དེ་རིང་ནི2025ལོའི་ཟླ08པའི་ཚེས26ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

དག་སྣང་མཚོ་བྱང་། མཛའ་གཞས་ཀྱི་ཕ་ས།

2025-08-26 15:49:41   |   133

སྒྲིག་སྒྱུར། སངས་རྒྱས་སྐྱིད་དང་མཁའ་འགྲོ་མཚོ། ཡོང་ཁུངས། མཚོ་བྱང་མདོ་ལ་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


མཚོ་བྱང་ནི་མཛའ་གཞས་ཀྱི་ཕ་ས་ཡིན། མཚོ་སྔོན་པོའི་བྱང་ངོགས་དང་མདོ་ལ་རིང་མོའི་ལྷོ་འདབས་ཀྱི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་རི་ཆུའི་ཀློང་དུ་རྟག་བརྟན་འགྱུར་མེད་ཀྱི་བརྩེ་དུང་གི་སྙན་ངག་ཅིག་ཡོད། མི་རིགས་མང་པོ་མཉམ་འདྲེས་ཀྱི་ས་གཞི་འདིས་ས་སྟེང་ཁེབས་པའི་རྫི་གླུ་དང་། འགྱུར་མེད་ཀྱི་རི་རྒྱལ་ལྷུན་པོ། སྔོ་ཞིང་དྭངས་པའི་མཚེའུ་བཅས་ལ་བརྟེན་ནས་མི་སེམས་འགུལ་བའི་བརྩེ་དུང་གི་ངག་རྒྱུན་མང་པོ་ཞིག་སྐྱེད་སྲིང་བྱས་ཡོད། གསེར་དངུལ་ཐང་གི་རླུང་བུས་དར་ལྕོག་གཡོ་བ་དང་། མཚོ་སྔོན་པོའི་རླབས་ཀྱིས་བྱེ་མར་རྡེབ་སྐབས་མཛའ་གཞས་དེ་དག་ལོ་རྒྱུས་ལས་བརྒལ་ཏེ་ས་མཐོའི་ཉི་འོད་འོག་སླར་ཡང་གསོན་ཤུགས་རབ་ཏུ་འཕེལ།

རྟག་བརྟན་འགྱུར་མེད་ཀྱི་བརྩེ་དུང་།

སྨོན་ལམ་མཐོན་པོ་ནི་མཚོ་སྔོན་པོའི་ཕྱོགས་སྐྱོང་བཞིའི་གྲས་ཡིན་ལ། གླིང་གེ་སར་རྒྱལ་པོས་ཕྱོགས་བཞིར་གཡུལ་བཤམས་རྗེས་འགྲོ་བ་རིགས་དྲུག་ལ་སྐྱབས་འཇུག་ཞུ་སའི་གནས་ཀྱང་ཡིན། གནས་རི་དེ་མཚོ་སྔོན་པོའི་བྱང་ངོགས་སུ་འགྱིང་ངེར་གནས་པ་དང་། མཚོ་སྔོན་པོ་ལག་མཐིལ་དུ་ལེན་སའི་རི་རྩེ་གཅིག་པུ་ཡིན། རི་རྩེ་རྒྱུན་པར་སྨུག་པས་བཟུང་ཡོད། ངག་རྒྱུན་ལྟར་ན། སྨོན་ལམ་མཐོན་པོ་ནི་དཔའ་ངར་ལྡན་པའི་དགྲ་ལྷ་ཞིག་ཡིན་མོད། མཚོ་སྔོན་པོའི་ཀླུའི་སྲས་མོར་སེམས་པ་འཁོར་བས་ལྷ་ཁྲིམས་དང་འགལ་ནས་ཇི་སྲིད་བར་དུ་མཚོ་མོ་སྲུང་བའི་ཆད་པ་བཅད། སྲས་མོ་མཚོ་གཏིང་དུ་བཅུག དགྲ་ལྷ་རི་བོར་སྤྲུལ་ནས་ལུས་ཀྱིས་བྱང་ཕྱོགས་ཀྱི་བྱེ་རླུང་བཀག་པ་དང་། གངས་ཆུས་མཚོ་མོའི་ནང་གི་སེམས་ཅན་གསོས། དེ་ལྟར་ལོ་ངོ་སྟོང་ལ་སྲུང་སྐྱོབ་བྱས་ཤིང་ཁོང་གི་མིག་ཆུ་ཆུ་ཕྲན་དུ་གྱུར་ནས་མཚོ་སྔོན་པོར་འདྲེས་པ་དང་མཚོ་ངོགས་ཀྱི་རྩྭ་ཆུ་རྒྱས་སུ་བཅུག མཚོ་ངོས་སུ་སྨུག་པ་འཐིབས་དུས་འབྲོག་པ་ཚོས་དེ་ནི་དགྲ་ལྷའི་འབོད་སྒྲ་ཡིན་ཟེར། སྟོན་དུས་སུ་མཚོ་ངོས་སུ་དར་ཁ་ཆགས་དུས་དེ་ནི་ཀླུའི་སྲས་མོའི་ཨ་ལན་ཡིན་ཟེར། ཡུལ་དུས་ཀྱིས་ཆོད་པའི་ཞེ་མཐུན་དེ་གཉིས་རི་དང་མཚོ་མོར་སྤྲུལ་ནས་བསྐལ་བའི་བར་དུ་ཕན་ཚུན་སྲུང་།  ངག་རྒྱུན་དེ་ནི་མཚོ་སྐོར་མཁན་གྱི་སེམས་ཁོང་གི་བློ་དཀར་རྟག་བརྟན་གྱི་མཚོན་རྟགས་ཤིག་ཏུ་གྱུར་ཡོད།

1.jpg

2.jpg

 རང་མོས་རང་མཐུན་གྱི་ལ་གཞས།

མཚོ་སྔོན་པོའི་འགྲམ་ངོགས་དང་སྨོན་ལམ་མཐོན་པོའི་འདབས་རོལ་དུ་ལ་གཞས་ནི་རྩྭ་ཐང་གི་རླུང་བུར་བརྒྱུས་པའི་བརྩེ་དུང་གི་དབྱངས་རྟ་ཡིན། “ཨ་ལ་ཡེ།” ཞེས་པའི་གླུ་སྐད་སྙན་མོ་ཞིག་གིས་མཚོ་བྱང་རྩྭ་ཐང་གི་ལྷིང་འཇགས་གཏོར། ལ་གཞས་ནི་ས་མཐོའི་མཛའ་གཞས་ངོ་མ་སྟེ། བོད་རིགས་གཞོན་ནུ་རྣམས་ཀྱིས་རྟ་ཁ་མཚམས་བཞག་པ་དང་། སོག་རིགས་བུ་མོས་རྟ་ལྕག་ཐང་ལ་བཞག་སྟེ་ཁ་ནས་ལ་གཞས་ཤར་མར་ལེན། རམ་དཀྲོལ་རོལ་མོ་མེད་ལ། རླུང་བུས་དབྱངས་རྟ་བྱེད། སྤྲིན་དཀར་གྱིས་ཡོལ་བ་བྱེད། གཞས་ཚིག་ལས་བརྩེ་བ་མངོན། “བྱ་ཁུ་བྱུག་ཕྱོགས་ཡོང་མགྲོན་པོ་རེད།། བྱེའུ་འཇོལ་མོ་ནགས་ཀྱི་གཞི་འཛིན་རེད།། ནགས་ཡར་ནང་སྐྱིད་ལ་མར་ནང་སྐྱིད།། ཤིང་དྲང་མོ་ཞིག་ལ་འབབ་རྒྱུ་ཡིན།། ནགས་སྐྱིད་ས་ཞིག་ནས་གྲག་རྒྱུ་ཡིན།། རྟ་འདོ་བ་ཕྱོགས་ཡོང་མགྲོན་པོ་རེད།། རྩྭ་བྱི་རུག་བྱང་གི་གཞི་འཛིན་རེད།། བྱང་ཡར་ནང་བདེ་ལ་མར་ནང་བདེ།། བྱང་བདེ་མོ་ཞིག་ནས་བརྒྱུག་རྒྱུ་ཡིན།། རྩྭ་མོད་ས་ཞིག་ནས་འདུག་རྒྱུ་ཡིན།”ལྟ་བུ། བོད་ཀྱི་ལོ་གསར་དང་། རྟ་རྒྱུག་འདུ་ཚོགས། མཚོ་བསྟོད་སོགས་དུས་ཆེན་ནི་ལ་གཞས་ལེན་པའི་དུས་ཚོད་ཡིན། དེ་ལ་གར་སྟེགས་དང་འབྱོར་བ་ཡོད་མེད་ཀྱི་བཀག་རྒྱ་མེད་ཅིང་བརྩེ་བ་གླུ་རུ་བླངས་པས་ཆོག དུས་རབས་གོང་མའི་ལོ་རབས50པར་གསར་འགོད་པ་གྲགས་ཅན་ཀྲུའུ་ཏིང་མཚོ་སྔོན་པོའི་གསེར་དངུལ་ཐང་དུ་ཕེབས་ནས་བོད་རིགས་ཕྱུགས་རྫི་ཞིག་ལ་བཅར་འདྲི་བྱས། དེ་དུས་ཁོ་རང་མཚོ་སྔོན་བོད་རིགས་ས་ཁུལ་དུ་དར་ཁྱབ་ཆེ་བའི་ལ་གཞས་ཀྱི་དབྱངས་རྟས་ཡིད་དབང་བཀུག་པ་དང་། ཕྱིར་ལོག་རྗེས་གླུ་གཞས་གྲགས་ཅན《གསེར་བུམ་དང་འདྲ་བའི་རི་བོ་ཆུང་ཆུང》ཞེས་པ་བརྩམས། དེ་གསར་རྩོམ་བྱས་རྗེས་དར་ཁྱབ་ཆེན་པོ་བྱུང་། ཡིན་ནའང་མི་མང་པོ་ཞིག་གིས་སྐད་གྲགས་ཆེ་བའི་གླུ་དབྱངས་དེ་ནི་བོད་མི་རིགས་ཀྱི་ལ་གཞས་ལས་བྱུང་བ་དང་། བོད་ཀྱི་ལ་གཞས་ཁྲོད་གླུ་དབྱངས་དེའི་མ་དཔེ་རྙེད་ཐུབ་ཀྱིན་ཡོད་པ་ཤེས་མཁན་དཀོན། གླུ་གཞས་དེ་རུ་རྩྭ་ཐང་གི་བུ་ཕྲུག་ཚོའི་སེམས་ཁོང་གི་གསང་བ་ཡོད་ལ། མཚོ་བྱང་གི་རྩྭ་ཕྲན་རེ་རེའི་བརྩེ་བའི་གཏམ་རྒྱུད་འཐིམ་ཡོད།

3.jpg

4.jpg

 བདེ་བརྟན་མདའ་བཞིའི་ཕུལ་བྱུང་མཛའ་གཞས།

གསེར་དངུལ་ཐང་ནི་ལ་གཞས་དར་ས་ཞིག་ཡིན། གློག་བརྙན་མཁན་ཀྲེང་ཅུན་ལིའི་པར་རིས་ཁྲོད་ཀྱི1939ལོའི་གསེར་དངུལ་ཐང་ནི་འདི་ལྟ་སྟེ། ལོ26ལ་སླེབས་པའི་ཝང་ལུའོ་པིན་དང་ལོ17ལ་སླེབས་པའི་བོད་རིགས་གཞོན་ནུ་མ་སངས་རྒྱས་སྒྲོལ་མ་གཉིས་ངོ་འཕྲད། སངས་རྒྱས་སྒྲོལ་མས་སྐྲ་ལ་ལན་བུ་བསླས་ཡོད་པ་དང་། མིག་ཟུང་མཚོ་སྔོན་པོ་ལྟར་དྭངས་ཤིང་གསལ། “སྐལ་བཟང་མེ་ཏོག་ནི་རྩྭ་ཐང་གི་མེ་ཏོག་མཛེས་ཤོས་ཡིན་པ་དང་། མཚོ་སྔོན་པོའི་འགྲམ་གྱི་བུ་མོ་མཛེས་ཤོས་ནི་སངས་རྒྱས་སྒྲོལ་མ་ཡིན”ཞེས་གྲགས་ཡོད།

གློག་བརྙན་བརྙན་ཕབ་ཉིན་མོར། ཁོང་གཉིས་རྟ་ལ་ཞོན་ནས་རྩྭ་ཐང་དུ་བང་གིས་རྒྱུག ཐེངས་ཤིག་སངས་རྒྱས་སྒྲོལ་མ་རྟར་ཞོན་ཏེ་རྒྱུག་པ་ན། ཝང་ལུའོ་པིན་གྱིས་ཁོ་མོའི་རྐེད་པར་འཁྱུད། གཞོན་ནུ་མས་ཕྱིར་མིག་བལྟ་ཙམ་བྱས་ནས་གད་མོ་ཤོར། གློ་བུར་གྱི་སེམས་འགུལ་ཐེབས་པའི་སྐད་ཅིག་མ་དེ་རྟག་བརྟན་གྱི་སྙན་ངག་དུ་གྱུར། ཉིན་གསུམ་གྱི་རྗེས། རྔ་མོང་ལ་ཞོན་ནས་འགྲོ་སྐབས་སངས་རྒྱས་སྒྲོལ་མའི་རབ་རིབ་ཏུ་གྱུར་པའི་གཟུགས་བརྙན་རིམ་བཞིན་ཕྱིར་དྲན་བྱས་པ་ན། ཝང་ལུའོ་པིན་གྱིས“ང་རང་གཡང་དཀར་ལུ་གུ་ཞིག་ཏུ་རྫིས་ནས་ཁོ་མོའི་གམ་དུ་འདུག་འདོད།”ཅེས་བྲིས།

《རྒྱང་ཐག་རིང་བའི་གནས་དེར》ཞེས་པའི་གླུ་གཞས་་དེ་རྩྭ་ཐང་ནས་འཛམ་གླིང་དུ་ཁྱབ། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་ཤར་ཕྱོགས་རོལ་དབྱངས་ཀྱི་ནོར་བུར་ངོས་འཛིན་བྱས།  ཡིན་ནའང་སངས་རྒྱས་སྒྲོལ་མས་ཚེ་གང་རིང་ཝང་ལུའོ་པིན་ཡང་བསྐྱར་མཐོང་མ་ཐུབ་པ་དང་ལོ32ལ་སླེབས་སྐབས་ཕ་ཡུལ་དུ་ཚེ་ལས་འདས། ད་ལྟ་ཁོ་མོའི་བརྐོས་བརྙན་རྩྭ་ཐང་དུ་ཀྲོང་ངེར་ལངས་ཡོད་པ་དང་ལག་གི་རྟ་ལྕག་མཁའ་ལ་གཡུགས་པའི་སྐད་ཅིག་མ་དེ་ནམ་ཡང་འགྱུར་མེད་ཡིན། རྟ་ལྕག་དེས་དུས་རབས་ཕྱེད་ཀའི་རིང་གི་དྲན་གདུང་གི་རྨ་ཁའི་སྟེང་བྲབ།

གསེར་དངུལ་ཐང་གི་རླུང་གིས་སྔར་བཞིན་བརྩེ་དུང་གླེང་བཞིན་ཡོད་པ་དང་། ཙོང་ཆུའི་རྦ་རླབས་ཀྱིས་ལོ་དེའི་དབྱར་ཁ་གླེང་བཞིན་ཡོད། ཨེ་ཤ་ཡའི་ཆེས་ཡིད་དབང་འཕྲོག་པའི་མཛའ་གཞས་དེ་ནས་འཁྲུངས།

5.jpg

6.jpg

བོད་མཁར་རྐང་ཚའི་བརྩེ་དུང་གི་སྙན་རྩོམ་རིང་མོ།

མཚོ་སྔོན་པོའི་བྱང་ངོགས་ཀྱི་རྐང་ཚ་རྩྭ་ཐང་ནི་ཚངས་དབྱངས་རྒྱ་མཚོའི་མགུར་གླུ་དར་ས་རེད། བཤད་སྲོལ་ལྟར་ན། 1706ལོའི་དགུན་དུས་ཚངས་དབྱངས་རྒྱ་མཚོ་པེ་ཅིང་དུ་ཕེབས་དུས་མཚོ་སྔོན་པོའི་འགྲམ་གྱི་རྐང་ཚ་རྩྭ་ཐང་བརྒྱུད་པ་དང་། དེ་གར་གྲང་རླུང་ཁྲོད་སྐྱིལ་དྲུང་དུ་ཏིང་ངེ་འཛིན་ལ་བཞུགས་ནས་དགོངས་པ་རྫོགས། དེ་དུས་ཁོང་དགུང་ལོ23ཡིན། ཁོང་གིས་ཚངས་དབྱང་རྒྱ་མཚོའི་མགུར་གླུའི་ནང་དུ“པོ་ཏ་ལ་རུ་བཞུགས་དུས། རིག་འཛིན་ཚངས་དབྱངས་རྒྱ་མཚོ། ལྷ་སའི་ཞོལ་དུ་སྡོད་དུས། འཆལ་པོ་ཏང་བཟང་དབང་པོ”ཞེས་བྲིས་ཡོད། ཁོང་དགོངས་པ་རྫོགས་སའི་འོམ་ཆུའི་འགྲམ་དུ་ད་ལྟ་སྨི་གྲུ་བཞི་མ་ཁྲི་ལྔ་ཅན་གྱི་ཚངས་དབྱངས་རྒྱ་མཚོའི་རིག་གནས་ཐང་ཆེན་བསྐྲུན་ཡོད། ཐང་ཆེན་གྱི་གྱང་ངོས56སྟེང་ཁོང་གི་མགུར་གླུ་བཞེངས་ཡོད་ཅིང་། མཛངས་མའི་ཐུགས་དང་བསྟུན་ན། ། ཚེ་འདིའི་ཆོས་སྐལ་ཆད་འགྲོ། ། དབེན་པའི་རི་ཁྲོད་འགྲིམ་ན། ། བུ་མོའི་ཐུགས་དང་འགལ་འགྲོ། ། ཞེས་རླུང་ལྟར་གྲགས་པའི་རྒྱ་བོད་དབྱིན་གསུམ་གྱི་མགུར་གླུ་འདི་བརྐོས་ཡོད།

ཐང་ཆེན་འགྲམ་དུ་མཆོད་རྟེན་ཞིག་བཞེངས་ཡོད་པའི་མཐོ་ཚད་ལ་སྨི33ཡོད། དེས་རྐང་ཚའི་ས་བབ་མཐོ་ཚད་ལ་སྨི3300ཡོད་པ་མཚོན། མཆོད་རྟེན་གྱི་ཟར་ཚག་ཏུ་ཟངས་ཀྱི་དྲིལ་བུ31བཀལ་ཡོད་པ་དང་། དེས་རྐང་ཚའི་སྡེ་བ31མཚོན།  རླུང་བུའི་ཁྲོད་ཀྱི་དྲིལ་བུའི་སྒྲ་ནི་བྱམས་པའི་འབོད་སྒྲ་དང་ཀུན་ནས་མཚུངས།

གཞན་ཡང་ངག་རྒྱུན་དུ་རྒྱལ་པོ་ཀྲོའུ་མུའུ་དང་ཨ་ནེ་གོང་སྨན་རྒྱལ་མོ་གཉིས་མཚོ་སྔོན་པོའི་འགྲམ་དུ་འཛོམས་ཤིང་། ཨ་ནེ་གོང་སྨན་རྒྱལ་མོས་ཡའོ་རྫིང་དུ་གསོལ་སྟོན་བཤམས་དུས་མེ་ཏོག་གི་ཆར་པ་བབས་པ་དང་། ལྷ་མོ་རྣམས་ནི་གར་ལ་རོལ། དེ་ལྟར་རྒྱལ་པོ་ཀྲོའུ་མུའུ་ལ་སྣེ་ལེན་གཟབ་རྒྱས་བྱས། ཞལ་གྱེས་ཁར་ཨ་ནེ་གོང་སྨན་རྒྱལ་མོས“ཁྱེད་རང་ཡང་བསྐྱར་ཕེབས་པར་སྨོན”ཞེས་བཤད་པ་དང་། རྒྱལ་པོ་ཀྲོའུ་མུའུ་ལ་བཅངས་པའི་བརྩེ་བ་ཞལ་གྱེས་ཁའི་ངག་ལ་བཅོལ།  དུས་རབས་འདིའི་དུས་མགོར་མཚོ་སྔོན་པོ་འདམ་རའི་མཛེས་ལྗོངས་ཁུལ་བསྐྲུན་སྐབས་ས་ཆ་དེར་ལྷ་ཆབ་ཁུག་ཅེས་མིང་བཏགས།

7.jpg

8.jpg

ལྷ་ཁམས་མདོ་ལའི་ཨ་མྱེས་སྟོང་སོ་དང་བཙུན་མོ་དམར་ཡག་མའི་བརྩེ་དུང་གི་ངག་རྒྱུན།

གསེར་ལྡན་ཆུ་བོའི་ངོགས་གཉིས་སུ་བཙུན་མོ་དམར་ཡག་མ་ནི་མཚལ་དམར་མདོག་དང་ལྡན་ཞིང་། ཨ་མྱེས་སྟོང་སོ་ནི་རྔམ་ཞིང་བརྗིད། བོད་མི་རིགས་ཀྱི་ངག་རྒྱུན་དུ་ཀླུའི་སྲས་མོ་བཙུན་མོ་དམར་ཡག་མ་མདོ་ལ་རིང་མོའི་གནས་རི་ཨ་མྱེས་སྟོང་སོ་དང་མཐུན་ཏེ་ཀླུའི་སྲས་མོའི་ཐོབ་ཐང་དོར་ནས་མི་ཡུལ་དུ་བསྡད། ཀླུ་རྒྱལ་ཁོང་ཁྲོ་ལངས་ནས་སྲས་མོ་བཙུན་མོ་དམར་ཡག་མའི་རིར་བསྒྱུར། དེ་ནས་བཟུང་ཁོ་མོ་རི་རུ་གྱུར་ཏེ་ཁ་གཏད་ཀྱི་བྱམས་པ་ཨ་མྱེས་སྟོང་སོ་མིག་གིས་འཚོ་བཞིན་བསྐལ་བ་དུ་མ་འགོར། 

ཞོགས་པའི་ཉི་ཟེར་ཁྲོད་ཀྱི་བཙུན་མོ་དམར་ཡག་མ་བཀྲག་མདངས་མཚེར་བ་ནི་མོའི་རྟག་བརྟན་གྱི་བརྩེ་སེམས་ཀྱི་མཚོན་རྟགས་ཡིན་ཞིང་། ས་སྲོད་ཀྱི་དུས་ཀྱི་ཨ་མྱེས་སྟོང་སོའི་གངས་རྩེར་གསེར་འོད་ལམ་ལེམ་གྱི་ཚགས་རྒྱན་སྤྲས་པ་ནི་རྟག་བརྟན་གྱི་ཨ་ལན་རེད།

བཙུན་མོ་དམར་ཡག་མའི་རྩེ་མོར་འཛེགས་སྐབས་ཉིན་གཅིག་ལ་དུས་བཞི་ཚོར་ཐུབ། རི་འདབས་ཀྱི་སྐེ་ཚེའི་མེ་ཏོག་སེར་ལམ་ལམ།  རི་སྐེད་གྱི་གསོམ་ཤིང་ཚལ་ནི་ཚང་ཚིང་སྐྱེ།  རི་རྩེའི་ཁ་བ་དཀར་པོ་དཀར་ལམ་མེ། ས་གནས་དེ་གའི་འབྲོག་པས་བཤད་རྒྱུར། རི་སྐེད་སྨུག་པས་བཟུང་དུས་ནི་བཙུན་མོ་དམར་ཡག་མ་དང་ཨ་མྱེས་སྟོང་སོ་ཐུག་འཕྲད་བྱེད་པའི་དུས་ཡིན།

9.jpg

10.jpg

གསེར་མདོག་འཇུ་ལག་གི་བརྩེ་དུང་གི་གཏམ་རྒྱུད།

འཇུ་ལག་ཆུ་བོའི་ལྷོ་ངོས་ཀྱི་བྱ་རྒོད་རི་ནི་མརྒཏ་ཡི་ད་བེར་ཞིག་དང་འདྲ་བར་ཀྲོང་ངེར་འགྱིང་ཡོད། ངག་རྒྱུན་ལྟར་ན། གནའ་སྔ་མོའི་དུས་སུ་འཇུ་ལག་ནི་མཚེའུ་ཞིག་ཡིན་པ་དང་། གནས་དེ་གར་ཀླུ་རྒྱལ་གྱི་ཚ་བོ་ཚ་མོ་རྣམས་ཀྱིས་ངན་སྤྱོད་སྣ་ཚོགས་བགྱི། ཏ་ཡུས་ཀྱིས་དེ་མཐོང་ནས་སེམས་ཉིད་གྲོག་རོང་གི་མཚེའུ་ཡི་ཁ་ཕྱེས་ཏེ་ཆུ་བཏང་བས་མཚེའུ་སྐམ། མཚེའུ་སྐམ་པ་ན་ཀླུའི་ཚ་བོ་ཚ་མོ་རྣམས་ནི་གཅིག་ལ་གཅིག་བརྟེན་གྱི་རི་རྩེ་གཉིས་སུ་གྱུར།

བྱང་གི་ཀླུ་ལུང་རི་བོ་རྔམ་ཞིང་བརྗིད། དེ་ལས་ཀྱང་མཐོ་བའི་སར་མེ་ལྷ་གངས་དཀར་ཡོད་ཅིང་། ངག་རྒྱུན་ལྟར་ན། མེ་ལྷ་གངས་དཀར་གྱི་རྩེར་ལྷ་ཁང་ཞིག་ཡོད་ལ། དེ་ནི་ཨ་ནེ་གོང་སྨན་རྒྱལ་མོའི་ཆུ་ཤེལ་ཕོ་བྲང་ཡིན་ཟེར། ངག་རྒྱུན་དུ་ཨ་ནེ་གོང་སྨན་རྒྱལ་མོས་འདི་ནས་རྒྱལ་པོ་ཀྲོའུ་མུའུ་དང་ཐུག་འཕྲད་བྱས་མྱོང་ཟེར། ཟླ7པར་ཁ་བ་ཟིམ་ཟིམ་འབབ་པའི་དུས་སུ། རི་རྩེའི་རྦབ་ཆུ་དར་གྱིས་བསྡམས་པ་ནི་ལག་ཏུ་ཁ་བཏགས་བསྣམས་པ་དང་གཉིས་སུ་མེད།

ཟླ་དྲུག་པར་སྐེ་ཚེའི་མེ་ཏོག་ཁྲ་ལམ་མེར་བཞད་སྐབས། ཀླུ་ལུང་རི་བོའི་འདབས་རོལ་གྱི་ལེ་དབར་བརྒྱའི་གསེར་མཚོ་དང་བྱ་རྒོད་རི་བོའི་སྔོ་ལྗང་གི་བྲག་རྡོ་ཕན་ཚུན་འོད་མདངས་འཕྲོ་བཞིན་ཡོད། གཉེན་སྒྲིག་བྱས་མ་ཐག་པའི་བོད་པ་རྣམས་རི་རྩེར་འཛེགས་ཏེ་ཚེ་གཅིག་ལས་གཅིག་གི་དམ་བཅའ་འཇོག་པའི་སྲོལ་ཡོད།

11.jpg

12.jpg

མཚོ་བྱང་གི་ས་ཁུལ་སོ་སོའི་བརྩེ་དུང་དང་འབྲེལ་བ་ཡོད་པའི་ངག་རྒྱུན་ཁྲོད་དུ། རང་དབང་ནི་ནམ་ཡང་མི་ཡལ་བའི་དཔལ་འབར་ལྟ་བུ་ཡིན། སངས་རྒྱས་སྒྲོལ་མའི་རྟ་ལྕག་གིས་གུས་ལུགས་ཀྱི་འཆིང་རྒྱ་གཏོར་བ་དང་། ཚངས་དབྱངས་རྒྱ་མཚོའི་སྙན་ངག་གིས་ཆོས་ལུགས་ཀྱི་གཟེབ་རྒྱ་གཏོར། ཀླུ་མོས་ཚེ་སྲོག་གིས་ལྷ་ཁྲིམས་དང་རྒྱབ་འགལ་བྱས། སྨོན་ལམ་མཐོན་པོའི་དགྲ་ལྷས་བརྩེ་དུང་ཆེད་དུ་ལྷ་ཁྲིམས་དོར།  དེ་བས་ས་གཞི་འདིའི་སྟེང་གི་བརྩེ་དུང་དང་འགྱུར་མེད་ཀྱི་མཛའ་གཞས་གཉིས་ལ་ཐུན་མོང་མ་ཡིན་པའི་སྟོབས་ཤུགས་ལྡན་ཞིང་། དེ་ནི་ས་མཐོའི་རླུང་བུའི་ཁྲོད་ཀྱི་དར་ལྕོག་དང་འདྲ་བར་ལྷབ་ལྷུབ་གཡོ།

ཝང་ལུའོ་པིན་གྱི་རྣོ་སྦྲེང་ནས་འབྲོག་པའི་སྒྲ་སྙན་དང་། ཚངས་དབྱངས་རྒྱ་མཚོའི་མགུར་གླུ་ནས་མཚོ་བསྟོད་ཀྱི་ཆོས་དབྱིངས་སོགས་རྣམ་པར་འགྱུར་བ་ཡོད་མོད་ནང་དོན་ལ་འགྱུར་བ་བྱུང་མྱོང་མེད། འོམ་ཆུས་བརྩེ་དུང་གི་ཆེད་དུ་རང་སྲོག་བློས་གཏོང་མཁན་གྱི་མིག་ཆུ་འཁྱེར་མོད། 《རྒྱང་ཐག་རིང་བའི་གནས་དེ་ན》ཞེས་པ་མཚོ་སྔོན་པོའི་རླབས་སུ་གྱུར། མེ་ལྷ་གངས་དཀར་གྱིས་ཨ་ནེ་གོང་སྨན་རྒྱལ་མོའི་དམ་བཅའ་དར་གྱིས་བསྡམས་སུ་བཅུག་ཀྱང་།  བཙུན་མོ་དམར་ཡག་མ་དང་ཨ་མྱེས་སྟོང་སོའི་བརྩེ་དུང་གིས་ནི་མདོ་ལའི་ས་གཞིའི་སྟེང་དུ་མི་སེམས་གཡོ། སྨོན་ལམ་མཐོན་པོས་དུས་དང་རྣམ་པ་ཀུན་ཏུ་མཚོ་སྔོན་པོ་སྲུང་ཡོད་ལ། གེ་སར་རྒྱལ་པོས་གནས་འདི་ནས་གསོལ་མཆོད་ཀྱི་རབས་ཆད་མ་མྱོང་། འབྲུག་མོའི་ལུག་ཁྱུ་སྐར་ཚོགས་ལྟར་ས་ཐོག་ཏུ་འཐོར.........གནས་འདི་ནས་ལ་གཞས་ཀྱི་གདངས་དབྱངས་མཚོ་སྔོན་པོའི་མཐའ་སྐོར་དུ་མཆེད།

ནུབ་ཁའི་ཉི་མ་བཙུན་མོ་དམར་ཡག་མའི་མེ་དུད་སྟེགས་བུའི་སྟེང་དུ་འཕྲོས་པ་ན། གསེར་དངུལ་ཐང་གི་མེ་ཕུང་འགྲམ་དུ་སླར་ཡང་རྒྱུས་མངའ་ཆེ་བའི་དབྱངས་རྟ་གྲགས་བྱུང་། མཛའ་གཞས་དེ་དག་ནི“དག་སྣང་མཚོ་བྱང་། མདོག་ལྔའི་གཡང་ས”ཞེས་པའི་གངས་རི་དང་རྩྭ་ཐང་དུ་འཐིམ་པ་དང་། ས་གཞི་ཆེན་པོའི་སྙིང་གི་འཕར་རྩ་དང་བསྡོངས་ནས་རྟག་བརྟན་དུ་གྱུར།


མཉམ་སྤྱོད།