དེ་རིང་ནི2025ལོའི་ཟླ12པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞིན་ཧྭ་གསར་འགྱུར་ཁང་གིས2025ལོའི་རྒྱལ་ནང་གི་གསར་འགྱུར་ཆེ་གྲས་བཅུ་དཔྱད་འདེམས་བྱས་པ།

2025-12-30 10:02:22   |   87

སྒྲིག་སྒྱུར།   མཁའ་འགྲོ་མཚོ།     ཡོང་ཁུངས།   ཞིན་ཧྭ་དྲ་བ།    བཤེར་འབེབས།   རིན་ཆེན་ཚེ་རིང་།


ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ12པའི་ཚེས29ཉིན་གྱི་གློག་འཕྲིན། ཞིན་ཧྭ་གསར་འགྱུར་ཁང་གིས2025ལོའི་རྒྱལ་ནང་གི་གསར་འགྱུར་ཆེ་གྲས་བཅུ་དཔྱད་འདེམས་བྱས་པ།

1.ཏང་ཡོངས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་ཏན་ཏིག་ངང་སྤེལ་ཏེ། སྤྱོད་ཚུལ་ལེགས་སྐྱོང་རྒྱུན་གཏན་ཅན་དང་ཡུན་ཕན་ཅན་ལ་སྐུལ་འདེད་གཏོང་དགོས་པ་ནན་བཤད་གནང་པ།

2025ལོར། རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་གྲོལ་རྗེས། ཏང་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་ཏན་ཏིག་ངང་སྤེལ་ཞིང་། དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཇུས་འགོད་གནང་བའི་ད་ལོའི་ཏང་འཛུགས་སྐྱོང་ལས་དོན་གྱི་གཙོ་གནད་ལས་འགན་ཞིག་རེད། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་པའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ལྷོད་མེད་ངང་ལག་བསྟར་བྱས་ཏེ། སྦྱོང་བཤེར་བཅོས་གསུམ་ལ་སྐུལ་འདེད་དང་། འཛེམ་མེད་དམར་འདོན་ངང“སྤྱོད་ཚུལ་བཞི”ཡི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་དང་སྤྱོད་ཚུལ་འཛུགས་སྐྱོང་ལམ་ལུགས་ཀྱི་ཞན་ཆ་གསབ་པ། ལམ་ལུགས་ལག་བསྟར་ཇེ་དྲག་ཏུ་གཏོང་བ་སོགས་ཐད་དུ་མངོན་གསལ་དོད་པའི་གྲུབ་འབྲས་ཐོབ་ཡོད་པ་དང་། ཏང་གི་སྤྱོད་ཚུལ་ལ་སྐུལ་འདེད་གཏོང་བ་དེ་སྤྱི་ཡོངས་ནས་གོང་མཐོར་སོང་ནས་དཔལ་འབྱོར་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པའི་སྟོབས་ཤུགས་ཆེན་པོ་གྲུབ་ཡོད།

01.jpg

2.ཀྲུང་གོའི་གློག་བརྙན་གོ་ལ་ཧྲིལ་པོའི་འགུལ་རིས་གློག་བརྙན་གྱི་སྤ་སེ་བཙོངས་པའི་མིང་ཐོའི་རྩེ་གྲར་སླེབས་ཏེ། ཀྲུང་ཧྭའི་རིག་གནས་བརྒྱུད་སྤེལ་ནུས་པ་དང་ཤུགས་རྐྱེན་ཐེབས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ།

ཟླ3པའི་ཚེས14ཉིན། 《ནོ་ཊས་ཀླུ་ཡུལ་དཀྲུགས་པ》ཞེས་པའི་གློག་བརྙན་གྱི་གོ་ལ་ཧྲིལ་པོའི་སྤ་སེ་འཚོང་ཚད་མི་དམངས་ཤོག་སྒོར་དུང་ཕྱུར150ལས་བརྒལ་ནས་གོ་ལ་ཧྲིལ་པོའི་འགུལ་རིས་གློག་བརྙན་གྱི་སྤ་སེ་འཚོང་ཚད་ཨང་དང་པོར་སླེབས་པ་དང་། གློག་བརྙན་དེས་ཀྲུང་གོའི་གཏམ་རྒྱུད་སྔོག་འདོན་གཏིང་ཟབ་བྱས་པ་དང་། ཀྲུང་ཧྭའི་མཛེས་རིག་གི་ཉམས་འགྱུར་མངོན་པར་བྱས་ཏེ། ཀུན་ལ་མི་སེམས་འགུལ་བའི་མྱོང་ཚོར་གནང་ནས་ཀྲུང་གོའི་གློག་བརྙན་ལོ་རྒྱུས་རང་བཞིན་གྱི་ཚད་བརྒལ་མངོན་འགྱུར་བྱུང་བ་རེད། ད་ལོར། “མི་ཉག་བང་སོ”དེ《འཛམ་གླིང་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང》ནང་བཅུག་ཡོད། ཀྲུང་གོའི་གནའ་བོའི་ཕོ་བྲང་རྟེན་མཛོད་ཁང་བཙུགས་ནས་ལོ100འཁོར་བ་དང་། ཀྲུང་ཕྱིའི་གནས་སྐོར་བ་རྒྱུན་མི་ཆད་མེད་པར་ལྟ་སྐོར་དུ་འོང་བ་རེད། “ཧོ་ཀྲེ་རིགས་དབྱི་མ་ཁན”མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་མཚོན་བརྩམས་ཆོས་མིང་གཞུང་ནང་བཅུག ཀྲུང་ལུགས་ཀྱི་གསོལ་ཇ་དང་ཀྲུང་གོའི་རིག་རྩལ་ཐོན་རྫས་དེར་ཕྱི་ཕྱོགས་སུ་དགའ་བསུ་ཆེན་པོ་ཐོབ་པ། དྲ་རྒྱའི་རྩོམ་རིག་དང་དྲ་རྒྱའི་རྩེད་འཇོ། དྲ་རྒྱའི་བརྙན་འཕྲིན་སོགས་ཚབ་མཚོན་ཡིན་པའི་རིག་གནས་ཀྱི་སྣང་ཚུལ་གསར་པ་གསུམ་མགྱོགས་པོར་ཕྱིར་གཏོང་བྱས་ཏེ། ཀྲུང་ཧྭའི་རིགས་གནས་ཀྱི་རྒྱལ་སྤྱིའི་དར་ཁྱབ་དང་ཤུགས་རྐྱེན་མུ་མཐུད་དུ་གོང་མཐོར་སོང་བ།

02.jpg

3.ཚན་རྩལ་ལས་གྲྭ་གལ་ཆེན་ལ་ཚད་བརྒལ་གསར་པ་བྱུང་སྟེ། རང་རྒྱལ་ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་སྟོབས་ཀྱི་ཕྱོགས་སུ་མགྱོགས་མྱུར་སྐྱོད་པ།

ཟླ4པ་ནས་བཟུང་། ལྷ་གྲུ་ཨང20པ་དང21པ། ཨང22པ་བཅས་ཀྱི་འཕུར་གྲུ་སྔ་རྗེས་སུ་འཕུར་གཏོང་བྱས་ཤིང་། བར་སྣང་གི་ཚེ་སྲོག་ཚན་རིག་དང་། བར་སྣང་རྒྱུ་ཆའི་ཚན་རིག མཁའ་སྐྱོད་ལག་རྩལ་གསར་པ་སོགས་ཀྱི་ཁྱབ་ཁོངས་སུ་ཞིབ་འཇུག་གི་གྲུབ་འབྲས་རྒྱུན་མཐུད་ངང་ཐོན་ཡོད། ཟླ5པར་མཁའ་འདྲི་ཨང་གཉིས་པས་རང་རྒྱལ་གྱིས་རྒྱུ་སྐར་ཆུང་ཆུང་འཚོལ་ཞིབ་དང་དཔེ་ལེན་ཕྱིར་ལོག་གི་གནས་སྐོར་ཐོག་མ་དངོས་སུ་མགོ་ཚུགས་ཤིང་། དེ་ནི“ཟླ་བའི་གོ་ལ”དང“སྐར་མ་མིག་དམར” དཔྱད་འཚོལ་རྗེས་ནས་ཀྲུང་གོས་ཡངས་ཤིང་རྒྱ་ཆེ་བའི་སྐར་མའི་འཇིག་རྟེན་དུ་འཚོལ་ཞིབ་གལ་ཆེན་བྱས་པ་ཞིག་རེད། ཟླ10པར་རྒྱང་སྐྱོད་རིམ་སྤེལ་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཐེངས600པ་ཧའེ་ནན་ཝུན་ཁྲང་དུ་བདེ་བླག་ངང་འཕེན་གཏོང་བྱས། འབྱུང་འགྱུར་སྟུག་ཚད་དེ་བས་མཐོ་བའི་འཕེན་གཏོང་དགོས་མཁོ་དང་འཚམ་པ་བྱ་རྒྱུ་རེད། DeepSeekམཚོན་བྱེད་དུ་བྱས་པའི་རང་རྒྱལ་གྱིས་བཟོས་པའི་སྐད་ཡིག་ཆེན་པོའི་དཔེ་དབྱིབས་ཀྱིས་མིས་བཟོས་རིག་ནུས་ལག་རྩལ་ཡོངས་ཁྱབ་ངང་སྤྱོད་རྒྱུར་སྐུལ་འདེད་བཏང་བ། “འབད་འཐབ་པ”རྟགས་ཅན་གྱིས་བྱང་སྣེའི་འདུས་ཚད་ཆེ་བའི་མཚོ་དར་ཁེབས་ཁུལ་དུ་རྒྱུན་མཐུད་རྒྱུན་གཏན་གྱིས་མི་བཞུགས་མཚོ་འཛུལ་བྱེད་པའི་ཟིན་ཐོ་གསར་པ་བཏོད་པ། རང་རྒྱལ་གྱི་གློག་ཁབ་ལེན་འཕེན་གཏོང་རྣམ་པའི་གྲུ་གཟིངས་ཧྥུ་ཅན་གྲུ་གཟིངས་དམག་གྲུའི་གྲལ་དུ་ཞུགས་པ། ཚན་རྩལ་ཚད་བརྒལ་གསར་པ་སྣ་ཚོགས་ཀྱིས་རང་རྒྱལ་ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་སྟོབས་ཀྱི་ཕྱོགས་སུ་སྐྱོད་པར་སྐུལ་འདེད་བཏང་སྟེ། གསར་གཏོད་ཀྱི་ཀྲུང་གོའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་བྲིས་ཡོད།

03.jpg

4.ཞི་ཅིན་ཕིང་གིས་ཀྲུང་དབྱང་འཐུས་ཚབ་ཚོགས་པའི་སྣེ་ཁྲིད་དེ་བོད་ལྗོངས་དང་ཞིན་ཅང་རང་སྐྱོང་ལྗོངས་གཉིས་དབུས་བརྙེས་པའི་རྟེན་འབྲེལ་བྱེད་སྒོར་ཞུགས་ནས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་ཐུན་ཚོགས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུར་སྣེ་ཁྲིད་གནང་བ།

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀྲུང་དབྱང་འཐུས་ཚབ་ཚོགས་པའི་སྣེ་ཁྲིད་དེ་ཟླ8པའི་ཚེས20ནས་ཚེས21ཉིན་བར་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ60འཁོར་བའི་རྟེན་འབྲེལ་བྱེད་སྒོར་ཞུགས་པ་དང་། ཟླ9ཚེས23ཉིན་ནས་ཚེས25ཉིན་བར་ཞིན་ཅང་དུ་ཕེབས་ནས་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ70འཁོར་བའི་རྟེན་འབྲེལ་བྱེད་སྒོར་ཞུགས། དེ་ནི་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་སྟེང་གི་ཐེངས་དང་པོ་ཡིན་ཞིང་། ཏང་ཀྲུང་དབྱང་གིས་བོད་ལྗོངས་དང་ཞིན་ཅང་གི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་ཐུགས་ཁུར་བྱེད་པ་མཚོན་ཡོད་པ་དང་། མི་རིགས་ཁག་གི་སྤུན་ཟླ་རྣམས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་། ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་ལྕག་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་བས་བརྟན་པོ་བཏང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་བློ་སེམས་གཅིག་སྒྲིལ་གྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་ལེའུ་གསར་པ་རྩོམ་ཡོད།

04.jpg

5.གཙོ་བདག་གི་ཕྱི་འབྲེལ་གྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་གྱི་སྣེ་ཁྲིད་དེ་རྣམ་པ་གསར་པ་གཏོད་པ་དང་། གོ་ལ་ཧྲིལ་པོའི་གྲོས་མགོ་ཆེན་པོ་བཞི་ཡིས་འཛམ་གླིང་ལ་བརྟན་ལྷིང་རང་བཞིན་དང་དྲང་ནུས་བསྣན་པ།

ཟླ8པའི་ཚེས31ཉིན་ནས་ཟླ9པའི་ཚེས1ཉིན་བར། 2025ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དབུ་ཚོགས་ཐེན་ཅིན་དུ་འཚོགས་པ་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབུ་ཚོགས་སྟེང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་གྲོས་མགོ་བཏོན་ཞིང་། དེ་ནི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་མགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་མགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་མགོ་བཅས་བཏོན་པའི་རྗེས་སུ་ཀྲུང་གོས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་གཏོང་ཆེད་བཏོན་པའི་གོ་ལ་ཧྲིལ་པོའི་གྲོས་མགོ་གལ་ཆེན་ཞིག་རེད། 2025ལོར་ཀྲུའུ་ཞི་ཞི་ཅིན་ཕིང་ཀྲུང་དབྱང་གི་མཐའ་འཁོར་ལས་དོན་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་གནང་། ཝེ་ཐེ་ནམ་དང་། མ་ལེ་ཞི་ཡ། ཁམ་ཕུ་ཁྲེ་སོགས་ཨེ་ཤེ་ཡ་ཤར་ལྷོའི་རྒྱལ་ཁབ་གསུམ་ལ་འཚམས་འདྲི་གནང་བ་དང་། ཨུ་རུ་སུར་རྒྱལ་དོན་འཚམས་འདྲི་གནང་བ་དང་འབྲེལ་སུའུ་ལེན་གྱི་རླབས་ཆེན་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ80འཁོར་བར་དྲན་གསོ་ཞུ་བའི་རྟེན་འབྲེལ་མཛད་སྒོར་ཞུགས། ཧ་སག་སི་ཐན་དུ་ཕེབས་ཏེ་སྐབས་གཉིས་པའི་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་ནང་ཞུགས། ལྷོ་ཁོ་རེ་ཡར་ཕེབས་ཏེ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུར་ཞུགས་པ་དང་འབྲེལ་ལྷོ་ཁོ་རེ་ཡར་རྒྱལ་དོན་འཚམས་འདྲི་གནང་བ། ཀྲུང་ཨའི་མགོ་ཁྲིད་ཐུག་འཕྲད་ཚོགས་འདུ་ཚོགས་པ། གོ་ལ་ཧྲིལ་པོའི་བུད་མེད་དབུ་ཚོགས་སོགས་རང་སའི་ཕྱི་འབྲེལ་བྱེད་སྒོར་ཞུགས་པ་རེད། གཙོ་བདག་ཕྱི་འབྲེལ་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་ཀྱི་སྣེ་ཁྲིད་དེ་གསར་གཏོད་ཡར་བརྩོན་དང་དཔའ་ངར་མདུན་སྐྱོད་བྱས། ཀྲུང་གོའི་འདུ་ཤེས་དང་། ཀྲུང་གོའི་ཇུས་གཞི། ཀྲུང་གོའི་བྱ་སྤྱོད་བཅས་ཀྱིས་ཟང་ཟིང་མཉམ་འདྲེས་ཀྱི་འཛམ་གླིང་ལ་རྒྱུན་མཐུད་ངང་བརྟན་ལྷིང་རང་བཞིན་དང་དྲང་ནུས་བསྣན་ཡོད།

05.jpg

6.ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ80འཁོར་བར་དྲན་གསོ་གཟབ་རྒྱས་ཞུས་ནས་མི་རིགས་ཀྱི་སྙིང་སྟོབས་ཆེར་སྐྱེད་བྱས་ནས་འབད་འཐབ་ཀྱི་སྟོབས་ཤུགས་གཅིག་སྒྲིལ་བྱས་པ།

ཟླ9པའི་ཚེས3ཉིན། ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་གཟབ་རྒྱས་ངང་འཚོགས་ཤིང་། དམག་གཟིགས་མཛད་སྒོ་གཟབ་རྒྱས་འཚོགས་ནས་འཛམ་གླིང་མི་དམངས་དང་མཉམ་དུ་རླབས་ཆེན་གྱི་ཉིན་མོ་དེར་དྲན་གསོ་ཞུས་ཏེ་དེ་བས་འོད་ཟེར་ལྡན་པའི་འབྱུང་འགྱུར་ཐུན་མོང་ཐོག་གཏོད་རྒྱུར་འབད་པ་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ་དང་འབྲེལ་དཔུང་སྡེར་གཟིགས་ཞིབ་གནང་བ་རེད། ཕྱི་རྒྱལ་གྱི་རྒྱལ་ཁབ་གཙོ་བདག་དང་སྲིད་གཞུང་གི་མགོ་གཙོ། དེ་བཞིན་འབྲེལ་ཡོད་རྒྱལ་ཁབ་ཀྱི་རིམ་པ་མཐོ་བའི་འཐུས་མི། རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་འཁུར་བ། ཆབ་སྲིད་ཀྱི་མི་སྣ་ཟུར་པ་སོགས་མི་སྣ61ཚོགས་ཆེན་ལ་ཞུགས་པ་རེད། འཇར་འགོག་དམག་འཁྲུག་གི་དྲན་གསོའི་མཛད་སྒོ་ནི་གཟབ་རྒྱས་ལྡན་པ་དང་བརྗིད་ཉམས་ཆེ་བ། མི་སེམས་འགུལ་བ། འབད་འབུངས་ལ་སྐུལ་མ་གཏོང་བ་བཅས་ཡིན་པས་རླབས་ཆེན་གྱི་འཇར་འགོག་དམག་འཁྲུག་གི་སྙིང་སྟོབས་སྔར་བས་དར་སྤེལ་བཏང་བ་དང་། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྱོང་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་དད་སེམས་དང་ཡིད་ཆེས་སྔར་བས་བརྟན་དུ་ཕྱིན་པ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་རྒྱུར་སྐུལ་འདེད་གཏོང་བའི་འགན་འཁྲི་འཁུར་སེམས་སྔར་བས་མངོན་ཡོད།

06.jpg

7.ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་བདེ་བླག་ངང་འཚོགས་ནས་འབྱུང་འགྱུར་ལོ་ལྔའི་རིང་གི་ཀྲུང་གོའི་འཕེལ་རྒྱས་ཀྱི་འཆར་གཞི་བཏོན་ཡོད།

ཟླ10པའི་ཚེས20ནས་ཚེས་23བར།ཏང་གི་སྐབས་ཉི་ཤུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་པེ་ཅིང་དུ་འཚོགས། ཚང་འཛོམས་གྲོས་ཚོགས་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའི་བཀའ་མངགས་ལྟར་གནང་བའི་ལས་དོན་སྙན་ཞུར་ཉན་པ་དང་གྲོས་བསྡུར་གནང་། 《ཀྲུང་གུང་ཀྲུང་དབྱང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་འཆར་འགོད་བཟོ་རྒྱུའི་སྐོར་གྱི་གྲོས་གཞི》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས《གྲོས་གཞིའི》འཆར་ཟིན་གྱི་འབྲེལ་ཡོད་གནས་ཚུལ་ཚང་འཛོམས་གྲོས་ཚོགས་ལ་གསལ་བཤད་གནང་བ། 《གྲོས་གཞི》ལས“ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”དུས་སྐབས་ཀྱི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་ལོ་རྒྱུས་ཀྱི་ཁ་ཕྱོགས་གནད་ལ་འཁེལ་བར་ཁོང་དུ་ཆུད་པ་དང་། རང་རྒྱལ་གྱི་འཕེལ་རྒྱས་ཁོར་ཡུག་ལ་འཕྲད་པའི་གཏིང་ཟབ་ཅིང་རྙོག་འཛིང་ཆེ་བའི་འགྱུར་ལྡོག་ལ་དབྱེ་ཞིབ་གཏིང་ཟབ་བྱས་ཏེ། མ་འོངས་པའི་ལོ་ལྔའི་འཕེལ་རྒྱས་ལ་རྩེ་རིམ་ཇུས་འགོད་དང་འཐབ་ཇུས་ཇུས་འགོད་བྱས་པ་ནི་དུས་བསྟུན་མདུན་སྐྱོད་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་མུ་མཐུད་དུ་སྐུལ་འདེད་གཏོང་བའི་སྤྱིའི་སྐུལ་སློང་དང་སྤྱིའི་བཀོད་སྒྲིག་ཞིག་རེད། ཚང་འཛོམས་གྲོས་ཚོགས་ཐོག“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”དུས་སྐབས་སུ་རང་རྒྱལ་གྱི་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་གལ་ཆེན་ལ་ཚད་མཐོའི་གདེང་འཇོག་བྱས་ཡོད། འདས་ཟིན་པའི་ལོ5ཡི་རིང་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། དཀའ་ངལ་ལ་མ་འཛེམས་པར་འབད་འབུངས་མདུན་སྐྱོད་བྱས་པ་དང། འགྲན་སློང་སྣ་ཚོགས་ལ་ཁ་གཏད་ནས་ནུས་ལྡན་ཐག་གཅོད་བཅས་བྱས་ཡོད་པས་རང་རྒྱལ་གྱི་དཔལ་འབྱོར་དང་། ཚན་རྩལ། རྒྱལ་སྲུང་སོགས་སྟོབས་ཤུགས་དང་། རིག་གནས། ལམ་ལུགས། ཕྱི་འབྲེལ་སོགས་འཇམ་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། “ལོ་ལྔའི་འཆར་གཞི་བཅུ་བཞི་པ”མཇུག་སྒྲིལ་ཉེར་ཡོད་ཅིང་། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་འགྲུལ་བཞུད་གསར་པ་མངོན་འགྱུར་བྱེད་པར་མགོ་ཡག་པོ་ཚུགས་ཡོད།

07.jpg

8. ཐའེ་ཝན་ཕྱིར་ལོག་གི་དྲན་གསོ་ཉིན་མོ་བཙུགས་ནས་མཚོ་འགག་ངོགས་གཉིས་ཀྱི་སྤུན་ཟླས་མེས་རྒྱལ་གཅིག་གྱུར་ཡོང་བར་ཐུན་མོང་ཐོག་འབད་འཐབ་བྱེད་པར་བསྔགས་སྐུལ་བྱས་པ།

ཟླ10པའི་ཚེས24ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བཅའ་ཁྲིམས་ཀྱི་རྣམ་པའི་ཐོག་ནས་ཟླ10པའི་ཚེས25ཉིན་ཐའེ་ཝན་ཕྱིར་ལོག་གི་དྲན་གསོ་ཉིན་མོར་གཏན་འཁེལ་བྱ་རྒྱུའི་གཏན་འབེབས་བྱས། ཏང་དང་རྒྱལ་ཁབ་ཀྱིས་ཐའེ་ཝན་ཕྱིར་ལོག་བྱས་པའི་དྲན་གསོ་ཉིན་མོ་བཙུགས་པ་དེས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་དང་། རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་བྱེད་པའི་ལངས་ཕྱོགས་བརྟན་པོ་མཚོན་པ་དང་། ཐའེ་ཝན་སྤུན་ཟླ་ཚུད་པའི་རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་གི་ཐུན་མོང་གི་རེ་འདུན་མཚོན་པ། ཀྲུང་གོ་གུང་ཁྲན་ཏང་གིས་བློ་བརྟན་འགྱུར་མེད་ངང་ལོ་རྒྱུས་ཀྱི་ལས་འགན་འཁུར་ཞིང་། མེས་རྒྱལ་གཅིག་གྱུར་ཡོང་བར་མངོན་འགྱུར་བྱེད་པའི་འདོད་བློ་བརྟན་ཏུ་བཏང་བ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འཛམ་གླིང་ཐོག་ཀྲུང་གོ་གཅིག་ལས་མེད་པ་དང་ཐའེ་ཝན་ནི་ཀྲུང་གོ་དང་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པའི་ཡོངས་ཁྱབ་ཀྱི་གཅིག་མཐུན་རྒྱུན་འཁྱོངས་སྲ་བརྟན་དུ་བཏང་ནས། ངོགས་གཉིས་ཀྱི་སྤུན་ཟླས་རྒྱལ་གཅེས་རིང་ལུགས་ཀྱི་སྲོལ་རྒྱུན་དང་། རླབས་ཆེན་གྱི་འཇར་འགོག་དམག་འཁྲུག་གི་སྙིང་སྟོབས་དར་སྤེལ་བྱས་ཏེ། མེས་རྒྱལ་གཅིག་གྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་བྱ་བཞག་མངོན་འགྱུར་ཡོང་བར་ཐུན་མོང་འབད་འཐབ་བྱེད་པར་སྐུལ་མ་གཏོང་ངེས་རེད། ཟླ10པའི་ཚེས25ཉིན། ཐའེ་ཝན་ཕྱིར་ལོག་བྱས་ནས་ལོ་ངོ80འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་པེ་ཅིང་དུ་འཚོགས། འབྲེལ་ཡོད་སྡེ་ཁག་དང་ས་གནས་ཀྱིས་དྲན་གསོའི་བྱེད་སྒོ་རྣམ་པ་སྣ་ཚོགས་སྤེལ་བ་དང་། ལས་རིགས་ཁག་གི་ཐའེ་ཝན་སྤུན་ཟླ་གཅིག་རྗེས་གཉིས་མཐུད་ཀྱིས་བྱེད་སྒོ་ནང་ཞུགས། ཟླ11པའི་ཚེས7ཉིན་ནས་བཟུང་འཇར་པིན་གྱི་དབུ་བཞུགས་བློན་ཆེན་ཀའོ་ཧྲི་ཙའོ་མེའོ་ཡིས་སྤེལ་བའི་ཐའེ་ཝན་དང་འབྲེལ་བ་ཡོད་པའི་འཁྲུག་རྐྱེན་སློང་བའི་གཏམ་བརྗོད་ལ་དམིགས་ནས་ཀྲུང་གོ་ཕྱོགས་ཀྱིས་འབྲེལ་གཏུག་ནན་མོ་དང་འཐབ་རྩོད་མཐའ་གཅིག་ཏུ་བྱས་པ་རེད།

08.jpg

9.སྐབས་བཅོ་ལྔ་པའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་དེ་ཀོང་ཏུང་དང་། ཞང་ཀང་། ཨའོ་མོན་བཅས་ས་ཁུལ་གསུམ་གྱིས་མཉམ་འབྲེལ་ཐོག་སྤེལ་བ་དང་། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལུས་རྩལ་ཁྱབ་ཁོངས་ཀྱི་གསར་གཏོད་ལག་ལེན་ཞིག་ཏུ་གྱུར་ཡོད།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐབས་བཅོ་ལྔ་པའི་ལུས་རྩལ་འགྲན་ཚོགས་དེ་ཟླ11པའི་ཚེས9ནས་ཚེས21ཉིན་བར་ཀོང་ཏུང་དང་། ཞང་ཀང་། ཨའོ་མོན་བཅས་ས་ཁུལ་གསུམ་གྱིས་མཉམ་འབྲེལ་ཐོག་སྤེལ་བ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་མགོ་རྩོམ་མཛད་སྒོར་ཕེབས་པ་དང་འབྲེལ་ལུས་རྩལ་འགྲན་ཚོགས་མགོ་རྩོམ་པ་ཁྱབ་བསྒྲགས་གནང་བ་རེད། སྐབས་འདིའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱིས“ལྗང་མདོག་དང་། མཉམ་སྤྱོད། སྒོ་འབྱེད། སྤྱོད་གཙང”བཅས་ཀྱི་འགྲན་བསྡུར་འདུ་ཤེས་དང་། “སྟབས་བདེ་དང་། བདེ་འཇགས། ངོ་མཚར་ཆེ་བའི”འགྲན་བསྡུར་གྱི་བླང་བྱ་མཐའ་འཁྱོངས་བྱས་ཏེ། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལུས་རྩལ་ཁྱབ་ཁོངས་ཀྱི་གསར་གཏོད་ལག་ལེན་ཞིག་ཡིན་པའི་ངོས་ནས་འགྲན་བསྡུར་སྤེལ་བའི་ལས་དོན་དང་ས་ཁུལ་གསུམ་གྱི་དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་སྒོ་དང་ཟུང་འབྲེལ་བྱས་ཏེ། ཐུན་མོང་ཐོག་ཀོང་ཏུང་ཞང་ཀང་དང་ཨའོ་མོན་མཚོ་ཁུག་ཆེན་པོའི་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐས་རིམ་གསར་པ་ཞིག་ཏུ་བསྐྱོད་རྒྱུར་རོགས་རམ་བྱས་པ་རེད།

09.jpg

10.ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁས་གླིང་ཕྲན་ཧྲིལ་པོར་ཁྲལ་སྡོམ་བྱས་ཏེ། ཕྱོགས་ཡོངས་ནས་བཅོས་སྒྱུར་སྒོ་དབྱེད་གཏིང་ཟབ་ཏུ་བཏང་ནས་རང་རྒྱལ་གྱི་དཔལ་འབྱོར་གྱིས་གནོན་ཤུགས་ཐེག་ནས་མདུན་དུ་སྐྱོད་པ་དང་། གསར་པ་དང་ལེགས་པའི་ཕྱོགས་སུ་སྐུལ་འདེད་བཏང་བ།

ཟླ12པའི་ཚེས18ཉིན། ཧའེ་ནན་གྱི་རང་མོས་ཚོང་དོན་གྲུ་ཁས་གླིང་ཕྲན་ཧྲིལ་པོར་ཁྲལ་སྡོམ་སྤེལ་མགོ་ཚུགས་ཤིང་། དེ་ནི་རང་རྒྱལ་གྱིས་བློ་བརྟན་འགྱུར་མེད་ངང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་ཆེར་གཏོང་བ་དང་སྒོ་འབྱེད་རྣམ་པའི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་མཚོན་རྟགས་རང་བཞིན་གྱི་བྱེད་ཐབས་ཤིག་རེད། སྒོ་ཁྲལ་སྡོམ་རྗེས་ཧའེ་ནན་འགག་སྒོའི་ལྟ་སྐུལ་དོ་དམ་གྱི་དམིགས་བསལ་ས་ཁོངས་ཤིག་ཡིན་པའི་ངོས་ནས། “‘རིམ་པ་དང་པོ’སྒོ་འབྱེད་དང་། ‘རིམ་པ་གཉིས་པ’དོ་དམ། མཚོ་གླིང་ནང་ཁུལ་རང་མོས”བཅས་ཀྱི་གཞི་རྩའི་ཁྱད་ཆོས་སུ་བྱེད་པའི་སྲིད་ཇུས་ལམ་ལུགས་ལག་བསྟར་བྱས་ཤིང་། དེ་རང་རྒྱལ་གྱི་དུས་རབས་གསར་པའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྣེ་ཁྲིད་བྱེད་པའི་སྒོ་མོ་གལ་ཆེན་ཞིག་ཏུ་འགྱུར་རྒྱུ་རེད། ལོ་གཅིག་རིང་། དམངས་གཉེར་དཔལ་འབྱོར་སྐུལ་འདེད་བཅའ་ཁྲིམས་ལག་བསྟར་དང་། རྒྱལ་ཡོངས་གཅིག་གྱུར་གྱི་ཚོང་ར་ཆེན་པོ་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་ནས་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་གྱི་མཐོར་འདེགས་འཐབ་ཇུས་ལག་བསྟར་བྱེད་པ་དང་། རྒྱལ་མཚམས་སྒྲོལ་བའི་ཐོངས་མཆན་འགོད་མི་དགོས་པའི་སྲིད་ཇུས་སླར་ཡང་རྒྱ་སྐྱེད་པ། མངའ་ཁོངས་ནས་བྲལ་བའི་ཁྲལ་སློག་སྲིད་ཇུས་སྔར་བས་ལེགས་སུ་བཏང་བའི་བར། རང་རྒྱལ་གྱིས་སྔར་ལས་ཕྱོགས་ཡོངས་ནས་བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་གཏོང་བའི་གོམ་སྟབས་གསར་པ་སྤོས་ཏེ། རང་རྒྱལ་གྱིས་དཔལ་འབྱོར་གནོན་ཤུགས་ཐེག་ནས་མདུན་དུ་སྐྱོད་པ་དང་། གསར་པ་དང་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་ཡོང་བར་སྐུལ་འདེད་ནུས་ལྡན་བཏང་བ། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་རྒྱུན་མཐུད་ངང་སྐུལ་འདེད་བཏང་བ། གཙོ་གནད་མངའ་ཁོངས་ཀྱི་ཉེན་ཁ་སེལ་བར་དགེ་མཚན་ལྡན་པའི་འཕེལ་རྒྱས་བྱུང་བ། དམངས་འཚོ་འགན་སྲུང་སྔར་ལས་ནུས་ལྡན་བྱུང་ཡོད། རང་རྒྱལ་གྱི་དཔལ་འབྱོར་སྤྱི་ཚོགས་གོང་དུ་སྤེལ་བའི་དམིགས་འབེན་གཙོ་བོ་བདེ་བླག་ངང་འགྲུབ་རྒྱུ་དང་། ལོ་ཧྲིལ་པོའི་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་སྡོམ་འབོར་སྔོན་དཔག་བྱས་ན་སྒོར་དུང་ཕྱུར་ཁྲི140ཡས་མས་སུ་སླེབས་རྒྱུ་རེད།

10.jpg


མཉམ་སྤྱོད།