དེ་རིང་ནི2025ལོའི་ཟླ07པའི་ཚེས29ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྨ་ཆུའི་རྩྭ་ཐང་གི་སྐལ་བཟང་མེ་ཏོག་ལྟ་བུའི་ལྷ་རྗེ།

2025-06-11 09:15:42   |   578

རྩོམ་སྒྲིག  ཀླུ་མོ་མཚོ།   ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།  བཤེར་འབེབས། རིན་ཆེན་ཚེ་རིང་།


ལོ་ངོ57གྱི་ཡར་སྔོན་དུ། ཧྲང་ཧའེ་གསོ་རིག་སློབ་ཆེན་གྱི་ཕུལ་བྱུང་སློབ་མ་ཞིག་ཆོད་སེམས་བརྟན་པོས་ཀན་ལྷོ་རྩྭ་ཐང་དུ་སླེབས་པ་དང་། དུས་དེ་ནས་བཟུང་གནས་དེ་ནས་ཁ་བྲལ་མྱོང་མེད་ཅིང་། འབྲོག་པ་མང་ཚོགས་ཀྱི་ཆེས་སྙིང་ཉེ་བའི་སྨན་པ་ཞིག་ཏུ་གྱུར་ཡོད། ཁོང་གིས་བོད་སྐད་རྒྱག་ཤེས་པ་མ་ཟད་བོད་རིགས་བུ་མོ་ཞིག་དང་གཉེན་བསྒྲིགས་ཡོད། ཁོང་ནི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མི་སྒེར། རྨ་ཆུ་རྫོང་དབལ་བན་ཚང་གྲོང་རྡལ་གྱི་དེ་སྔའི་འཕྲོད་བསྟེན་ཁང་གི་འགོ་འཛིན་ཝང་ཝན་ཆིང་རེད། ཁོང་ནི1944ལོར་ཧྲང་ཧའེ་རུ་སྐྱེས་ཤིང་། 1968ལོར་མ་བསྐུལ་དང་བླངས་ཀྱི་སྒོ་ནས་ཆ་རྐྱེན་ཤིན་ཏུ་ཞན་པའི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་དུ་ཕྱག་ལས་གནང་བར་བསྐྱོད་ཅིང་། 2024ལོ་སྟེ་དགུང་ལོ80སྟེང་སྙུན་གཞིའི་རྐྱེན་གྱིས་སྐུ་གཤེགས་པ་རེད།

66e970f708bc48cf66a15cb87fef758.jpg

ཝང་ཝན་ཆིང་།(王万青)

     ཉེ་ཆར། གསར་འགོད་པ་ཁོང་འཚོ་བཞུགས་སྐབས་ཕྱག་ལས་གནང་ས་དང་འཚོ་བ་རོལ་སར་བསྐྱོད་དེ། ཁོང་གི་གཉེན་ཉེ་དང་གྲོགས་པོ། སྨན་བཅོས་བྱེད་མྱོང་བའི་ནད་པ། ལས་རོགས་བཅས་ཀྱི་ཕྱིར་དྲན་གྱི་ཁྲོད་ནས“རྟ་ཐོག་སྨན་པ”ཁོང་གི་མི་སེམས་འགུལ་བའི་གཏམ་རྒྱུད་སྔོག་འཚོལ་བྱས་ཡོད།

ཁྱོད་ཀྱིས་བོད་སྐད་རྒྱག་ཤེས་དགོས།

     ཝང་ཝན་ཆིང་གི་བུ་ཆེ་བ་རྡོ་རྗེ་དཔལ་བཟང་ནི་ད་ལྟ་ས་གནས་དེ་གའི་སྨན་པ་ཞིག་ཡིན་ཞིང་། རྨ་ཆུའི་འབྲོག་སྐད་དག་མའི་ལམ་ནས་གསར་འགོད་པ་དང་ཁ་བརྡ་བྱས་ཡོད། ཁོང་གི་ཕྱིར་དྲན་ནང་ཨ་ཕས་ཆུང་དུས་ནས་ཁོང་ལ་བོད་སྐད་ཤེས་དགོས་ལ་བོད་ཀྱི་རིག་གནས་ཀྱང་སྦྱོང་དགོས་ཚུལ་གསུངས་ཀྱི་ཡོད་པ་དང་། རྩྭ་ཐང་གི་འབྲོག་ཕྲུག་རྣལ་མ་ཞིག་ཏུ་སྐྱེད་སྲིང་བྱ་ཆེད། ཨ་ཕས་ཁོང་འབྲོག་པའི་གཉེན་ཚང་ཞིག་ལ་བཅོལ་ནས་འཚོ་བ་སྐྱེལ་དུ་བཅུག་པས། “སློག་པ་གྱོན་ཞིང་རྟ་ཞོན་ནས་ཟོག་འཚོས་པ་སོགས་འབྲོག་ཕྲུག་གཞན་དང་ཨ་ན་མ་ན་ཡིན་ནི་ཡིན”ཞེས་བརྗོད་ཡོད།

     དེ་ལྟར་བོད་ཀྱི་རིག་གནས་ལ་བརྩི་མཐོང་དང་མཉམ་འདྲེས་གནང་བས། ཝང་ཝན་ཆིང་ལ་འབྲོག་པ་མང་ཚོགས་ཀྱི་ཡིད་ཆེས་དང་གུས་བཀུར་ཐོབ་ཡོད། ཁོང་གིས་བོད་སྐད་སྦྱངས་ནས་ཤེས་པ་མ་ཟད་བོད་རིགས་ཀྱི་གོམས་སྲོལ་ལྟར་འཚོ་བ་རོལ་ཞིང་། བོད་རིགས་གྱི་བུ་མོ་ཞིག་དང་གཉེན་བསྒྲིགས་ནས་རྩྭ་ཐང་དུ་གཞི་ཚུགས་པ་རེད།

ལྷག་བསམ་གྱི་རྒྱུན་འཛིན།

     རྡོ་རྗེ་དཔལ་བཟང་གསོ་རིག་གི་ལམ་དུ་ཞུགས་པར་ཨ་ཕའི་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད། ཁོང་གིས་ད་ལྟའང་ཐེངས་དང་པོར་ཨ་ཕསxའོད་འཕྲུལ་བཀོད་སྤྱོད་གནང་བའི་རྣམ་པ་དེ་ཡིད་ལ་དྲན་གྱི་ཡོད། ཁོང་གིས། གློག་ཤུགས་མ་འདང་བའི་རྐྱེན་གྱིས་འཕྲུལ་ཆས་དེའི་ནང་ནས་འཛེར་སྒྲ་གྲགས་འོང་། ང་རང་སྐྲག་སྟེ་ཨ་ཕའི་རྒྱབ་ཏུ་གབ་ནས་བསྡད་ཀྱི་ཡོད། འོན་ཀྱང་འཆར་ངོས་སུ་སྙིང་འཕར་ལྡིང་བྱེད་པ་དང་མིའི་རྩིབས་རུས་སོགས་གསལ་པོར་མཐོང་སྐབས་མཚར་སྣང་ཆེན་པོ་སྐྱེས་ཀྱི་ཡོད་ཅེས་བརྗོད་པ་དང་། ཕྱིས་སུ་ཁོང་ཨ་ཕའི་རྗེས་སུ་འབྲངས་ཏེ་དང་ཐོག་རྟ་འདོགས་རོགས་དང་གུར་ཕུབ་རོགས། སྐབས་རེར་ནད་པ་དང་གོ་བརྡ་མ་འཕྲོད་ཚེ་སྐད་སྒྱུར་རོགས་སོགས་བྱས། དེ་ནས་རིམ་གྱིས་ཁྲག་ཤེད་དང་ཚ་གྲངས་བརྟག་པ་སོགས་ཀྱི་ལས་ཀ་ཙག་ཙིག་ལས་རོགས་བྱས་པས། གསོ་བ་རིག་པར་སྤྲོ་སྣང་འཕེལ་ཞིང་། མཐར་ཀན་སུའུ་ཞིང་ཆེན་འཕྲོད་བསྟེན་ལས་རིགས་སློབ་གླིང་དུ་རྒྱུགས་འཕྲོད་དེxའོད་ཀྱི་ཆེད་ལས་སློབ་སྦྱོང་བྱེད་པའི་བསྐལ་བ་ཐོབ་ཡོད།

     སྨན་བཅོས་ཆ་རྐྱེན་ཤིན་ཏུ་ཞན་པའི་དབལ་བན་ཚང་གྲོང་རྡལ་དུ། ཝང་ཝན་ཆིང་གིས་ཕུལ་དུ་བྱུང་བའི་སྨན་བཅོས་ལག་རྩལ་ལ་བརྟེན་ནས་ནད་པ་སྲོག་ཉེན་ལས་བསྐྱབས་པ་བགྲང་གིས་མི་ལང་། དེ་སྔ་གཡག་གིས་བརྡུངས་ཏེ་ཕོ་བ་གཤགས་མྱོང་བའི་ནད་པ་ནད་མེད་ཀྱིས། སྐབས་དེར་ང་ལོ9ཡིན། ཕོ་བའི་ནང་གི་རྒྱུ་མ་ཕྱིར་ཐོན་ཏེ་ཉལ་སའི་པགས་གདན་གྱི་སྟེང་དུ་འབྱར་འདུག སྨན་པ་ཝང་ལགས་ཀྱིས་ངའི་རྒྱུ་མའི་མཚམས་ནས་གཅད་རྒྱུ་བཅད། བཀྲུ་རྒྱུ་བཀྲུས། དེ་ནས་སླར་ཡང་ཕྱིར་མཐུད་པ་རེད། ད་ལྟ་ང་ལོ50ཡིན། ཁོང་མེད་ན་ང་དེ་རིང་བར་དུ་གསོན་མི་ཐུབ། སྨན་པ་དྲིན་ཆེན་ཡིན། དབལ་བན་ཚང་ལ་དྲིན་ཆེན་ཡིན་ཞེས་ཕྱིར་དྲན་གྱི་ཚུལ་དུ་བརྗོད།

b0bf22e5fa871c81082940e76c101ff.jpg

གཞན་གྱིས་བཅར་འདྲི་བྱེད་པར་དགའ་པོ་མེད།

     ཝང་ཝན་ཆིང་འཚོ་བཞུགས་སྐབས་ཀྱི་ལས་གྲོགས་ཀྱིས་ཕྱིར་དྲན་བྱས་པ་ལྟར་ན། ཁོང་ནི་སྨན་བཅོས་ཀྱི་ཕྱག་ལས་གནང་བ་ཕུད་གཞན་སློབ་སྦྱོང་དང་དཔེ་ཀློག་ལ་ཧ་ཅང་མཉེས་པོ་ཡོད། དེ་མིན་ད་རུང་རི་མོ་འབྲི་རྒྱུར་མཉེས་པོ་ཡོད་པ་མ་ཟད། སྨན་ཁང་དུ་སྐབས་རེར་རིག་རྩལ་བྱེད་སྒོ་སྤེལ་སྐབས། ཁོང་གིས་ཨུ་རུ་སུའི་སྐད་ནས《ཁཱ་ཆིའུ་ཧྲ》དང《མོ་སི་ཁོའི་གྲོང་མཐའི་མཚན་མོ》སོགས་ཀྱི་གླུ་དབྱངས་ལེན་གྱི་ཡོད་ཅིང་། ལས་གྲོགས་ཚང་མ་དེར་ཉན་རྒྱུར་དགའ་པོ་ཡོད་པ་རེད།

     ནང་མི་དང་ལས་གྲོགས་ཚོའི་ངག་ནས་ཤེས་གསལ་ལྟར་ན། ཁོང་བཅར་འདྲི་དང་ལེན་གནང་འདོད་དེ་ཙམ་མེད། ཁོང་གིས་ནད་པར་སྨན་བཅོས་བྱ་རྒྱུ་ནི་སྨན་པ་ཞིག་གིས་སྒྲུབ་འོས་པའི་འགན་འཁྲི་ཡིན་པས་དྲིལ་བསྒྲགས་བྱེད་དོན་མེད་ཅེས་གསུངས་ཀྱི་ཡོད།

     ད་ལྟ་རྨ་ཆུ་རྫོང་དབལ་བན་ཚང་ལྟེ་བའི་འཕྲོད་བསྟེན་ཁང་གི་ན་གཞོན་སྨན་པ་རྣམས་ཀྱིས་ཁོང་གི་སྙིང་སྟོབས་རྒྱུན་འཛིན་བྱེད་བཞིན་ཡོད་དེ། ནད་པར་གཉེན་ཉེའི་འདུ་ཤེས་བཟུང་ནས་སྨན་བཅོས་བྱེད་ཅིང་། ཕལ་ཆེ་བས་བོད་སྐད་བཤད་ཤེས་པས་ནད་པར་སྨན་བཅོས་བྱེད་པར་ཡང་ཐོགས་རྡུགས་མེད། སྨན་པ་ཚེ་རིང་དོན་གྲུབ་ཀྱིས། ང་ཚོས་སྨན་པ་ཝང་ཝན་ཆིང་གི་སྙིང་སྟོབས་ལ་སློབ་སྦྱོང་ཞུས་ཏེ། མི་དམངས་མང་ཚོགས་ཀྱི་བདེ་ཐང་གཙིགས་སུ་བཟུང་ནས་སྐྱོང་རྒྱུ་དེ་འབད་པ་བྱེད་སའི་དམིགས་ཡུལ་དུ་འཛིན་གྱི་ཡོད་ཅེས་བརྗོད།

83bbb1f7ad07282cf05ad753427cdb3.jpg

ལག་ལེན་གྱི་དམར་ཁྲིད།

     ཝང་ཝན་ཆིང་གི་སྐུ་ཚེ་ཧྲིལ་པོས་མི་རིགས་མཐུན་སྒྲིལ་གྱི་གཏིང་ཟབ་པའི་གོ་དོན་ལ་འགྲེལ་བརྗོད་གནང་ཡོད། ཁོང་ནི་ནད་ཀྱི་སྡུག་བསྔལ་སེལ་བའི་འཚོ་བྱེད་ཁོ་ན་ཙམ་མ་ཡིན་པར། མི་རིགས་མཐུན་སྒྲིལ་གྱི་ལག་ལེན་པ་ཞིག་ཀྱང་ཡིན་ཏེ། ཁོང་གི་བུ་རྡོ་རྗེ་དཔལ་བཟང་ངམ་ཝང་ཐོན་ཧྲེང་གིས། ཆུང་དུས་ལོ་གཉིས་ཙམ་ཧྲང་ཧའེ་རུ་སློབ་གྲྭ་འགྲིམས་སྐབས། སྤོ་ལགས་དང་ཨ་ཕས་ང་ལ་རྒྱ་མིང་འདི་བཏགས། ཝང་ནི་རུས་མིང་ཡིན་པ་དང་། ཐོན་ནི་མཐུན་སྒྲིལ་དང་ཧྲེང་ནི་རྒྱལ་ཁའི་དོན་ཡིན། ངའི་མིང་གི་དོན་སྙིང་ནི་མི་རིགས་མཐུན་སྒྲིལ་བྱས་ན་ད་གཟོད་རྒྱལ་ཁ་ཐོབ་ངེས་ཞེས་པ་ཡིན་པས། ཁོང་གཉིས་ནས་དེ་ལྟར་བཏགས་པ་ཡིན་ཞེས་གསུངས་ཀྱི་འདུག་ཅེས་བརྗོད།

     ཝང་ཝན་ཆིང་གི་གཏམ་རྒྱུད་ནི་རྩྭ་ཐང་སྟེང་གི་སྐལ་བཟང་མེ་ཏོག་དང་འདྲ་བར། ཆེས་སྤྱིར་བཏང་ཞིག་ཡིན་ནའང་དཔའ་ལ་བསྲན་ཚུགས་པའི་སྒོ་ནས་རྩྭ་ཐང་དུ་བཀྲག་མདངས་བསྩལ་ཡོད།

     དམ་པ་རྒྱང་དུ་བཞུད་ན་ཡང་། མཛད་པ་ཇི་སྲིད་བར་དུ་གནས། རྨ་ཆུའི་རྩྭ་ཐང་དུ་འབྲོག་པ་མང་ཚོགས་ནས་སྔར་བཞིན་ཝང་ཝན་ཆིང་ལ་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་ཞིང་བསྟོད་པའི་མཐེ་བོང་སྒྲེང་བཞིན་ཡོད་ལ། ཁོང་གི་གཏམ་རྒྱུད་ལས་ང་ཚོར་དོན་ངོ་མའི་མི་རིགས་མཐུན་སྒྲིལ་ནི་འབོད་ཚིག་ཙམ་མ་ཡིན་པར། ཇ་དང་འོ་མ་འདྲེས་པ་བཞིན་གཅིག་སེམས་གཅིག་ལ་འདྲེས་ན་ད་གཟོད་ཞིམ་མངར་ལྡན་པའི་མཐུན་སྒྲིལ་གྱི་འོ་ཇ་བསྐོལ་ཐུབ་ཚུལ་བརྗོད་ཡོད།


མཉམ་སྤྱོད།
Loading...