དེ་རིང་ནི2025ལོའི་ཟླ12པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞིན་ཧྭ་གསར་འགྱུར་ཁང་གིས2025ལོའི་རྒྱལ་སྤྱིའི་གསར་འགྱུར་ཆེ་གྲས་བཅུ་དཔྱད་འདེམས་བྱས་པ།

2025-12-31 14:16:09   |   111

སྒྲིག་སྒྱུར།   སངས་དོན།      ཡོང་ཁུངས།   ཞིན་ཧྭ་གསར་འགྱུར་དྲ་བ།     བཤེར་འབེབས།   རིན་ཆེན་ཚེ་རིང་།


1、 ཀྲུང་གོའི་གཙོ་བདག་གི་ཕྱི་འབྲེལ་གྱིས་ཞི་བདེ་དང་འཕེལ་རྒྱས་ཀྱི་བྱ་གཞག་ལ་སྐུལ་འདེད་བཏང་བ།

ལོ་གཅིག་གི་རིང་། ཀྲུའུ་ཞི་ཞི་ཅིན་ཕིང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཐེན་ཅིན་དབུ་ཚོགས་དང་། ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན། གོ་ལ་ཧྲིལ་པོའི་བུད་མེད་དབུ་ཚོགས་སོགས་ཀྱི་བྱེད་སྒོར་ཞུགས་པ་དང་། ཨེ་ཤེ་ཡ་ཤར་ལྷོའི་རྒྱལ་ཁབ་གསུམ་དང་། ཨུ་རུ་སུ། ལྷོ་ཁོ་རེ་ཡ་བཅས་ལ་འཚམས་འདྲི་གནང་བ། རྒྱལ་ཁབ་ཁག་གི་མགོ་ཁྲིད་པ་དང་རྒྱལ་སྤྱིའི་སྲིད་དོན་མི་སྣ་གལ་ཆེན་དང་ཐུག་འཕྲད་དང་འབྲེལ་གཏུག་གཏིང་ཟབ་བྱས་པ། མཇལ་འཕྲད་དང་འཕྲིན་ཡིག་གཏོང་བ་སོགས་ཀྱི་རྣམ་པ་བརྒྱུད་རྒྱལ་ཁབ་ཁག་གི་མི་དམངས་ལ་མཛའ་མཐུན་ལས་དོན་སྤེལ་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་དུས་རབས་ཀྱི་འཕེལ་ཕྱོགས་ཆེན་པོ་གསལ་རྟོགས་གཏིང་ཟབ་གནང་བ་དང་གོ་ལ་ཧྲིལ་པོའི་གྲོས་མགོ་ཆེན་པོ་གསུམ་གྱི་རྗེས་སུ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་མགོ་བཏོན་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དང་ལེན་དང་རྒྱབ་སྐྱོར་རྒྱ་ཁྱབ་ཐོབ་ནས་མིའི་རིགས་ཀྱི་ཞི་བདེ་དང་འཕེལ་རྒྱས་ཀྱི་བླ་ན་མེད་པའི་བྱ་གཞག་ལ་རྒྱུན་ཆད་མེད་པར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།

01.jpg

2、 ཨ་རིའི་སྒོ་ཁྲལ་འཐབ་རྩོད་ཀྱིས་ཕྱོགས་མང་ཚོང་དོན་སྒྲིག་སྲོལ་ལ་ཕོག་ཐུག་ཚབས་ཆེན་བཏང་བ།

ཟླ4པའི་ཚེས2ཉིན། ཨ་རིས་ཚོང་དོན་རོགས་ཟླ་མང་ཆེ་བར“འདྲ་མཚུངས་ཀྱི་སྒོ་ཁྲལ”ཟེར་བ་བསྡུ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད། ལོ་གཅིག་གི་རིང་། ཨ་རིས་ཚོང་དོན་རོགས་ཟླར་ངར་ལྕགས་དང་ཧ་ཡང་དང་། རླངས་འཁོར། གློག་བརྙན། གློག་འདྲེན་ཕྱེད་གཟུགས་སོགས་ཐོན་རྫས་ཀྱི་སྒོ་ཁྲལ་བསྡུ་རྒྱུ་སྔ་རྗེས་སུ་ཁྱབ་བསྒྲགས་བྱས་པའམ་ཡང་ན་འཇིགས་སྐུལ་བྱས་པ་དང་། སྒོ་ཁྲལ་གྱི་ཁྲལ་ཚད་དངོས་དུས་རབས་གཅིག་ཙམ་ཚུན་གྱི་ཆུ་ཚད་མཐོ་ཤོས་སུ་སླེབས་ཡོད་པ་རེད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨ་རི་ཕྱོགས་ཀྱི་སྒོ་ཁྲལ་དམག་འཁྲུག་གིས་ཕྱོགས་མང་ཚོང་དོན་སྒྲིག་སྲོལ་ལ་ཕོག་ཐུག་ཚབས་ཆེན་བཏང་བ་དང་། རྒྱུན་ལྡན་གྱི་རྒྱལ་སྤྱིའི་ཚོང་དོན་སྒྲིག་ལམ་ལ་གཏོར་བཤིག་ཚབས་ཆེན་བཏང་བར་སྐྱོན་བརྗོད་དྲག་པོ་བྱས་ཡོད། རྒྱལ་ཁབ་མང་པོས་འགོག་རྒོལ་བྱེད་ཐབས་བཏོན་པ་མ་ཟད། མ་འཇོག་དང་ཉོ་ཚོང་སྣ་མང་ཅན་དུ་འགྱུར་བར་བརྟེན་ནས“ཨ་རིའི་ཉེན་ཁ་སེལ་བ”མགྱོགས་སུ་བཏང་ཡོད། ཨ་རིའི་ཁྲིམས་ཁང་མང་པོས་གཞི་ཁྱོན་ཆེ་བའི་སྒོ་ཁྲལ་སྲིད་ཇུས་ཁྲིམས་འགལ་ཡིན་པའི་ངོས་འཛིན་བྱས་ཡོད།

02.jpg

3、 རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འཛམ་གླིང་དམག་ཆེན་གཉིས་པར་རྒྱལ་ཁ་ཐོབ་ནས་ལོ80འཁོར་བར་དྲན་གསོ་བྱས་པ།

2025ལོ་ནི་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བ་དང་། མཉམ་འབྲེལ་རྒྱལ་ཚོགས་དབུ་བརྙེས་ནས་ལོ80འཁོར་བའི་ལོ་ཞིག་ཡིན་པས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྣམ་པ་སྣ་ཚོགས་ཀྱི་དྲན་གསོའི་བྱེད་སྒོ་སྤེལ་བ་རེད། ཟླ5པའི་ཚེས7ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་དམིགས་བསལ་ཚོགས་འདུ་འཚོགས་ནས་འཛམ་གླིང་དམག་ཆེན་གཉིས་པ་མཇུག་འགྲིལ་ནས་ལོ80འཁོར་བར་དྲན་གསོ་བྱས་པ་རེད། ཟླ5པའི་ཚེས9ཉིན་ཀྲུའུ་ཞི་ཞི་ཅིན་ཕིང་གདན་ཞུས་ལྟར་ཨུ་རུ་སུའི་སུའུ་ལེན་གྱི་རླབས་ཆེན་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བར་དྲན་གསོ་ཞུ་བའི་རྟེན་འབྲེལ་མཛད་སྒོར་ཞུགས་པ་རེད། ཟླ9པའི་ཚེས3ཉིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་ཐོག་གསུང་བཤད་གལ་ཆེན་གནང་བ་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕྱོགས་གཉིས་དང་ཕྱོགས་མང་གི་བྱེད་སྒོ་རབ་དང་རིམ་པའི་ནང་ཡང་དག་པའི་ལོ་རྒྱུས་ལྟ་བ་དར་སྤེལ་གཏོང་བ་དང་། འཛམ་གླིང་དམག་ཆེན་གཉིས་པའི་རྒྱལ་ཁའི་གྲུབ་འབྲས་སྲུང་སྐྱོང་། མཉམ་འབྲེལ་རྒྱལ་ཚོགས་ལྟེ་བར་བྱེད་པའི་རྒྱལ་སྤྱིའི་མ་ལག་སྲུང་སྐྱོང་། ཕྱོགས་མང་རིང་ལུགས་ལག་ལེན་བསྟར་བ། རྒྱལ་སྤྱིའི་དྲང་སྙོམས་དྲང་བདེན་སྲུང་སྐྱོང་བཅས་བྱེད་དགོས་ཞེས་བསྟན་ཡོད།

03.jpg

4、འཕེལ་ཤུགས་དྲག་པའི་མིས་བཟོས་རིག་ནུས་ཀྱི་བཅོས་སྐྱོང་ལ་ཤུགས་སྣོན་བྱས་པ།

ལོ་གཅིག་གི་རིང་། མིས་བཟོས་རིག་ནུས་ལག་རྩལ་མགྱོགས་མྱུར་འཕོ་འགྱུར་བྱུང་བ་དང་། DeepSeekདངGPTསོགས་དཔེ་དབྱིབས་ཉིན་རེ་བཞིན་རྣམ་པ་གསར་པ་ཐོན་པ། རིག་ནུས་གཟུགས་དང་ལུས་ལྡན་རིག་ནུས་སོགས་བེད་སྤྱོད་མང་པོ་ཐོན་པ། དངོས་གཞིའི་དཔལ་འབྱོར་དང་མཉམ་འདྲེས་གཏིང་ཟབ་བྱེད་པའི་ཁྱད་ཆོས་དེ་བས་མངོན་གསལ་དོད་དུ་ཕྱིན་ནས་ལས་རིགས་བརྒྱ་དང་ཁྱིམ་ཚང་ཁྲི་སྟོང་མང་པོར་བསྐྱོད་མགོ་ཚུགས་ཡོད། དེ་དང་ཆབས་ཅིག་མི་ཐབས་རིག་ནུས་ལས་བྱུང་བའི་ཉེན་ཁ་དང་འགྲན་སློང་ལ་དོ་ཁུར་རྒྱ་ཁྱབ་བྱས་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མིས་བཟོས་རིག་ནུས་བཅོས་སྐྱོང་གི་གོ་ལ་ཧྲིལ་པོའི་གླེང་མོལ་དང་མིས་བཟོས་རིག་ནུས་རང་ཚུགས་ཀྱི་རྒྱལ་སྤྱིའི་ཚན་རིག་ཚོ་ཆུང་གི་ལམ་སྲོལ་གཉིས་སྤེལ་མགོ་ཚུགས་ཡོད། 2025ལོའི་འཛམ་གླིང་མི་ཐབས་རིག་ནུས་ཚོགས་ཆེན་དང་མི་ཐབས་རིག་ནུས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་རིམ་མཐོའི་ཚོགས་འདུ་ཧྲང་ཧའེ་རུ་འཚོགས་ནས《མི་ཐབས་རིག་ནུས་ཀྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་བྱ་སྤྱོད་འཆར་གཞི》ཁྱབ་བསྒྲགས་བྱས་པ་རེད། ཀྲུང་གོས་འཛམ་གླིང་མི་ཐབས་རིག་ནུས་མཉམ་ལས་རྩ་འཛུགས་འཛུགས་རྒྱུའི་གྲོས་མགོ་བཏོན་པ་དང་།《“མི་ཐབས་རིག་ནུས+”རྒྱལ་སྤྱིའི་མཉམ་ལས་གྲོས་མགོ》བཏོན་ནས་གོ་ལ་ཧྲིལ་པོའི་མི་ཐབས་རིག་ནུས་དེ་དགེ་སྒྲུབ་ཀུན་ཕན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ“རིག་ནུས་དུས་རབས། གོ་ལས་མཉམ་རོལ”གྱི་བརྗོད་དོན་གཙོ་བོ་སྒྲོག་སྤེལ་བྱས་ཡོད།

04.jpg

5、 འཛམ་གླིང་ཡོངས་ཀྱི་དངུལ་རྩའི་ཚོང་རར་གཡོ་འགུལ་ཐེབས་ནས་དཔལ་འབྱོར་གྱི་ཉེན་ཁ་ཆེ་རུ་ཕྱིན་པ།

ཟླ10པར། རྒྱལ་སྤྱིའི་གསེར་གྱི་རིན་གོང་ཨང་སི་རེར་ཨ་སྒོར4000ལས་ཐོག་མར་བརྒལ་ཡོད། ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གི“སྒོ་རྒྱག་པའི་”ཟིང་ཆ་སོགས་ཀྱི་ཤུགས་རྐྱེན་ཐེབས་པའི་དབང་གིས་རྒྱལ་སྤྱིའི་གསེར་གོང་མུ་མཐུད་འཕར་ཡོད། ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་གསོག་འཇོག་ཨུ་ལྷན་གྱིས་ཟླ9པ་ནས་བཟུང་སྐྱེད་ཀ་ཐེངས་གསུམ་བསྟུད་མར་བཅག་པ་དང་དངུལ་ལོར་སྲིད་ཇུས་སྔར་བས་ལྷུག་ཏུ་བཏང་ནས་ཨ་སྒོར་གྱི་རྒྱུ་ནོར་གྱི་ཡིད་དབང་འགུག་ཤུགས་ལ་གནོད་འཚེ་བཏང་ཡོད། རྒྱལ་སྤྱིའི་མ་རྩས་ས་ཁོངས་ཀྱི་ཆབ་སྲིད་དུས་བབ་དང་དེ་བཞིན་ཨ་སྒོར་གྱི་ཡིད་རྟོན་ཉེན་ཁར་སེམས་ཁྲལ་ཆེ་རུ་ཕྱིན་པ་དང་། སྲོལ་རྒྱུན་གྱི་ཉེན་གཡོལ་རྒྱུ་ནོར་དེ་གསེར་ཡིན་པའི་ངོས་ནས་རྒྱལ་ཁབ་ཁག་གི་ཀྲུང་དབྱང་དངུལ་ཁང་གིས་གསེར་རྒྱུན་ཆད་མེད་པར་མང་དུ་བསགས་པ་དང་གཞུང་ཕྱོགས་ཀྱི་གསེར་བསགས་ཁྱོན་ཉེ་བའི་ལོ་བཅུའི་རིང་གི་ཆུ་ཚད་མཐོ་ཤོས་སུ་སླེབས་ཡོད། ཨ་སྒོར་གྱི་ཡིད་རྟོན་ཆག་པ་དང་གསེར་གོང་གི“འཕར་ཚད”ཀྱིས་གོ་ལ་ཧྲིལ་པོའི་དཔལ་འབྱོར་གྲུབ་ཆའི་རང་བཞིན་གྱི་ཉེན་ཁ་ཆེ་རུ་ཕྱིན་པ་མཚོན་ཡོད་ལ། རྒྱལ་སྤྱིའི་དངུལ་ལོའི་མ་ལག་གི་གཡོ་འགུལ་ཟབ་མོ་ཡང་མཚོན་ཡོད་པ་རེད།

05.jpg

6、 དབུས་ཤར་ས་ཁུལ་གྱི་དམག་འཁྲུག་གིས་གནོད་འཚེ་ཚབས་ཆེན་ཕོག་པ་དང་ཞི་བདེའི་མདུན་ལམ་ལ་སེམས་ཁྲལ་ཆེན་པོ་ཡོད་པ།

ཟླ10པའི་ཚེས9ཉིན། དབྱི་སི་རལ་དང་ཕ་ལེ་སི་ཐན་གྱི་དབྱི་སི་ལམ་འགོག་རྒོལ་ལས་འགུལ(ཧ་མ་སི)དབར་ཅ་ཧྲ་དམག་མཚམས་འཇོག་པའི་དུས་མཚམས་དང་པོའི་གྲོས་མཐུན་བཞག་ཡོད་མོད། འོན་ཀྱང་གཏུམ་སྤྱོད་གདོང་ཐུག་སྔར་བཞིན་ཐོན་གྱི་ཡོད། ལོ་གཉིས་ལྷག་ཙམ་གྱི་དམག་འཁྲུག་གིས་ཅ་ཧྲ་ས་ཁུལ་ལ་སྔར་བྱུང་མྱོང་མེད་པའི་གནོད་འཚེ་བཟོས་པ་སྟེ། མི་ཁྲི7ལྷག་ཙམ་རྐྱེན་ལམ་དུ་ཤོར་བ་དང་། མི་ཁྲི17ལྷག་ཙམ་ལ་རྨས་སྐྱོན་ཕོག་པ། མི་ཁྲི200ཙམ་གནས་མེད་ཡུལ་གྱར་དུ་གྱུར་ཡོད་པ་རེད། ལོ་གཅིག་གི་རིང་། ཕ་ལེ་སི་ཐན་དང་དབྱི་སི་རལ་དབར་གྱི་གདོང་ཐུག་དང་། དབྱི་སི་རལ་དང་དབྱི་རག་བར་གྱི་གདོང་ཐུག  ལེ་པ་ནོན་དང་དབྱི་སི་རལ་གྱི་གདོང་ཐུག ཡེ་མེན་གྱི་ཧུའུ་སའེ་དྲག་ཆས་དང་དབྱི་སི་རལ་གྱི་གདོང་ཐུག་སོགས་གཅིག་འཇགས་གཅིག་ལངས་བྱུང་བ་དང་། ཨ་རིས་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་སྒྲིག་གཞིའི་འགན་ལེན་ལྟ་སྐུལ་འོག་གི་དབྱི་རག་གི་ཉིང་རྡུལ་སྒྲིག་བཀོད་ལ་འཇབ་རྒོལ་བྱས་པས་སྔོན་དཔེ་ངན་པ་བཏོད་པས་དབྱི་རག་གི་ཉིང་རྡུལ་གནད་དོན་གྱི་ཆབ་སྲིད་ཕྱི་འབྲེལ་ཐག་གཅོད་བྱེད་པར་གནོད་པ་ཐེབས་ཡོད།  དབུས་ཤར་ས་ཁུལ་གྱི་ཞི་བདེ་དང་ལྷིང་འཇགས་ཡོང་བར་སྔར་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱ་དགོས་པ་ཡིན།

06.jpg

7、“ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”འཆར་འགོད་ཀྱིས་འཛམ་གླིང་ལ་དྲང་ནུས་བསྣན་པ།

ཟླ10པའི་ཟླ་སྨད་དུ། ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག“ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”འཆར་འགོད་ཀྱི་གྲོས་མགོར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་སྟེ། འབྱུང་འགྱུར་ལོ་ལྔའི་རིང་གི་ཀྲུང་གོའི་འཕེལ་རྒྱས་ལ་བརྗིད་ཉམས་ལྡན་པའི་འཆར་གཞི་བཀོད་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་སྣང་ཆེན་པོ་བྱེད་བཞིན་ཡོད། རྒྱལ་ཁབ་ཁག་གི་མི་སྣས“ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”འཆར་འགོད་གྲོས་མགོས་ལམ་ལུགས་རྣམ་པའི་སྒོ་འབྱེད་བརྟན་པོའི་ངང་རྒྱ་ཆེར་གཏོང་བ་དང་། ཕྱོགས་མང་ཚོང་དོན་སྒྲིག་སྲོལ་སྲུང་སྐྱོང་། རྒྱལ་སྤྱིའི་འཁོར་རྒྱུག་རྒྱ་ཆེར་གཏོང་བ། སྒོ་དབྱེར་བརྟེན་ནས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཀྲུང་གོ་དང་འཛམ་གླིང་རྒྱལ་ཁབ་ཁག་གིས་གོ་སྐབས་མཉམ་སྤྱོད་དང་ཐུན་མོང་ཐོག་འཕེལ་རྒྱས་བྱེད་པའི་བརྡ་རྟགས་དྲག་པོ་བཏང་པར་ངོས་འཛིན་བྱས་ཡོད། ཀྲུང་གོས་མུ་མཐུད་དུ་འབད་འཐབ་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་མཐའ་འཁྱོངས། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་བློ་བརྟན་འགྱུར་མེད་ངང་རྒྱ་ཆེར་བཏང་ནས་འཛམ་གླིང་གི་དཔལ་འབྱོར་འཕར་རྒྱུར་དྲང་ནུས་བསྣན་ཡོད།

07.jpg

8 、འཇར་པན་གྱིས་སྤྱི་ལུགས་དྲང་བདེན་ལ་འགྲན་སློང་བྱས་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོགས་ཟོན་ཆེན་པོ་བྱས་པ།

ཟླ11པའི་ཚེས7ཉིན། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཀའོ་ཧྲི་ཙའོ་མིའོ་ཡིས“ཐའེ་དབན་ལ་དོན་དག་ཡོད་ཚེ”འཇར་པན་གྱིས་མཉམ་སྡེབ་རང་སྲུང་དབང་ཆ་སྤྱོད་ཆོག་པའི“ཆགས་འཇིག་གི་ཉེན་ཁའི་གནས་ཚུལ”གྲུབ་ཡོད་ཅེས་མངོན་སུམ་འཛེམ་མེད་དུ་བསྒྲགས། ཀོའོ་ཧྲི་ཡི་ཐའེ་དབན་དང་འབྲེལ་བ་ཡོད་པའི་ནོར་འཁྲུལ་གྱི་གཏམ་བརྗོད་ཀྱིས་ཀྲུང་གོའི་ནང་སྲིད་ལ་རྩུབ་སྤྱོད་ཀྱིས་ཐེ་ཇུས་བྱས་པ་དེ་རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་དང་རྒྱབ་འགལ་ཚབས་ཆེན་བྱས་པ་དང་། དམག་འཁྲུག་རྗེས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་ལ་གཏོར་བཤིག་ཚབས་ཆེན་བཏང་བ། ཀྲུང་གོ་གཅིག་གི་རྩ་དོན་དང་ཀྲུང་གོ་དང་འཇར་པན་གྱི་ཆབ་སྲིད་ཡིག་ཆ་བཞིའི་དགོངས་དོན་དང་རྒྱབ་འགལ་ཚབས་ཆེན་བྱས་པ། ཀྲུང་གོ་དང་འཇར་པན་གྱི་འབྲེལ་བའི་ཆབ་སྲིད་རྨང་གཞིར་གཏོར་བཤིག་ཚབས་ཆེན་བཏང་བ་བཅས་ཀྱི་ཐོག་ནས་ཀྲུང་གོའི་མི་དམངས་ཚང་མ་ཁོང་ཁྲོ་ཆེན་པོ་ལངས་ཡོད། མིག་སྔར། འཇར་པན་གྱི་གཡས་རུའི་ཕྱོགས་གཏོགས་ཀྱིས་དམག་དཔུང་སྟོབས་ཆེར་མགྱོགས་སུ་གཏོང་བ་དང་། “ཉིང་རྡུལ་མཚོན་ཆ་ཡོད་ཆོག་པའི”གཏམ་བརྗོད་སྤེལ་བ། “ཉིང་རྡུལ་མེད་པའི་རྩ་དོན་གསུམ”ལ་བཟོ་བཅོས་རྒྱག་རྒྱུའི་རེ་ངན་འཆང་བ་བཅས་བྱས་ནས་དམག་རྒྱལ་རིང་ལུགས་སླར་གསོ་དང་དྲང་བདེན་ལ་འགྲན་སློང་བྱེད་པའི་ཉེན་ཁའི་འཕེལ་ཕྱོགས་ཐོན་ནས་དཔྱོད་ལྡན་པའི་དོགས་འདྲི་དང་སྐྱོན་བརྗོད་བྱས་ཤིང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོགས་ཟོན་ཆེན་པོ་བྱས་ཡོད།

08.jpg

9、 རྒྱལ་ཁབ་ཉི་ཤུ་ཚོགས་པའི་དབུ་ཚོགས་ཨ་ཧྥེ་རི་ཁར་ཐོག་མར་འཚོགས་པ།

ཟླ11པའི་ཚེས22ཉིན། རྒྱལ་ཁབ་ཉི་ཤུ་ཚོགས་པའི་གཡོད་ཧན་ནེ་སི་པའོ་དབུ་ཚོགས་མགོ་ཚུགས་པ་དེ་ནི་རྒྱལ་ཁབ་ཉི་ཤུ་ཚོགས་པའི་མགོ་ཁྲིད་པའི་དབུ་ཚོགས་ཨ་ཧྥེ་རི་ཁའི་སྐམ་ས་ཆེ་མོར་གཉེར་ཐེངས་དང་པོ་དེ་རེད། ཨ་རིས་དབུ་ཚོགས་ཐོག་གྲུབ་འབྲས་ཀྱི་ཡིག་ཆ་སྤེལ་བར་བཀག་འགོག་དང་ངོ་རྒོལ་བྱས་ཀྱང་ཚོགས་ཞུགས་ཕྱོགས་ཁག་གིས་ཉིན་དང་པོར་མཉམ་འབྲེལ་བསྒྲགས་གཏམ་ལ་གྲོས་འཆམ་བྱས་ནས་ཕྱོགས་མང་མཉམ་ལས་བརྒྱུད་གོ་ལ་ཧྲིལ་པོའི་འགྲན་སློང་ལ་ཁ་གཏད་གཅོག་དགོས་པའི་ནན་བཤད་བྱས་ཡོད། ལོ་གཅིག་གི་ནང་། ཀྲུང་གོ་དང་པར་ཙིར། ཁ་ཐར་བཅས་ཀྱིས་ད་དུང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དབུ་ཚོགས་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་ཚོགས་ཆེན། སྤྱི་ཚོགས་འཕེལ་རྒྱས་ཀྱི་འཛམ་གླིང་དབུ་ཚོགས་བཅས་སོ་སོར་གཉེར་ནས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལ“ལྷོ་ཕྱོགས་ཀྱི་དུས་ཚོད”བསུས་ཡོད། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་ཚོགས་སྤྱིའི་རང་བཞིན་དར་རྒྱས་བྱུང་ནས་འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་དང་། ཐུན་མོང་ཐོག་འཕེལ་རྒྱས་ཡོང་བར་སྐུལ་འདེད། གོ་ལ་ཧྲིལ་པོའི་བཅོས་སྐྱོང་འཐུས་ཚང་དུ་གཏོང་བ་བཅས་ཀྱི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད།

09.jpg

10 、 རྒྱལ་ཁབ་མང་པོའི་ཆབ་སྲིད་ཀྱི་གནས་བབ་གཡོ་འགུལ་བྱུང་ཞིང་འཛམ་གླིང་གི་གནས་བབ་མངོན་གསལ་སྒོས་ཟང་ཟིང་དུ་གྱུར་པ།

ལོ་གཅིག་གི་རིང་ལ། འཛམ་གླིང་གི་རྒྱལ་ཁབ་མང་པོའི་ཆབ་སྲིད་ཀྱི་གནས་བབ་ལ་གཡོ་འགུལ་དྲག་པོ་ཐེབས་ཡོད། ལྷོ་ཁོ་རེ་ཡའི་ཙུང་ཐུང་དབྱི་ཤིས་གཡོད་གནས་དབྱུང་བཏང་བ་དང་ཐེ་ལན་གྱི་ཙུང་ལི་ཕེ་ཐུང་ཐན་ཁ་པར་གྱི་སྒྲ་ཕབ་དོན་རྐྱེན་གྱིས་རྐྱེན་པས་གོ་གནས་ཕྱིར་འཐེན་བྱས་པ། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཧྲི་ཕོ་མའོ་ཡིས་གློ་བུར་དུ་ལས་གནས་དགོངས་ཞུ་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ། ཕེ་རུའི་ཙུང་ཐུང་པོ་ལུའུ་ཨར་ཐེ་རྒྱལ་ཚོགས་ཀྱིས་ནག་ཉེས་ཐེར་འདོན་བྱས་པ། མ་ཏ་ཀ་སི་ཁར་དང་ཀི་ནེ་ཡ་པི་ཧྲའོ་སོགས་རྒྱལ་ཁབ་ལ་སྲིད་འགྱུར་བྱུང་བ་རེད། ཕོ་ལན་དང་རོ་མ་ནི་ཡ། ཆི་ལི་སོགས་རྒྱལ་ཁབ་ཀྱི་ཙུང་ཐུང་འདེམས་བསྐོའི་ཁྲོད་གཡས་རུའི་འོས་མིའི་མཚོན་ཚུལ་ཤུགས་ཆེན་ལྡན་པ་དང་འཇར་མན་དང་། ཕོར་ཐིའུ་ཀལ། འཇར་པན་སོགས་རྒྱལ་ཁབ་ཀྱི་གྲོས་ཚོགས་འདེམས་བསྐོའི་ཁྲོད་གཡས་རུའི་སྲིད་ཏང་གི་གདན་ཐོབ་ཟིན་ཐོ་གསར་པ་བཏོད་ཡོད། ཆབ་སྲིད་ལས་རིགས་ཟང་ཟིང་ཆེ་བས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་དཀའ་ངལ་མང་པོ་ཡོད་པ་དང་། འཛམ་གླིང་གི་དུས་བབ་ཟང་ཟིང་དུ་གྱུར་པ་མངོན་གསལ་དོད་པོ་ཡིན་པ།

10.jpg


མཉམ་སྤྱོད།