དེ་རིང་ནི2026ལོའི་ཟླ03པའི་ཚེས17ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་གཞིས་དབུས་ཤར་ས་ཁུལ་གྱི་གདོང་ཐུག་གི་མུ་འབྲེལ་ཚུར་སྣང་གིས་གོ་ལ་ཧྲིལ་པོའི་འབྲུ་རིགས་རིན་གོང་མཐོ་རུ་འགྲོ་རྒྱུ་རེད་ཅེས་ཐ་ཚིག་བསྒྲགས་པ།

2026-03-17 16:45:31   |   66

སྒྲིག་སྒྱུར།    སངས་དོན།    ཡོང་ཁུངས།    ཀྲུང་གོ་གསར་འགྱུར་དྲ་བ།     བཤེར་འབེབས།    རིན་ཆེན་ཚེ་རིང་།


ཀྲུང་གོ་གསར་འགྱུར་དྲ་བ་པེ་ཅིང་ནས་ཟླ3པའི་ཚེས17ཉིན་འབྱོར་བའི་གློག་འཕྲིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཞུང་ཕྱོགས་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། འཛམ་གླིང་འབྲུ་རིགས་འཆར་འགོད་ཧྲུའུ(WFP)དང་མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱིས་ཚེས(FAO)16ཉིན་དབུས་ཤར་ས་ཁུལ་གྱི་གདོང་ཐུག་གིས་གོ་ལ་ཧྲིལ་པོའི་འབྲུ་རིགས་མ་ལག་ཉམས་ཞན་དུ་འགྲོ་བར་གནོན་ཤུགས་འཕར་མ་བཟོ་བཞིན་ཡོད་པ་དང་སྐྱེལ་འདྲེན་འགྲོ་གྲོན་དང་རྫས་ལུད་ཀྱི་མ་གནས་སོགས་འཕར་ནས་གོ་ལ་ཧྲིལ་པོའི་ཞིང་ལས་མ་གནས་དང་བཟའ་བཅའི་རིན་གོང་མཐོ་རུ་འགྲོ་རྒྱུ་རེད་ཅེས་ཐ་ཚིག་བསྒྲགས་པ་རེད།

  WFPཡིས་བསྟན་དོན། མི་འབོར་གནས་མེད་ཡུལ་གྱར་དང་། ཚོང་དོན་ལམ་ཐིག་ཆད་པ། འབར་རྫས་ཀྱི་མ་གནས་འཕར་བ་བཅས་ཀྱིས་འབྲུ་རིགས་དང་དངོས་ཟོག་གཞན་དག་སྐྱེལ་འདྲེན་བྱེད་པའི་མ་གནས་མཐོ་རུ་འགྲོ་བཞིན་ཡོད། དམག་འཁྲུག་གི་ཉེན་ཁའི་འགན་བཅོལ་གྲོན་དངུལ་དང་སྐྱེལ་གླ15%ནས20%བར་འཕར་ཡོད།

  WFPཡིས་དབོར་གླ་ཆེས་ཆེར་འཕར་ནས་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་སྐྱེལ་འདྲེན་མ་གནས་ཆེ་རུ་འགྲོ་བའམ་ཡང་ན་བརྒྱུད་ལམ་དེ་བས་རིང་བ་བསྐོར་ནས་སྐྱེལ་འདྲེན་དུས་ཚོད་མང་དུ་འགྲོ་རྒྱུ་རེད་ཅེས་བསྟན་པ་རེད། གོ་ལ་ཧྲིལ་པོའི་ཉམས་ཞན་ཤོས་དང་འབྲུ་རིགས་བདེ་འཇགས་ཀྱི་གནས་ཚུལ་ཞན་ཤོས་ཀྱི་རྒྱལ་ཁབ་ལ་དེ་བས་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་དཔེར་ན། དམག་འཁྲུག་དང་ཐན་སྐྱོན་གྱི་ཤུགས་རྐྱེན་ཕོག་པའི་སུའུ་ཏན་དང་སོ་མ་ལིར་མི་ཁྲི་བརྒྱ་ཕྲག་ཁ་ཤས་ལ་འབྲུ་རིགས་བདེ་འཇགས་ཀྱི་གནད་དོན་ཚབས་ཆེན་འཕྲད་ཡོད། གལ་ཏེ་མཁོ་སྤྲོད་སྦྲེལ་ཐག་མུ་མཐུད་དུ་ཆད་ཚེ་ས་གནས་དེ་གའི་གནས་ཚུལ་སྔར་བས་སྡུག་ཏུ་འགྲོ་སྲིད།

  FAOཡིས་ཁྱབ་བསྒྲགས་བྱས་པའི་སྙན་ཞུ་གསར་ཤོས་ལས་མངོན་པར། དབུས་ཤར་ས་ཁུལ་གྱི་གདོང་ཐུག་དང་འབྲེལ་བ་ཡོད་པའི་ནུས་རྒྱུའི་རིན་གོང་འཕར་ནས་རྫས་ལུད་ཀྱི་མ་གནས་མགྱོགས་མྱུར་འཕར་ཡོད། ཟླ་གསུམ་པའི་ཟླ་སྟོད་དུ་ཡོ་རོབ་ཀྱི་གཅིན་རྒྱུའི་རིན་གོང་འཕར་ཚད30%སླེབས་ཡོད།

  FAOཡིས་ཐ་ཚིག་བསྒྲགས་དོན། གལ་ཏེ་དུས་བབ་མུ་མཐུད་དུ་ཟང་ཟིང་གྱུར་ཚེ། ད་ལོའི་ལོ་སྟོད་དུ་གོ་ལ་ཧྲིལ་པོའི་རྫས་ལུད་ཀྱི་རིན་གོང་རྒྱུན་གཏན་གྱི་ཆུ་ཚད་ལས15%ནས20%བར་མཐོ་བ་ཡོད་པས་གོ་ལ་ཧྲིལ་པོའི་ཞིང་ལས་མ་གནས་དང་བཟའ་བཅའི་རིན་གོང་མཐོ་རུ་འགྲོ་རྒྱུ་རེད།

མཉམ་འབྲེལ་རྒྱལ་ཚོགས་ཕྱོགས་ཀྱིས་ཉིན་བཞིན་ཛ་དྲག་ཏུ་འགྲོ་བའི་འགྲན་སློང་འཕྲད་ཀྱང་སྒྲིག་གཞི་ཁག་གིས་སྔར་བཞིན་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བཞིན་ཡོད། འོན་ཀྱང་དམག་འཁྲུག་གི་ཤུགས་རྐྱེན་ཆེ་རུ་འགྲོ་བ་དང་བསྟུན་ནས་ཡུལ་གྱར་དུ་འགྲོ་བ་དང་། འབྲུ་རིགས་ཀྱི་བདེ་འཇགས་མེད་པ། དེ་བཞིན་སྨན་བཅོས་མ་ལག་གི་གནོན་ཤུགས་བཅས་ཆེ་རུ་འགྲོ་བཞིན་ཡོད་ཅེས་ནན་བཤད་གནང་བ་རེད།


མཉམ་སྤྱོད།