དེ་རིང་ནི2025ལོའི་ཟླ07པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞིང་ཆེན་ཡོངས་ཀྱི་སྐབས་གཉིས་པའི་མཚོ་སྔོན་པོ་སྨོན་ལམ་མཐོན་པོ་རྟགས་མའི་སྡེ་ཆེན་རྩེད་རའི་རྩེད་དཔོན་འདུ་འཛོམས་སྨོན་ལམ་མཐོན་པོའི་འདབས་སུ་འཚོགས།

2025-07-29 15:57:24   |   10028

རྩོམ་སྒྲིག ཁོན་ཐར་ཚེ་རིང་། ཡོང་ཁུངས། མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


01.jpg

ཟླ7པའི་ཚེས29ཉིན། ཞིང་ཆེན་ཡོངས་ཀྱི་སྐབས་གཉིས་པའི་མཚོ་སྔོན་པོ་སྨོན་ལམ་མཐོན་པོ་རྟགས་མའི་སྡེ་ཆེན་རྩེད་རའི་རྩེད་དཔོན་འདུ་འཛོམས་སྨོན་ལམ་མཐོན་པོའི་སྒར་འདེབས་རྟེན་གཞི་རུ་འཚོགས།

འདུ་འཛོམས་སྟེང་དུ་ཞིང་ཆེན་ཡོངས་ཀྱི་ལ་གཞས་འགྲན་སྡུར་སྐབས་དང་པོ་ནས་བརྒྱད་པའི་བར་གྱི་ཨང་དང་པོ་ཐོབ་མཁན་གྱི་གླུ་བ་གླུ་མ16དང་། བོད་ལྗོངས་དང་སི་ཁྲོན། ཀན་སུའུ་སོགས་ཀྱི་ལ་གཞས་སྒྱུ་རྩལ་པ་གྲགས་ཅན8བཅས་ཁྱོན24གདན་འདྲེན་ཞུས་ཡོད་ཅིང་། གདན་ཞུའི་གླུ་བ་གླུ་མ་ཡོད་ཚད་མདོ་དབུས་ཁམས་གསུམ་གྱི་ལ་གཞས་སྒྱུ་རྩལ་ཁྱབ་ཁོངས་ཀྱི་རྩེར་སོན་འབའ་ཞིག་ཡིན། ཁོ་ཚོ་སྨོན་ལམ་མཐོན་པོའི་འདབས་སུ་གདན་ཐོག་གཅིག་ཏུ་འཛོམས་ཏེ། མང་ཚོགས་ལ་ངག་རིག་སྒྱུ་རྩལ་གྱི་ལྟད་མོ་གྱ་ནོམ་པ་ཞིག་མིག་གི་ལོངས་སྤྱོད་དང་རྣ་བའི་བདུད་རྩི་རུ་ཕུལ།


DSC_7773.JPG

DSC_7772.JPG

རི་མཐོན་པོ་ཡོད་ན་དམའ་མོ་བྱོས། ། ང་བྱ་རྒྱལ་ཁྱུང་ཆེན་འཕུར་རྒྱུ་ཡིན། ། ནང་མིང་སྲིང་ཡོད་ན་ཁ་ཁ་བྱོས། ། ངས་སྲིད་པའི་སྒྲུང་ཆེན་ལེན་རྒྱུ་ཡིན། ། ཞེས་པའི་གནང་ཞུ་དང་བསྟུན་ནས་ད་ཐེངས་ཀྱི་ངག་རིག་གི་དགྱེས་སྟོན་འདིའི་ཡོལ་བ་ཡོངས་སུ་ཕྱེས།

06.JPG

07.JPG

ལ་གཞས་ནི་བོད་ཀྱི་དམངས་ཁྲོད་སྒྱུ་རྩལ་ཁྲོད་ཀྱི་སྐར་མ་འོད་ཆེན་ཞིག་ཡིན་པའི་ཆ་ནས། 2006ལོར་རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་གི་མིང་གཞུང་དུ་ཚུད། དེ་མཚོ་སྔོན་པོའི་མཐའ་འཁོར་གཙོ་བྱས་པའི་མཚོ་སྔོན་དང་ཀན་ལྷོ། རྔ་བ་སོགས་སུ་དར་ཁྱབ་ཤིན་ཏུ་ཆེ་ལ། སྡེ་བའམ་ཁྱིམ་ཚང་ལས་རིང་དུ་གྱེས་པའི་རི་མགོ་དང་གཞོན་ནུ་ཕོ་མོ་ཚོགས་སར་སྐད་ངག་འགྱུར་ཁུག་གི་དབྱངས་ལ་དྲངས་ནས་གཞོན་ནུ་ཕོ་མོའི་བརྩེ་དུང་མཚོན་པའི་ངག་རིག་གི་སྒྱུ་རྩལ་ཞིག་ཡིན། ཚེག་བར་དྲུག་མ་དང་བདུན་མ་ཅན་རྒྱུག་ཆེ་ཞིང་། ཤོ་ལོ་ཀ་རེ་རེར་དཔེ་དང་དཔེ་ཅན་གཉིས་ཀྱིས་གྲུབ་ཡོད། གཞས་ཚིག་ཏུ་བོད་མིའི་བརྩེ་དུང་ལྟ་བ་དང་། མཛེས་རིག་ལྟ་བ། མི་གཤིས་ལྟ་བ། འཇིག་རྟེན་ལྟ་བ། ཀུན་སྤྱོད་ལྟ་བ་སོགས་འཐིམས་ཡོད་པས། བོད་ཀྱི་དམངས་ཁྲོད་རྩོམ་རིག་སྒྱུ་རྩལ་ཁྲོད་ཀྱི་ནོར་བུ་རྩ་ཆེན་ཞིག་ཡིན།

08.jpg

05.JPG

སྨོན་ལམ་མཐོན་པོ་ནི་མཚོ་སྔོན་པོའི་བྱང་ངོགས་ཀྱི་རིག་གནས་ཀྱི་མཚོན་རྟགས་གལ་ཆེན་ཞིག་སྟེ། མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་ཀྱི་ལོ་རྒྱུས་དན་རྟགས་ཤིག་དང་། ལ་གཞས་གཙོ་བྱས་པའི་དམངས་ཁྲོད་སྒྱུ་རྩལ་དར་སའི་ལྟེ་གནས་ཤིག་ཀྱང་ཡིན། ད་ཐེངས། སྡེ་ཆེན་རྩེད་རའི་རྩེད་དཔོན་འདུ་འཛོམས་སྨོན་ལམ་མཐོན་པོའི་འདབས་རོལ་དུ་འཚོགས་པའང་མཚོ་བྱང་གིས་བོད་ཀྱི་ལ་གཞས་རིག་གནས་རྒྱུན་འཛིན་དང་། ལ་གཞས་སྒྱུ་རྩལ་པ་སྐྱེད་སྲིང་ཆེད་དུ་ཡིན་པ་མ་ཟད། “མི་རིགས་རིག་གནས+སྐྱེ་ཁམས་གནས་སྐོར+གསར་བརྗེའི་རིག་གནས” མཉམ་འདྲེས་འཕེལ་རྒྱས་ཀྱི་འཚོལ་ཞིབ་ཅིག་དང་། ལ་གཞས་ཀྱི་ཕ་ས་ཞེས་པའི་མིང་རྟགས་ལ་བརྟེན་ནས་རིག་གནས་གནས་སྐོར་འཕེལ་རྒྱས་གཏོང་བའི་བྱེད་ཐབས་ནུས་ལྡན་ཞིག་ཀྱང་ཡིན།

DSC_3458.JPG

ཐེངས་འདིའི་འདུ་འཛོམས་འདི་ནི། ཀྲུང་གུང་མཚོ་བྱང་ཁུལ་ཨུ་དང་མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བཅས་ཀྱིས་གཙོ་སྒྲུབ་བྱས་ཤིང་། མཚོ་བྱང་ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུ་དང་། མཚོ་བྱང་ཁུལ་ཨུའི་དྲིལ་སྒྲོག་པུ། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་བརྙན་སྦྱོར་ལྟེ་གནས། མཚོ་བྱང་ཁུལ་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་། མཚོ་བྱང་ཁུལ་རིག་ལུས་གནས་སྐོར་རྒྱང་བརྙན་ཅུ། མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས་བཅས་ཀྱིས་འགན་སྒྲུབ་བྱས་པ་ཡིན། འདུ་འཛོམས་སྟེང་དུ་ཁུལ་ཨུའི་རྒྱུན་ཨུ་དང་འཐབ་ཕྱོགས་གཅིག་གྱུར་པུའི་པུ་ཀྲང་། ཁུལ་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ་སངས་རྒྱས། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་མ་རུའུ་ཞང་། ཁུལ་དམངས་ཆེན་གྱི་ཀྲུའུ་རིན་གཞོན་པ་ཝང་ཞིང་ཧུའེ། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཞོ་རོས་ཞིན། ཁུལ་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་ཧོ་ཏེ་ལུང་། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་མགོ་གཙོ་གཞོན་པ་ཏའེ་ཅིན། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་སྨྱན་སྦྱོར་ལྟེ་གནས་ཀྱི་ཀྲུའུ་རིན་དབང་གྲགས་ཚེ་རིང་བཅས་ཞུགས་ཡོད།

03.JPG

04.JPG


མཉམ་སྤྱོད།