དེ་རིང་ནི2025ལོའི་ཟླ08པའི་ཚེས14ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་གྱི་ཕུལ་བྱུང་རྩལ་ནུས་ཤེས་ལྡན་མི་སྣ69ཡིས་མཉམ་དུ“བཟོ་བོའི་གཟི་བརྗིད”འགྲན་རྩོད་བྱས།

2025-08-14 10:22:38   |   109

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ8པའི་ཚེས12ཉིན། མཚོ་བྱང་ཁུལ་གྱི་ལས་རིགས་རྩལ་ནུས་འགྲན་བསྡུར་ཆེ་མོ་དང་ལག་ཤེས་བཟོ་རྩལ་མི་སྣའི་བརྩམས་ཆོས་འགྲེམས་སྟོན་དཔྱད་འདེམས་བྱེད་སྒོ་མཚོ་བྱང་ཁུལ་སྤྱི་པའི་ལས་རིགས་རྩལ་ནུས་དངོས་སྦྱོང་རྟེན་གཞིར་སྤེལ། ཁུལ་ཡོངས་ཀྱི་ས་གནས་ཁག་གི་ཕུལ་བྱུང་རྩལ་ནུས་ཤེས་ལྡན་མི་སྣ69འགྲན་བསྡུར་ནང་ཞུགས་ནས་རྩལ་ནུས་མངོན།

ད་ཐེངས་ཀྱི་འགྲན་བསྡུར་ཆེ་མོ་དེ་ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུ་དང་། ཁུལ་སྤྱི་ཁྱབ་བཟོ་ཚོགས། ཧྲན་ཏུང་གི་ཁ་གཏད་མཚོ་སྐྱོར་ལས་བྱེད་པའི་དོ་དམ་ཚོགས་ཆུང་། ཁུལ་རིག་ལུས་གནས་སྐོར་རྒྱང་བརྙན་ཅུ། ཁུལ་སློབ་གསོ་ཅུ་བཅས་ཀྱིས་གཙོ་གཉེར་བྱས་པ་དང་། “གཟུགས་མེད་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་། རྩལ་ནུས་ཀྱི་ཉམས་འགྱུར་མངོན་པ། བཟོ་བོའི་ཕུགས་འདུན་སྒྲུབ་པ”བཅས་བརྗོད་དོན་གཙོ་བོར་བྱས་ནས་འགྲན་བསྡུར་རྣམ་གྲངས་ཁག7བཀོད་སྒྲིག་བྱས་ཡོད་དེ། འཚེམ་དྲུབ་དང་། ཀོ་བའི་ལག་ཤེས། བརྐོས་རིས། བྱིས་གཉོར། ཁམས་གསོ། རྒྱ་ཟས་སོགས་ཚུད་ཡོད། འགྲན་བསྡུར་གྱི་རྣམ་གྲངས་དེ་དག་གིས་མཚོ་བྱང་གི་ཁྱད་ལྡན་ཐོན་ལས་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་ཟུང་འབྲེལ་དམ་ཟབ་བྱས་ཡོད་ཅིང་། སྲོལ་རྒྱུན་ལག་ཤེས་རྒྱུན་འཛིན་ལ་གཙིགས་ཆེན་བྱས་ཡོད་པ་མ་ཟད། གསར་དར་ལག་རྩལ་གྱི་ཉེར་སྤྱོད་ལའང་དོ་སྣང་བྱས་ཡོད་པས། དངོས་སྤྱོད་རང་བཞིན་དང་དུས་རབས་རང་བཞིན་གང་ལེགས་མངོན་ཡོད། འགྲན་བསྡུར་ཆེ་མོ་དེ“ས་གནས་ས་ཐོག་གི་འགྲན་བསྡུར་དང་བརྩམས་ཆོས་འགྲེམས་སྟོན་དཔྱད་འདེམས”ཀྱི་བྱེད་སྟངས་བརྒྱུད་ནས་སྤེལ་ཡོད། འགྲན་བསྡུར་ཆེན་པོ་དེ་མཚོ་བྱང་ཁུལ་སྤྱི་པའི་ལས་རིགས་རྩལ་ནུས་དངོས་སྦྱོང་རྟེན་གཞི་དང་། ཁུལ་ལས་རིགས་སློབ་གྲྭ། འཇུ་ལག་རྫོང་བཅས་སུ་སྤེལ་བ་དང་ལག་ཤེས་བཟོ་རྩལ་མི་སྣའི་བརྩམས་ཆོས་འགྲེམས་སྟོན་དེ་མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་གི་ཐང་ཆེན་དུ་གཉེར་ཡོད་ཅིང་། ཁྱབ་ཁོངས་མི་འདྲ་བའི་རྩེར་སོན་ལག་རྩལ་དང་གསར་གཏོད་གྲུབ་འབྲས་གང་ལེགས་མངོན་པར་བྱས་ཡོད།

ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་རྩལ་ནུས་འགྲན་བསྡུར་ཆེ་མོ་བདེ་བླག་ངང་གཉེར་བ་ནི་ཁུལ་ཡོངས་ཀྱི་རྩལ་ནུས་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་དང་། རྫོང་ཁག་གི་རྩལ་ནུས་ཤེས་ལྡན་པ་གསོ་སྐྱོང་གི་ཉམས་མྱོང་དང་བྱེད་ཐབས་སྤེལ་རེས་དང་ཁྱབ་གདལ་བཏང་བ་མ་ཟད། ལས་རིགས་རྩལ་ནུས་གསོ་སྦྱོང་གི་གྲུབ་འབྲས་ཀྱང་མངོན་པར་བྱས་པས་འགྲན་བསྡུར་ལ་བརྟེན་ནས་སློབ་སྦྱོང་ལ་སྐུལ་འདེད་གཏོང་བ་དང་། འགྲན་བསྡུར་ལ་བརྟེན་ནས་སྦྱོང་བརྡར་ལ་སྐུལ་འདེད་གཏོང་བའི་དམིགས་ཡུལ་མངོན་འགྱུར་བྱུང་ཡོད་ལ། ངལ་རྩོལ་ལ་བརྩི་འཇོག་དང་། ཤེས་བྱར་བརྩི་འཇོག ཤེས་ལྡན་མི་སྣར་བརྩི་འཇོག རྩལ་ནུས་ལ་བརྩི་འཇོག་བྱེད་པའི་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་བསྐྲུན་ཡོད།


མཉམ་སྤྱོད།