེགས་དང་། ཁོ་ཚོའི་བསླབ་ཕྱིའི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བའི་ཞར་དུ། ཆུང་བྱིས་པའི་དུས་ནས་རྒྱུད་ལ་གཡང་ར་སྒོ་བཞིའི་གལ་ཆེན་རང་བཞིན་དང་དེ་འབྲེལ་གྱི་ཤེས་བྱ་མང་བོ་ཞིག་འབྱོར་དུ་འཇུག་ཆེད། “གཡང་དཀར”རྟགས་ཅན་གྱི་ཆུང་འབྲིང་སློབ་མའི་རྩོམ་ཡིག་འགྲན་སྡུར་ཐེངས་ཤིག་སྤེལ་རྒྱུར་ཐག་བཅད་པ་ཡིན།

04.jpg

ཐེངས་འདིའི་རྩོམ་ཡིག་འགྲན་སྡུར་གྱི་བརྗོད་བྱའང་གཡང་དཀར་ལུག་གི་སྐོར་ཡིན་ལ། འགྲན་ཞུགས་པ་དག་གིས་རང་ཉིད་ཀྱི་དུས་རྒྱུན་གྱི་འཚོ་བ་དང་སྦྱར་ནས་བྲིས་ཆོག དཔེར་ན། 《གཡང་དཀར་གྱི་རང་གཏམ》དང་། 《ང་དང་ལུ་གུ་ཆུང་ཆུང》《ངེད་ཚང་གི་མ་མོ་སེར་ལྡང་མ》《གཡང་མོ་ལུག་གི་ཉིན་མོ》སོགས་ལྟ་བུ། རྩོམ་གྱི་ཁ་བྱང་རང་ཉིད་ཀྱིས་གཏན་ཁེལ་བྱེད་དགོས།

བྱ་དགའི་རྣམ་གྲངས།

ཨང་དང་པོ་གཅིག སྒོར1000དང་གཟི་བརྗིད་དཔང་ཡིག

ཨང་གཉིས་པ་གཉིས། སྒོར800དང་གཟི་བརྗིད་དཔང་ཡིག

ཨང་གསུམ་པ་གསུམ། སྒོར600དང་གཟི་བརྗིད་དཔང་ཡིག

རྟིང་སྐུལ་བྱ་དགའ་བཞི། སྒོར400དང་གཟི་བརྗིད་དཔང་ཡིག

རེ་འདུན། 

1.རང་མོས་སྙན་ངག་ལས་གཞན། རང་ཉིད་ལ་བྱང་ཆ་ཡོད་པའི་རྩོམ་སྟངས་གང་རུང་བདམས་ཆོག

2.ཡིག་འབྲུ་ཆིག་སྟོང་ལྔ་བརྒྱ་ལས་བརྒལ་མི་རུང་།

3.བཤུ་འབྲི་ནི་སྤྱོད་ངན་ཞིག་ཡིན་པས། གཞན་རྩོམ་གཏན་ནས་བཤུ་འབྲི་བྱས་མི་ཆོག

མཉམ་འཇོག་བྱེད་དགོས་ས།

1.དབུ་ཅན་གྱིས་གྲ་དག་པོར་བྲིས་ནས2025ལོའི་ཟླ9པའི་ཚེས20ཉིན་གྱི་སྔོན་ལ་ངེད་རྩོམ་སྒྲིག་ཁང་གི་ཡིག་ཟམ(gjsnb2009@163.com)ནང་དུ་བསྐུར་བའམ་ཡང་ན་སྦྲག་ཁང(青海省西宁市城西区同仁路10号,邮编:810001)བརྒྱུད་ནས་བསྐུར་བར་འཚལ། གཞན་རྩོམ་ཡིག་སྐུར་དུས་ངེས་པར་དུ“གཡང་དཀར་རྟགས་མ”ཞེས་ཟུར་མཆན་འགོད་དགོས།

2.བྱ་དགའི་དངུལ་དང་གཟི་བརྗིད་དཔང་ཡིག རྩོམ་ཡོན་སོགས་བསྐུར་བར་སྟབས་བདེ་ཡོང་ཆེད། འགྲན་ཞུགས་པ་ཡོངས་ཀྱིས་རྩོམ་ཡིག་གི་མཇུག་ཏུ་བོད་རྒྱ་ཡིག་རིགས་ཟུང་གི་རང་ཉིད་ཀྱི་མིང་དང་ས་གནས། ཐོབ་ཐང་ལག་འཁྱེར་ཨང་གྲངས། དངུལ་བྱང་ཨང་གྲངས་སམ་ཡང་ན་སྤྱི་ཚོགས་འགན་སྲུང་བྱང་བུའི་དངུལ་བྱང་ཨང་གྲངས་དང་དེའི་ཐོ་ཁུངས་དངུལ་ཁང་གི་མིང་ཆ་ཚང་། འབྲེལ་ཡོད་ཁ་པར་ཨང་གྲངས་བཅས་མཁོ་སྤྲོད་བྱེད་རྒྱུ་ཐུགས་འཇགས་འཚལ།

ཞེས《གངས་རྒྱན་ན་ཆུང་ཚགས་པར》རྩོམ་སྒྲིག་ཁང་ནས།

2025ལོའི་ཟླ5པའི་ཚེས20ཉིན།


མཉམ་སྤྱོད།