དེ་རིང་ནི2025ལོའི་ཟླ11པའི་ཚེས26ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཁྲིམས་འགལ་ངང་ཨ་ཆེན་གངས་རྒྱབ་ཏུ་འཛུལ་མཁན21རྩད་ཆོད་འདུག

2025-11-25 14:47:33   |   44

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ11པའི་ཚེས20ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་སྤྱི་བདེ་ཅུའི་ཨ་ཆེན་གངས་རྒྱབ་རང་བྱུང་སྲུང་སྐྱོབ་ཁུལ་སྤྱི་བདེ་ཅུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཅུ་དེས་ཉིན་ཤས་གོང་སྤེལ་བའི་ཆེད་དོན་སྐོར་ཞིབ་ཁྲིམས་འཛིན་འགུལ་སྐྱོད་ཁྲོད། ཁྲིམས་འགལ་ངང་ཨ་ཆེན་གངས་རྒྱབ་རང་བྱུང་སྲུང་སྐྱོང་ཁུལ་དུ་རང་དགར་འཛུལ་བའི་རླངས་འཁོར་རུ་ཁག་གཉིས་རྩད་ཆོད་པ་དང་། ཁྲིམས་འགལ་ངང་འཛུལ་མཁན21རྩད་ཆོད་ཅིང་། རླངས་འཁོར9བཀག་ཉར་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་གཏོང་བའི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་བཏང་ཡོད།

1.jpg

ཐེངས་འདིའི་ཆེད་དོན་འགུལ་སྐྱོད་དེ་ཅུ་དེའི་གྱོད་དོན་མྱུལ་ཞིབ་རུ་ཆེན་གྱི་རིམ་པ་དང་པོའི་ཉེན་རྟོག་དཔོན་ཀྲན་ཅང་ལུང་གིས་སྣེ་ཁྲིད་པ་དང་། མི་དམངས་ཉེན་རྟོག་པ7ལས་གྲུབ་པའི་སྐོར་ཞིབ་ཁྲིམས་འཛིན་རུ་ཁག་ཟླ10པའི་ཚེས30ཉིན་ཡོང་སྟེ། ལེ་ཞེ་ཝུའུ་ཏན་མཚེའུ་དང་པུའུ་ཁ་ཏ་པན་རི་རྩེ་སོགས་ཨ་ཆེན་གངས་རྒྱབ་ཀྱི་ལྟེ་བའི་ཁུལ་དུ་བསྐྱོད་ནས། མཚོ་སྔོན་དང་ཤིན་ཅང་། བོད་ལྗོངས་བཅས་འབྲེལ་མཚམས་ཀྱིN35ཁྲིམས་འགལ་ངང་འཛུལ་སའི་ས་ཁོངས་ལ་གཙོ་གནད་ཐོག་སྐོར་ཞིབ་བྱས་པ་དང་།  ཟླ11པའི་ཚེས19ཉིན་བདེ་འཇགས་ངང་ན་གོར་མོ་གྲོང་ཁྱེར་དུ་ཕྱིར་ལོག་པ་རེད།

ཀྲན་ཅང་ལུང་གིས། ས་བབ་མཐོ་བ་དང་གྲང་ངར་ཆེ་བ། དབྱང་རླུང་དཀོན་པ། ས་དབྱིབས་རྙོག་འཛིང་ཆེ་བ་བཅས་སྡུག་རྩུབ་ཆེ་བའི་ཁོར་ཡུག་གི་མདུན་དུ། རུ་མི་ཚོས་ཁ་བ་བུ་ཡུག་དང་གྲང་ངར་ལ་མི་འཛེམ་པར་རི་དང་ལུང་པ་བརྒལ་ནས་སྐྱེ་ཁམས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཐད་ཞིབ་བཤེར་བྱས་ཡོད་ཅེས་ཕྱིར་དྲན་གྱི་ཚུལ་དུ་བརྗོད་ཡོད།

2.jpg

ཀྲན་ཅང་ལུང་གིས། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ལྟེ་བའི་ས་ཁོངས་ཡིན་པའི་ངོས་ནས། ཨ་ཆེན་གངས་རྒྱབ་རང་བྱུང་སྲུང་སྐྱོབ་ཁུལ་སྤྱི་བདེ་ཅུས “སྐོར་སྲུང་ཁྲིམས་འཛིན+ས་ཁོངས་རོགས་ལས+རྡུང་ནན་བཅོས་སྐྱོང+ཁྲིམས་ལུགས་ཁྱབ་གདལ་དྲིལ་སྒྲོག”བཅས་ཕྱོགས་ཡོངས་ཀྱི་སྲུང་སྐྱོབ་མ་ལག་བཙུགས་ཡོད་ཅེས་བརྗོད་པ་རེད།

སྐོར་ཞིབ་ཁྲིམས་འཛིན་བྱེད་སྐབས། ཉེན་རྟོག་པས་སྔོ་ཁེབས་ཀྱི་སྐྱེ་འཚར་དང་རི་སྐྱེས་སྲོག་ཆགས་ཀྱི་ཁྱུ་ཚོགས། དེ་བཞིན་རིམས་ནད་འབྱུང་ཁུངས་ཀྱི་གནས་ཚུལ་བཅས་ལ་ལྟ་ཞིབ་ཞིབ་ཕྲ་བྱས་ནས་སྐྱེ་ཁམས་མ་ལག་གི་བརྟན་འཇགས་ལ་སྲུང་སྐྱོབ་བྱས་པར་མ་ཟད། ཁྲིམས་འགལ་ངང་རྔོན་འཛིན་དང་ཁྲིམས་འགལ་ངང་རང་བྱུང་སྲུང་སྐྱོབ་ཁུལ་དུ་རང་དགར་འཛུལ་བ། ཁྲིམས་འགལ་ངང་གཏེར་རིགས་འདོན་པ་སོགས་མངོན་གསལ་དོད་པོའི་ཁྲིམས་འགལ་གནད་དོན་ལ་དམིགས་ཏེ། ཉེས་བསགས་ལ་གནད་འཁེལ་རྡུང་རྡེག་གཏོང་བཞིན་ཡོད་པ་རེད།

གཞན་ཡང་སྡོམ་རྩིས་བརྒྱབ་པར་གཞིགས་ན།  2019ལོ་ནས་བཟུང་། ཅུ་དེས་ཁྲིམས་འགལ་ངང་འཛུལ་བའི་གྱོད་དོན8དང་། གྱོད་དོན་དང་འབྲེལ་བ་ཡོད་པའི་མི144དང་། རླངས་འཁོར80ལྷག་བཅས་རྩད་ཆོད་ཡོད་པ་རེད།


མཉམ་སྤྱོད།