དེ་རིང་ནི2025ལོའི་ཟླ08པའི་ཚེས26ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་མཛེས་པའི་རྒྱན། ཁ་དོག་སྣ་ལྔའི་སྨོན་ལམ་མཐོན་པོ།

2025-08-25 16:50:41   |   223

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


མཚོ་སྔོན་མཚོ་བྱང་ཁུལ་ལ“དག་སྣང་མཚོ་བྱང·མདོག་ལྔའི་གཡང་ས”ཞེས་པའི་མཚན་སྙན་ཡོད། ཡུལ་གྲུ་དེ་གར་དམར་མདོག་དང་གསེར་མདོག མཐིང་མདོག ལྗང་མདོག དངུལ་མདོག་བཅས་ཀྱིས་གྲུབ་པའི་རི་བོ་ཞིག་ཡོད་ཅིང་དེའི་མིང་ལ་སྨོན་ལམ་མཐོན་པོ་ཟེར། སྨོན་ལམ་མཐོན་པོ་ནི་ལོ་རྒྱུས་ཀྱི་དན་རྟགས་ཤིག་དང་། དམངས་ཀྱི་རེ་བ་བཅོལ་ས། དམངས་ཁྲོད་ཀྱི་ངག་རྒྱུན་དར་ས། ཡིད་ཀྱི་ངལ་དུབ་སེལ་སའི་གནས་མཆོག་ཅིག་ཡིན།

དམར་མདོག་གི་སྨོན་ལམ་མཐོན་པོ། མི་རིགས་ཀྱི་ལ་རྒྱ་འཁྲུངས་ས།

སྨོན་ལམ་མཐོན་པོའི་མདོག་ནི་དམར་པོ་ཡིན་ཏེ། སྨོན་ལམ་མཐོན་པོའི་མགོར་འགོས་ཚེ་ཀྲུང་གོའི་གནམ་ས་འགུལ་བའི་གསར་བརྗེའི་ལོ་རྒྱུས་སྙན་རྩོམ་རིང་མོ་ཞིག་གི་ནང་དུ་འཛུལ་བ་དང་མཚུངས། འདི་ནི་དེ་སྔ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉིང་རྡུལ་མཚོན་ཆ་ཞིབ་བཟོའི་རྟེན་གཞི་དང་པོའི(221བཟོ་གྲྭ)རང་བྱུང་སྲུང་ཡོལ་ཞིག་ཡིན་ལ། ས་བབ་མཐོ་ཚད་ལ་སྨི4024ཡོད་པའི་འཐབ་ཇུས་ཀྱི་མཐོ་ས་ཞིག་ཡིན་པ་མ་ཟད། དམག་སྤྱིའི་རྐང་རྗེས་ཀྱིས་གྲུབ་པའི་སྙིང་སྟོབས་ཀྱི་མཁའ་ལམ་ཞིག་ཀྱང་ཡིན། 1966ལོའི་ཟླ3པའི་ཚེས30ཉིན། བློ་མཐུན་ཏེང་ཞའོ་ཕིན221བཟོ་གྲྭར་ཕེབས་ནས་གཟིགས་ཞིབ་གནང་སྐབས། རི་སྟེང་གི་འཐབ་མོ་བ་རྣམས་ལ“སྒྲོན་མེ”མ་གཏོགས་གློག་མེད་པ་མཐོང་སྟེ། འཕྲལ་མར་གློག་གི་དཀའ་གནད་ཐག་གཅོད་བྱེད་དགོས་པའི་མཛུབ་སྟོན་གནང་། ཉེ་རུང་ཀྲེན་དང་། ཀྲང་ཨའེ་ཕིན། ཁྲེན་ཧྲི་ཆུས་སོགས་དམག་སྤྱི་དངོས་སུ་སྨོན་ལམ་མཐོན་པོར་ཕེབས་ཏེ་གསེར་དངུལ་ཐང་སྲུང་སྐྱོབ་ཐད་བཀོད་འདོམས་གནང་མྱོང་ལ། དེ་ནི་ཉིང་རྡུལ་བྱ་བཞག་ལ་སྲུང་སྐྱོབ་བྱེད་པའི་གཏོར་མི་ཐུབ་པའི་སྲུང་ཡོལ་ཞིག་ཡིན།  དཔོན་དམག་ཁྲི་གཉིས་ཙམ་དེ་གར་བཅའ་སྡོད་བྱེད་མྱོང་བ་དང་། གནམ་སྒྱོགས་མང་པོ་དང་ལེ་ཏས་ཉིན་མཚན་མེད་པར་སྲུང་བཞིན་ཡོད་པས། “མདེལ་གཉིས་སྐར་གཅིག”གི་བྱ་གཞག་སྲུང་མཁན་གྱི་སྲ་ཞིང་བརྟན་པའི་བར་སྣང་གི་ལྕགས་རི་རིང་པོ་ཞིག་ཡིན།

སྨོན་ལམ་མཐོན་པོའི་དེ་སྔའི་མཁའ་དམག་གནམ་སྒྱོགས་ཧྲི་བཅུ་གཉིས་པ་དང་། ཧྲི་བཅུ་གསུམ་པ། ཧྲི་དང་པོ་བཅས་ཀྱི་དམག་སྒར་གྱི་ལོ་རྒྱུས་ཀྱི་རྣམ་པ་སྔར་བཞིན་མིག་ལམ་དུ་ཤར་ཡོང་། རི་འདབས་སུ་སྨོན་ལམ་མཐོན་པོའི་མཁའ་དམག་མཐོ་སྒྱོགས་ཧྲིའི་བཤམས་སྟོན་ཁང་དང་དམག་སྒར་བཅུ་གཉིས་པའི་གནས་རྙིང་ཡོད། རིག་དངོས་ལོ་རྒྱུས་བཤམས་སྟོན་བྱས་པར་བརྟེན་སྐབས་དེའི་ལོ་རྒྱུས་བསྐྱར་དུ་མངོན་ཡོད།

དུས་རབས་གོང་མའི་ལོ་རབས50པར་གསར་འགོད་པ་གྲགས་ཅན་ཀྲུའུ་ཏིང་སྨོན་ལམ་མཐོན་པོར་ཕེབས་ནས་བོད་རིགས་ཀྱི་ལ་གཞས་འཚོལ་བསྡུ་བྱས། བོད་ཀྱི་ལ་གཞས་ལ་དཔེ་བལྟས་ཏེ་གླུ་གཞས་གྲགས་ཅན《གསེར་བུམ་དང་འདྲ་བའི་རི་བོ་ཆུང་ཆུང》ཞེས་པ་བརྩམས།“ གསེར་བུམ་དང་འདྲ་བའི་རི་བོ་ཆུང་ཆུང་སྟེང་དུ་དགོན་པ་མེད་ཀྱང་། མཛེས་སྡུག་གི་ཡུལ་ལྗོངས་ཀྱིས་ངའི་སེམས་པ་དྲངས། མེ་ལོང་ལྟ་བུའི་ནུབ་མཚོའི་ནང་དུ་འབྲུག་ཆུང་མེད་ཀྱང་། སྔོ་ཞིང་དྭངས་པའི་མཚོ་མོས་ངའི་ཡིད་སེམས་འཕྲོག པེ་ཅིན་གྲོང་ཁྱེར་གྱི་མའོ་ཀྲུའུ་ཞི་ལ་མཇལ་མ་མྱོང་མོད། ཁྱེད་ཀྱིས་ང་ལ་གནང་བའི་དྲོ་སྐྱིད་དེ་ནམ་ཡང་ངའི་གམ་དུ་གནས……”ཞེས་པའི་དབྱངས་རྟ་སྙན་མོས་མཚོ་སྔོན་པོ་སྨོན་ལམ་མཐོན་པོའི་མཛེས་པ་གླུ་རུ་བླངས་ཡོད།

གསེར་མདོག་གི་སྨོན་ལམ་མཐོན་པོ། ལྷ་ཀླུ་གཞི་བདག་འཛོམས་སའི་གནས་མཆོག

སྨོན་ལམ་མཐོན་པོ་ནི་གསེར་མདོག་ཡིན་ཏེ། གནས་དེའི་ཡུལ་མི་རྣམས་ཀྱི་གནས་རི་ཁྱད་པར་ཅན་དང་། ལྷ་སྒྲུང་གི་བང་མཛོད་ཅིག་ཡིན། དེ་དག་གིས་གནས་རི་འདི་ལ་སྔར་ལས་ལྷག་པའི་བཀྲག་མདངས་ཤིག་བསྣན་ཡོད། 《མདོ་སྨད་ཆོས་འབྱུང》ནང་བཀོད་པ་ལྟར་ན། སྨན་ཨ་ནེ་གོང་སྨན་རྒྱལ་མོས་མཚོ་ཆེན་ཁྲི་ཤོར་རྒྱལ་མོ་འདི་འཕྱུར་བའི་སྐབས་སུ་ཕྱོགས་སྐྱོང་བཞིའི་ནང་དུ་མོ་བློན་གཅིག་ཡོད་པ་དེ་མཚོ་སྔོན་པོའི་ཤར་ཕྱོགས་ཀྱི་དུད་ཁྱིམ་ཁྲི་སྡེ་མང་པོ་ལ་མགོན་དང་སྐྱབས་སུ་མངགས་ཤིང་། མོ་བློན་དེ་ནི་ཕྱོགས་སྐྱོང་བཞིའི་ནང་གི་ཤར་ཕྱོགས་སྐྱོང་བའི་བློན་པོ་ཡིན། མི་རྣམས་ཀྱིས་བློན་པོ་འདིའི་བཀའ་དྲིན་མི་རབས་ནས་མི་རབས་སུ་མི་བརྗེད་པའི་ཕྱིར་མོ་བློན་དེ་གནས་རི་འདིར་གནས་ཡོད་པའི་ངག་རྒྱུན་ཁྱབ་ཡོད། དམངས་ཁྲོད་དུ་ངག་རྒྱུན་གཞན་ཞིག་ཡོད་པ་ནི། གནའ་བསྐལ་པ་མ་ཆགས་པའི་ཡར་སྔོན་ཞིག་ལ། གནས་རི་མོ་བློན་མཐོན་པོ་འདི་ནི་ད་ལྟའི་མཐོ་ཚད་འདི་འདྲ་ཞིག་མ་ཡིན་པར་མཐོ་བ་ཨ་སྔོན་དབྱིངས་སུ་ཟུག་པའི་རི་བོ་ཤིན་ཏུ་མཐོ་ཞིང་བརྗིད་པ་ཞིག་ཡིན་ཟེར། ཉིན་ཞིག་ལ་བྱ་རྒྱལ་ཁྱུང་ཆེན་ཞིག་གིས་སེམས་ཅན་ཀུན་ལ་གནོད་བྱེད་པའི་དུག་སྦྲུལ་ནག་པོ་ཞིག་བཟུང་སྟེ་འཕུར་ནས་ས་ཆ་འདིར་སླེབས་པ་ན། ཤིན་ཏུ་ངལ་ཞིང་དུབ་ནས་མོ་བློན་མཐོན་པོ་རིའི་སྟེང་བབས་ཏེ་ངལ་གསོས་པ་རེད། བྱ་རྒྱལ་ཁྱུང་ཆེན་དང་སྦྲུལ་ནག་གཉིས་ཧ་ཅང་ལྕི་བས་རི་ཆེན་དལ་གྱིས་མར་ཆགས་ནས་ད་ལྟའི་མཐོ་ཚད་འདི་ལྟ་བུར་གྱུར། བྱ་རྒྱལ་ཁྱུང་ཆེན་གྱིས་རི་ཉིལ་བཞིན་པ་མཐོང་ནས་སླར་ཡང་གཤོག་རྡེབ་ཅིག་གིས་ཡར་འཕུར་ཅིང་སྦྲུལ་ནག་ཐང་དུ་འཕངས། ཁོ་རང་འཕུར་ནས་ད་ལྟའི་ཨ་མྱེས་བུ་རྒོད་ཡོད་སའི་གནས་འདི་ནས་ཐང་ལ་བབས་ཤིང་ཕྱིས་སུ་ཨ་མྱེས་བུ་རྒོད་ཀྱི་རི་འདི་རུ་གྱུར་པ་དང་། སྦྲུལ་ནག་དེ་ད་ལྟའི་སྦྲུལ་ནག་ཐུར་རྒྱུག་སྣ་ཁ་འདི་རུ་གྱུར་ཅེས་བཤད་སྲོལ་ཡོད།

གནས་རི་འདི་ལོ་རྒྱུས་ཀྱི་དན་རྟགས་གལ་ཆེན་ཞིག་ཀྱང་ཡིན་ཏེ། དམངས་ཁྲོད་ཀྱི་ངག་རྒྱུན་ལྟར་ན། སྨོན་ལམ་མཐོན་པོ་རི་བོ་བཅུ་གསུམ་གྱིས་མཐའ་སྐོར་ཡོད་ཅིང་། རི་བོ་རེ་རེར་ངག་རྒྱུན་རེ་ཡོད། རི་མགོ་རུ་གེ་སར་བཞུགས་ཁྲི་དང་གེ་སར་རྟ་རྗེས། ཀླུ་མོས་མཚོ་གཟིགས་གནང་སའི་རྗེས་ཤུལ་སོགས་ཡོད། རྡོའི་ཁྲ་རིས་རེ་རེ་ལས་དགྲ་ལྷས་དམག་གྲོས་བྱེད་བཞིན་པའི་སྐབས་དེའི་ཟིལ་ཤུགས་མཐོང་བ་ལྟར་སྣང་། ད་དུང་འབྲུག་མོ། སྣང་ས་འབུམ་སྐྱིད། ཨ་སྟག་ལྷ་མོ་གསུམ་གྱིས་ཕྱུགས་འཚོ་བཞིན་གེ་སར་བསུ་མ་བྱེད་པ་དང་། ལུག་ཁྱུ་སྐར་ཚོགས་ལྟར་བཀྲ་བ་སོགས་ཀྱི་ངག་རྒྱུན་དག་ཀྱང་ད་ལྟར་རྡོ་རེ་རེར་གྱུར་ཏེ་ལོ་རྒྱུས་ལ་དན་རྟགས་བྱེད་བཞིན་ཡོད། གཞན་ཡང་གླིང་གི་དཔལ་རྟུལ་ཁྲ་གླག་སྤྱང་གསུམ་གྱིས་གེ་སར་ལ་བསུ་མ་བྱས་པ་སོགས་ཀྱི་ངག་རྒྱུན་གྱིས་གེ་སར་རིག་གནས་ཀྱི་མཛེས་པ་ཞིག་ཀྱང་བསྣན་འདུག

ངག་རྒྱུན་ལས་ཕྱིར་ལོ་རྒྱུས་སུ་འཕྲོས་ན། འབྲེལ་ཡོད་ལོ་རྒྱུས་ཡིག་ཆ་ལྟར་ན། ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ་དང་ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ་སྔ་རྗེས་སུ་སྨོན་ལམ་མཐོན་པོར་ཕེབས་ཏེ་མཚོ་གཟིགས་གནང་མྱོང་བ་དང་། པཎ་ཆེན་སྐུ་ཕྲེང་བཅུ་པ་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་མཚན1948ལོ་དང་། 1957ལོ །1980ལོ་བཅས་ལ་སྔ་རྗེས་སུ་སྨོན་ལམ་མཐོན་པོར་ཕེབས་ཏེ་མཆོད་གསོལ་དང་ལ་བཙས་བསྟད་མྱོང་ལ། སྨོན་ལམ་མཐོན་པོ་ནི“གཏེར་མཛོད”ཅིག་ཡིན་ཞེས་བསྟོད་བསྔགས་གནང་མྱོང་། ལཱ་མོ་ཡོངས་འཛིན་གྱིས་སྨོན་ལམ་མཐོན་པོའི་ལ་བཙས་ལ«བརྩི་བསང་དགོས་འདོད་ཀུན་འབྱུང»བརྩམས་གནང་མཛད། དེ་ནས་བཟུང་མི་རྣམས་ཀྱིས་སྨོན་ལམ་མཐོན་པོའི་ལ་བཙས(རྗེས་སུ་པཎ་ཆེན་ལ་བཙས་ཀྱང་ཟེར)མཆོད་ཅིང་བསྟད་དེ་མི་ལ་ན་ཚ་མེད་པ་དང་། ཕྱུག་ལ་གོད་ཁ་མེད་པ། ཡོད་ཚད་ལྷུན་གྱིས་འགྲུབ་པའི་སྨོན་ལམ་རྒྱག་བཞིན་ཡོད་ཅིང་། ལོ་རེའི་དབྱར་ཁར་སྨོན་ལམ་མཐོན་པོའི་འདབས་སུ་རྒྱལ་ཁབ་རིམ་པའི་གཟུགས་མེད་ཤུལ་བཞག་རིག་གནས་ཏེ་མཚོ་སྔོན་པོའི་མཚོ་བསྟོད་མཛད་སྒོའང་གཟབ་རྒྱས་ངང་འཚོགས་བཞིན་ཡོད།

གསེར་མདོག་གི་སྨོན་ལམ་མཐོན་པོ་ནི་ལྷ་སྒྲུང་གི་གོས་ཀྱི་གཡོག་པའི་གསེར་འོད་ལམ་ལམ་གྱི་མཛེས་པ་ཞིག་ཡིན་པ་མ་ཟད། སྤེན་མའི་མེ་ཏོག་དང་སྟག་མའི་མེ་ཏོག་གི་རྒྱ་མཚོ་ཞིག་ཀྱང་ཡིན་ཏེ། ཅའང་ཅུན་སྒང་ནི་མཚོ་སྔོན་གྱི་ཆེས་ཆེ་བའི་སྤེན་མའི་མེ་ཏོག་གི་རྒྱ་མཚོའི་གྲས་ཤིག་ཡིན། ས་སྲོད་ཀྱི་དུས་སུ། རི་རྩེ་ནས་ནུབ་རིའི་ཉི་མར་གཟིགས་ཚེ། སྤྲིན་གྱི་རྒྱ་མཚོའི་སྟེང་དུ་གསེར་འོད་ལམ་ལམ་གྱི་ཚགས་རྒྱན་སྤྲས་ཡོད།

3.jpg

4.jpg

མཐིང་མདོག་གི་སྨོན་ལམ་མཐོན་པོ། མཚོ་སྔོན་པོར་མཚོ་གཟིགས་གནང་སའི་གནས་མཆོག

སྨོན་ལམ་མཐོན་པོ་ནི་མཐིང་མདོག་ཡིན་ཏེ། “མཚོ་སྔོན་པོ་ལག་མཐིལ་ལེན་ས། སྨོན་ལམ་མཐོན་པོ་ལས་ནི་གཞན་མ་མཆིས” ཞེས་གནས་སྐོར་བ་རྣམས་ཀྱི་ངག་ཏུ་གྲགས། གཏམ་དེ་ནི་དྲང་གཏམ་ཡིན་ཏེ། སྨོན་ལམ་མཐོན་པོའི་རི་རྩེ་ནས་ “མཐོ་སྒང་གི་གཡུ་ཡི་མཎྜལ”ཡི་ཡོལ་བ་ཕྱེས་ཏེ་མིག་ལམ་དུ་འཛུལ་ཡོང་། མཐིང་མདོག་གི་མཚོ་སྔོན་པོ་ནི་ཆུ་ཆེན་འུར་སྒྲ་ཆུང་ཞེས་པའི་དཔེ་བཞིན་དུ་སྒམ་ཞིང་ལྷིང་འཇགས་སེ་ཡོད་པ་དང་། ལྷད་མེད་དྭངས་གཙང་གི་ཉམས་ཤིག་ཀུན་ནས་མངོན།

མཚོ་སྔོན་ནི་མཚོ་སྔོན་པོར་བརྟེན་ནས་མིང་ཐོགས་པ་ཞིག་ཡིན་ལ། སྨོན་ལམ་མཐོན་པོ་ནི“རི་ཆུའི་མགོ་ཁུངས། རབ་མཛེས་མཚོ་སྔོན”གྱི་བསྡུས་གཟུགས་ཤིག་ཀྱང་ཡིན། མཚོ་སྔོན་པོའི་སྔོ་ཞིང་དྭངས་པ་ནི་གངས་ཆུ་ལྷད་མེད་ལས་འཁྲུངས་པ་ཞིག་ཡིན་ལ། སྐྱེ་ཁམས་སྲུང་ཡོལ་ལ་སྲུང་སྐྱོང་བྱས་པའི་ཉིང་བཅུད་ཅིག་ཀྱང་ཡིན། ནུབ་རྒྱུད་ཀྱི་ཐང་རྒོད་ཅན་འགོག་བྱེད་ཀྱི་རང་བྱུང་སྲུང་ཡོལ་ཡིན་པའི་ངོས་ནས། མཚོ་སྔོན་པོར“ཆུ་དང་ཉ། བྱ”བཅས་ཀྱི་སྐྱེ་ཁམས་མ་ལག་དེ་ཆགས་ཡོད། དེ་ཡིས་འདབ་ཆགས་རིགས225འཚོ་སྡོད་ཀྱི་སྲུང་ཡོལ་མཁོ་འདོན་བྱས་ཡོད་ཅིང་། ཙོང་ཉ་ཏུན་ཁྲི12.75ཡི་ཚེ་སྲོག་གི་རྒྱུན་ཐག་བསྲིངས་ཡོད།

འདི་ནི་རྒྱལ་སྤྱིའི་རྐང་འཁོར་ལུས་རྩལ་གྱི་གནས་མཆོག་སྟེ། སྐབས་ཉེར་བཞི་པའི་རབ་མཛེས་མཚོ་སྔོན་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་འགྲན་བསྡུར་གྱི་རྩེར་སོན་འགྲན་བསྡུར་དུམ་བུ་འདིར་སྤེལ་ཡོད། 2025ལོའི་མཚོ་སྐོར་འགྲན་བསྡུར་མཇུག་འགྲིལ་སྐབས་གོ་ལ་ཧྲིལ་པོའི་རྐང་འཁོར་གཏོང་མཁན་གྱིས་གློ་བུར་དུ་མཐོང་བའི་མཐིང་མདོག་གི་མཚོ་སྔོན་པོ་དེ་འགྲན་བསྡུར་ལོ་རྒྱུས་ཐོག་བརྗེད་པར་དཀའ་བའི་རྣམ་པ་ཞིག་ཏུ་གྱུར་ཡོད། སྨོན་ལམ་མཐོན་པོ་ནས་མཚོ་སྐོར་འགྲན་བསྡུར་གྱི་སྨོན་ལམ་མཐོན་པོ་སྐོར་བའི་མཇུག་མཐའི་འགྲན་སྡུར་དང་མཇུག་འགྲིལ་མཛད་སྒོ་གཟབ་རྒྱས་གཉེར་འགན་འཁུར་བ་དང་། གོ་ལ་ཧྲིལ་པོའི་རྐང་འཁོར་མཁན་རྩེ་གྲ་དེ་གར་གློག་ལྟར་རྒྱུག་པ་དང་ལྟད་མོ་བ་ཁྲི་ཕྲག་མང་པོས་མཚོ་སྔོན་པོར་གཟིགས། མཚོ་བྱང་གིས་དུས་བཞིའི་སྐྱེ་ཁམས་གནས་སྐོར་བྱ་ཡུལ་འབད་པས་གཏོད་བཞིན་ཡོད་དེ། མཚོ་མོའི་དར་ཁ་འབྱེད་པ་དང་བྱ་གཟིགས་དུས་ཚིགས། གསེར་ཉ་ཡར་འགྲོ་སོགས་ཚང་མ་སྨོན་ལམ་མཐོན་པོའི་མཐིང་མདོག་གི་གནས་མཆོག་འདི་ལས་འཁྲུངས།

བོད་རིགས་ཀྱི་སྲོལ་རྒྱུན་གོམས་སྲོལ་ཁྲོད། རྟ་ལོར་གངས་སྐོར་དང་ལུག་ལོར་མཚོ་སྐོར་བྱེད་པའི་སྲོལ་ཡོད། མཚོ་སྔོན་པོ་ནི་བླ་མཚོ་ཡིན་པའི་ངོས་ནས་མཆོད་གསོལ་བྱེད་ས་གལ་ཆེན་ཞིག་ཡིན། སྨོན་ལམ་མཐོན་པོ་ནི་གནས་རི་ཞིག་ཡིན་པའི་ངོས་ནས་གནས་སྐོར་ལ་དོན་སྙིང་གཞན་ཞིག་ཀྱང་བསྣན་ཡོད། མཚོ་སྐོར་གནས་སྐོར་བྱེད་པ་ནི་ལེགས་ཚོགས་ལྷུན་གྱིས་འགྲུབ་པའི་སྨོན་ལམ་ཞིག་ཡིན་ལ། དེ་ནི་བོད་ཀྱི་རིག་གནས་ཁྲོད་ཀྱི་རང་བྱུང་དད་མོས་དང་དེའི་ལག་ལེན་གྱི་མཚོན་རྟགས་གལ་ཆེན་ཞིག་ཡིན།

ལྗང་མདོག་གི་ཁྱམས་རིང་། ཚེ་སྲོག་གི་འབྱུང་ཁུངས། 

སྨོན་ལམ་མཐོན་པོ་ནི་ལྗང་མདོག་ཡིན་ཏེ། མ་གཞི་ནས་མཐོ་གྲང་སྤང་རྩྭའི་རིགས་སུ་གཏོགས་པ་དང་། སྔོ་ལྗང་མེར་ཡོད་པ་ནི་སྨོན་ལམ་མཐོན་པོའི་གཞི་མདོག་ཡིན། གཞི་མདོག་དེ་འདྲའི་སྟེང་དུ་ན་ཁུག་ཆུང་ཆུང་བགྲང་ལས་འདས་པ་ཡོད་ལ། དེ་དག་ནི་མེ་ལོང་ཞིག་དང་འདྲ་བར་ནམ་ཡང་དེ་གར་ཡོད་པས། སྨོན་ལམ་མཐོན་པོའི་རྩྭ་ཆུ་འཛོམས་ཤིང་ལོངས་སྤྱོད་རྫོགས་པའི་མཚོན་རྟགས་ཤིག་ཡིན། སྨོན་ལམ་མཐོན་པོའི་རི་རྩེ་ནས་བྱང་ཕྱོགས་སུ་གཟིགས་ཚེ། གསེར་དངུལ་ཐང་ནི་ཡངས་ཤིང་རྒྱ་ཆེ་ལ། 《མདོ་སྨད་ཆོས་འབྱུང》སུ་དེ་ལ“དཀར་ཐང་མར་ཁུའི་མཚོ་མོ”ཞེས་བཀོད་ཡོད་ཅིང་། རྩྭ་ཆུ་འཛོམས་ཤིང་ཕྱུགས་ཁ་འཕེལ་བས་མིང་དེ་ལྟར་ཐོགས་པ་ཡིན་པ་མ་ཟད། ཀྲུང་གོའི་ནུབ་རྒྱུད་ཀྱི་ལོ་རྒྱུས་དང་རིག་གནས་གཉིས་འཛོམས་ཀྱི་གནས་མཆོག་ཅིག་ཡིན་ཏེ། གླུ་གཞས་གྲགས་ཅན《རྒྱང་ཐག་རིང་བའི་གནས་དེ་ན》རྩོམ་ས་དང་། ཀྲུང་གོའི་ཉིང་རྡུལ་མཚོན་ཆ་དང་པོ་ཞིབ་བཟོའི་རྟེན་གཞི་དང་སྐོར་ཁག་དང་པོའི་རྒྱལ་ཡོངས་གསར་བརྗེའི་རྩྭ་ཐང་ཡིན་པས་སྐད་གྲགས་ཕྱོགས་བཞིར་ཁྱབ་ཡོད། རི་རྩེ་ནས་ལྷོ་ཕྱོགས་སུ་གཟིགས་ན་མཚོ་སྔོན་མོའི་གཡུ་ཡི་རླབས་ཕྲེང་རྩེན་པ་དང་། བྱང་ཕྱོགས་སུ་གཟིགས་ན་མ་རྡུལ་མཁར་གྱི་ལོ་རྒྱུས་དྲན་སེ་དྲན། ཤར་ཕྱོགས་སུ་གཟིགས་ན་བྱེ་མ་ལ་བདུན་སེར་ལམ་ལམ། ནུབ་ཕྱོགས་སུ་གཟིགས་ན་མཚོ་སྙིང་མ་ཧཱ་དེ་བ་ལྷིང་ཞིང་བརྗིད།

ཅའང་ཅུན་སྒང་གི་སྤེན་མ་དང་སྟག་མའི་མེ་ཏོག་གི་གསེབ་ནས་རྐང་ཐང་དུ་སོང་ཚེ། འཕྱི་བས་ལྐོག་ནས་ཡང་ཡང་ལྟ་བ་དང་། ཤ་བ་སེར་ཆེན་དང་དགོ་དམར་རྒྱུན་དུ་མཐོང་། མཁའ་དབྱིངས་སུ་རྒྱུ་བའི་ཐང་དཀར་གྱིས་གཤོག་རྩལ་ངོམ། ས་སྲོད་ཀྱི་དུས་སུ། སྨོན་ལམ་མཐོན་པོའི་སྒར་ཁའི་མཁའ་དབྱིངས་གྲུ་ཚང་དུ་བསྡད་ཚེ་དེ་ལས་ཀྱང་མཛེས་པ་སྣ་ཚོགས་ཉམས་སུ་ལེན་ཐུབ། རི་འདབས་ཀྱི་བྱེ་ས་བཅོས་སྐྱོང་ས་ཚིགས་ཀྱི་ལྗང་མདོག་དེ་མཐོང་ཚེ་མཚོ་བྱང་ནི“མཚོ་སྔོན་པོའི་བྱང་ངོགས་ཀྱི་སྐྱེ་ཁམས་སྲུང་མཁན”ཡིན་པ་བདེན་དཔང་བྱེད་ཐུབ། མཚོ་བྱང་ཁུལ་གྱི་རང་བྱུང་སྲུང་སྐྱོབ་ས་ཆའི་རྒྱ་ཁྱོན་གྱི80%མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་དང་མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་གི་ཁོངས་སུ་ཚུད་ཡོད། རྩྭ་ཐང་ཁྱབ་ཚད་ཀྱིས69.71%ཟིན་ཡོད།

7.jpg

9.jpg

དངུལ་མདོག་གི་སྨོན་ལམ་མཐོན་པོ། གངས་འཁྱག་གི་ལྷིང་འཇགས་ཀྱི་ཡུལ་ཁམས།

སྨོན་ལམ་མཐོན་པོའི་མདོག་ནི་དངུལ་མདོག་ཡིན་ཏེ། དགུན་གྱི་དུས་སུ། སྨོན་ལམ་མཐོན་པོ་ནི་དངུལ་མདོག་གི་མཚར་སྡུག་འཇིག་རྟེན་ཞིག་ཡིན། དགུར་ཁར་རི་རྩེར་གངས་ཀྱིས་བཟུང་ཞིང་ཉི་འོད་འོག་ཏུ་འོད་ལམ་ལམ་འཚེར། མཚོ་སྔོན་པོ་ནི་དར་གྱིས་བཟུང་ཞིང་དཀར་ལེམ་ལེམ་བྱེད། བྱེ་གླིང་དང་མཚོ་སྙིང་ཡང་གཡུ་མདོག་གི་གོས་ཀྱིས་བཏུམ་ཡོད་པས་བྱིས་སྒྲུང་གི་འཇིག་རྟེན་ཞིག་དང་ཀུན་ནས་མཚུངས།

ཆེས་ངོ་མཚར་ཆེ་བ་ནི་མཚོ་མོའི་དར་ཁ་འབྱེད་པའི་དུས་ཡིན་ཏེ། ལོ་རེའི་ཟླ་བཞི་པའི་ཟླ་དཀྱིལ་དང་ཟླ་སྨད་དུ་འཁྱགས་རོམ་གྱིས་བསྡམས་པའི་མཚོ་སྔོན་པོ་དཔྱིད་ཀྱི་འབོད་སྒྲའི་འོག་རིམ་བཞིན་དར་ཁ་འབྱེད་པ་དང་། འབྱེད་སྟངས་ལའང་ཞི་དྲག་གཉིས་ཡོད། དར་ཁ་ཕྱེས་ཚེ་མཐོ་སྒང་འདི་གཉིད་ལས་སད་པ་ལྟར་ས་སྟེང་གི་སེམས་ཅན་ཡོད་ཚད་ལ་གསོན་ཤུགས་རྒྱས། དེ་ནི་མི་དང་རང་བྱུང་མཉམ་གནས་ཀྱི་གལ་ཆེའི་མཚོན་རྟགས་ཤིག་ཀྱང་ཡིན་ནོ། །

དངུལ་དཀར་གྱི་འཇིག་རྟེན་འདི་ནི་གངས་འཁྱག་དཔལ་འབྱོར་གྱི་གཏེར་ཡིན་ཏེ། སྨོན་ལམ་མཐོན་པོ་ནི་གངས་ཤུད་ཀྱི་གནས་མཆོག་ཏུ་འགྱུར་བར་འང་འབད་པ་བྱེད་བཞིན་ཡོད།

ཁ་དོག་སྣ་ལྔའི་སྨོན་ལམ་མཐོན་པོ་ནི་མཚོ་བྱང་གི་མུ་ཏིག་རྡོག་པོ་ཞིག་ཡིན་ལ། རང་བྱུང་དང་སྤྱི་ཚོགས་ཀྱི་རིག་གནས་སྣ་ཚོགས་མཉམ་དུ་འདྲེས་པའི་ལྷ་སྒྲུང་རིང་མོ་ཞིག་ཀྱང་ཡིན། གཞི་རྒྱུ་དམར་པོས་སྙིང་སྟོབས་བསྐྱེད་ལ། གསེར་མདོག་གི་ངག་རྒྱུན་ཁྲོད་སྨོན་ལམ་འདུས། མིག་ཟུང་སྔོན་པོའི་ནང་དུ་ཡངས་ཤིང་རྒྱ་ཆེ་བའི་མཚོ་མོ་ཤར། ལྗང་མདོག་གི་ཁྱམས་རིང་གིས་ཚེ་སྲོག་གི་རྒྱུན་ཐག་སྲུང་། དངུལ་མདོག་གི་ཡུལ་ཁམས་སུ་ཁ་བའི་མེ་ཏོག་ཉར། མདོག་དམར་པོས་ལ་རྒྱ་མཚོན་པ་དང་། གསེར་མདོག་གིས་དད་སེམས་མཚོན། མཐིང་མདོག་གིས་ལྷད་མེད་མཚོན། ལྗང་མདོག་གིས་སྐྱེས་སྟོབས་མཚོན། དངུལ་མདོག་གིས་རྟག་བརྟན་མཚོན།

མཚར་སྡུག་གི་ཡུལ་ཁམས་འདི་ཁ་དོག་སྣ་ལྔས་གྲུབ་པ་ནི་མི་ཚེའི་ཁམས་ལྔ་དང་མཚུངས་ལ། ཁྱེད་ནི་གསར་བརྗེའི་རྗེས་ཤུལ་འཚོལ་མཁན་གྱི་དཔའ་བོ་ཡིན་ནའང་འདྲ། གནའ་བོའི་ངག་རྒྱུན་འཚོལ་མཁན་གྱི་གནས་སྐོར་བ་ཡིན་ནའང་འདྲ། ཁྱེད་ནི་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་གྱི་ཁྲོད་དུ་སེམས་གཡེང་བྱེད་འདོད་པའི་གནས་སྐོར་བ་ཡིན་ནའང་འདྲ། ཡང་ན་བླ་མཚོར་མཚོ་སྐོར་དུ་ཡོང་བའི་དད་ལྡན་མང་ཚོགས་ཡིན་ནའང་འདྲ། ཡང་ན་གངས་འཁྱག་གི་རོལ་རྩེད་ལ་དགའ་མཁན་གྱི་དཔའ་ངར་ཞིག་ཡིན་ནའང་འདྲ། གང་ལྟར་ཁ་དོག་སྣ་ལྔའི་སྨོན་ལམ་མཐོན་པོས་ནམ་ཡང་ཁྱེད་ལ་བསུ་མ་བྱེད་ངེས།


མཉམ་སྤྱོད།