དེ་རིང་ནི2025ལོའི་ཟླ06པའི་ཚེས16ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཕེ་རུའི་རྒྱལ་ས་ལི་མའི་ཉེ་འགྲམ་གྱི་མཚོ་ཁོངས་སུ་ས་ཡོམ་རིམ་པ6.1བརྒྱབ་པ།

2025-06-16 09:59:21   |   110

སྒྲིག་སྒྱུར།   སངས་དོན།   ཡོང་ཁུངས།  ཞིན་ཧྭ་དྲ་བ།   བཤེར་འབེབས།   རིན་ཆེན་ཚེ་རིང་།


ཞིན་ཧྭ་གསར་འགྱུར་ཁང་ལི་མ་ནས་ཟླ6པའི་ཚེས15ཉིན་འབྱོར་བའི་གློག་འཕྲིན། ཕེ་རུའི་སའི་གོ་ལའི་དངོས་ཁམས་ཞིབ་འཇུག་སོ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། ཚེས15ཉིན། ཕེ་རུའི་རྒྱལ་ས་ལི་མའི་ཉེ་འགྲམ་མཚོ་ཁོངས་སུ་ས་ཡོམ་རིམ་པ6.1བརྒྱབ་པ་དང་། མིག་སྔར། མི་སྣ་ཤི་རྨས་དང་རྒྱུ་ནོར་གྱོང་གུན་ཕོག་པའི་སྙན་ཞུ་འབྱོར་མེད།

ཕེ་རུའི་སའི་གོ་ལའི་དངོས་ཁམས་ཞིབ་འཇུག་སོ་ཡིས་ས་ཡོམ་དེ་ས་གནས་དེ་གའི་དུས་ཚོད་ཚེས15ཉིན་གྱི་དུས་ཚོད11:35(པེ་ཅིང་གི་དུས་ཚོད་ཚེས16ཉིན་གྱི་དུས་ཚོད0:35)ཐོན་པ་དང་ཡོམ་ལྟེ་དེ་ལི་མ་དང་ཐག་ཉེ་བའི་ཁ་ཡ་ཨུ་ཞིང་ཆེན་གྱི་ལྷོ་ནུབ་སྤྱི་ལེ30ཡི་མཚོ་ཁོངས་ཡིན་པ་དང་། ཡོམ་ཁུངས་ཀྱི་གཏིང་ཚད་སྤྱི་ལེ49ཡིན། ལི་མར་ཡོམ་ཚོར་དྲག་པོ་བྱུང་ཡོད།

ཕེ་རུའི་དམངས་སྲུང་སྡེ་ཚན་གྱིས་དམངས་ཚོགས་ལ་བབ་བརླིང་རྒྱུན་འཁྱོངས་བྱས་ཏེ། ཡོམ་འཕྲོ་ཐོན་སྲིད་པའི་གནས་ཚུལ་ལ་དོ་ཁུར་ཆེན་པོ་བྱེད་དགོས་པའི་རེ་འབོད་བྱས་པ་རེད། ས་གནས་དེ་གའི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ལི་མའི་མཚོ་རྒྱུད་གཞུང་ལམ་གྱི་དུམ་མཚམས་ཁག་གཅིག་ལ་རི་ཉིལ་བའི་གནས་ཚུལ་ཐོན་ཡོད།

ཕེ་རུ་ནི་ཞི་བདེ་རྒྱ་མཚོ་སྐོར་བའི་ས་ཡོམ་རྒྱུད་དུ་གནས་པ་དང་ས་ཡོམ་ཐོན་པ་མང་བའི་རྒྱལ་ཁབ་ཅིག་རེད། 2007ལོའི་ཟླ8པའི་ཚེས15ཉིན། ཕེ་རུའི་དབྱི་ཁ་ཞིང་ཆེན་དུ་ས་ཡོམ་རིམ་པ7.5བརྒྱབ་ནས་མི600ཙམ་རྐྱེན་ལམ་དུ་ཤོར་བ་དང་། མི1200ལྷག་ཙམ་ལ་རྨས་སྐྱོན་ཕོག་ཡོད་པ་རེད།


མཉམ་སྤྱོད།