དེ་རིང་ནི2026ལོའི་ཟླ04པའི་ཚེས09ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མི13རྐྱེན་ལམ་དུ་ཤོར་བ་དང་མི3གར་སོང་ཆ་མེད་དུ་གྱུར་བའི་གཅན་ཚའི་རྨ་ཆུའི་ཟམ་ཆེན་རྡིབ་པའི་དོན་རྐྱེན་ཚབས་ཆེན་གྱི་རྟོག་དཔྱོད་སྙན་ཞུ་ཁྱབ་བསྒྲགས་བྱས་འདུག

2026-04-09 14:40:18   |   145

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། ཀྲུང་དབྱང་བརྙན་འཕྲིན་གསར་འགྱུར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཚེས8ཉིན། ཟི་ཁྲེང་ལྕགས་ལམ“8.22”ཀྱི་ཟམ་ཆེན་རྡིབ་པའི་དོན་རྐྱེན་ཚབས་ཆེན་གྱི་རྟོག་དཔྱོད་སྙན་ཞུ་ཁྱབ་བསྒྲགས་བྱས།

2025ལོའི་ཟླ8པའི་ཚེས22ཉིན་གྱི་སྔ་དྲོའི་ཆུ་ཚོད་གསུམ་དང་སྐར་མ་གཅིག་ཙམ་ལ། ཀྲུང་གོ་ལྕགས་ལམ་ཟམ་ཆེན་ཅུ་ལས་གཞི་ཚད་ཡོད་སྤྱི་གཉེར་ཁང་བདུན་པས་སྐྲུན་འགན་འཁུར་བའི་ཟི་ལིང་ནས་ཁྲེང་ཏུའུ་བར་གྱི་ལྕགས་ལམ་གྱི་གཅན་ཚའི་རྨ་ཆུ་ཟམ་ཆེན་གྱི་ཨར་ལས་ལས་གཞི་ལ་ཟམ་ཆེན་རྡིབ་པའི་ལས་འཛོལ་ཚབས་ཆེན་བྱུང་ནས་མི13རྐྱེན་ལམ་དུ་ཤོར་བ་དང་མི3གར་སོང་ཆ་མེད་དུ་གྱུར་ལ། ཐད་ཀའི་དཔལ་འབྱོར་གྱོང་གུད་སྒོར་བྱེ་བ་བཞི་ས་ཡ་བརྒྱད་འབུམ་བརྒྱད་ཁྲི་དྲུག་ཟིན་ཡོད། ཉེ་ཆར། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུའི་ཐོག་ཟི་ཁྲེང་ལྕགས་ལམ་གཅན་ཚའི་རྨ་ཆུའི་ཟམ་ཆེན་ཨར་ལས་ལས་གཞིའི“8.22”ཀྱི་ཟམ་ཆེན་རྡིབ་པའི་དོན་རྐྱེན་ཚབས་ཆེན་གྱི་རྟོག་དཔྱོད་སྙན་ཞུར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། རྟོག་དཔྱོད་བྱས་ནས་ངོས་འཛིན་བྱས་པ་ལྟར་ན། འདི་ནི་ཨར་ལས་སྡེ་ཁག་གིས་གནས་སྐབས་ལྕགས་སྡོང་འཛུགས་སྐྲུན་བྱེད་པའི་གོ་རིམ་ཁྲོད་སྒྲིག་འགལ་གྱིས་སྤུས་ཀ་ཞན་པའི་གཅུས་གཟེར་ཉོ་སྒྲུབ་བྱས་ཏེ་བེད་སྤྱད་པ་དང་། རྩེ་མོའི་བགོ་འགྲེམ་གདུང་མ་བཟོ་སྐྲུན་དང་སྒྲིག་སྦྱོར་བྱེད་པའི་སྤུས་ཚད་བླང་བྱ་དང་མི་མཐུན་པ། ཞིབ་བཤེར་རྩིས་ལེན་བྱ་རྒྱུ་དེ་རྣམ་པ་ཙམ་ལས་ཞིབ་ཚགས་མིན་པ། བགོ་འགྲེམ་གདུང་མ་མཐུད་ས་དེ་འཐེན་རྗེས་ཆག་པ་དང་། གསེག་འཐེན་འཐེན་སྒྲོག་མ་ལག་གོ་མི་ཆོད་པར་གྱུར་བ་བཅས་ཀྱིས་ཟམ་པའི་སྒྲིག་གཞི་ཁག་ཅིག་བརྡིབས་ཤིང་། འཛུགས་སྐྲུན་དང་ཇུས་འགོད། ལྟ་སྐུལ་དོ་དམ། ལྟ་སྐུལ་ཚོད་འཛིན་སོགས་ཀྱི་འགན་འཁུར་བའི་ལས་ཁུངས་ཀྱིས་བདེ་འཇགས་ཐད་ཀྱི་འགན་འཁྲི་ནན་ཏན་གྱིས་མ་བསྒྲུབས་པ། འབྲེལ་ཡོད་ལྟ་སྐུལ་དོ་དམ་སྡེ་ཁག་གིས་འགན་འཁྲི་ལག་བསྟར་བྱས་པ་གནད་ལ་འཁེལ་མེད་པ་བཅས་ལ་བརྟེན་ནས་བྱུང་བའི་ཐོན་སྐྱེད་འགན་འཁྲིའི་ལས་འཛོལ་ཚབས་ཆེན་བཟོས་ཤིག་རེད།

དོན་རྐྱེན་བྱུང་རྗེས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཧ་ཅང་མཐོང་ཆེན་བྱས། ཙུང་ལི་ལི་ཆང་སོགས་ཀྲུང་དབྱང་གི་མགོ་ཁྲིད་བློ་མཐུན་གྱིས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་ཞིང་བླང་བྱ་གསལ་པོ་བཏོན། མཁོ་བསྟུན་དོ་དམ་པུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན། རྒྱལ་ཁབ་ལྕགས་ལམ་ཅུ་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་ལས་གྲུབ་པའི་ལས་སྒྲུབ་ཚོ་ཆུང་ཡུལ་དངོས་སུ་སོང་ནས་རོགས་སྐྱོབ་ཐག་གཅོད་ལ་མཛུབ་སྟོན་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མྱུར་དུ་འགུལ་སྐྱོད་བྱས་ཏེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་གཙོ་བོ། དེ་མིན་ཁག་བགོས་མགོ་ཁྲིད་བཅས་མགྱོགས་པོར་ལས་འཛོལ་བྱུང་ཡུལ་དུ་སོང་ནས་མཁོ་བསྟུན་རོགས་སྐྱོབ་དང་ཐག་གཅོད་སོགས་ཀྱི་ལས་དོན་གཉེར།

རྟོག་དཔྱོད་ཚོ་ཆུང་གིས་འགན་འཁྲིའི་ལས་འཛོལ་ཚབས་ཆེན་གྱི་ཉེས་གསོག་དོགས་གཞི་ཡོད་པ་དང་བདེ་འཇགས་ཀྱི་ཚད་གཞི་དང་མི་མཐུན་པའི་ཐོན་རྫས་ཐོན་སྐྱེད་དང་ཕྱིར་ཚོང་གི་ཉེས་གསོག་དོགས་གཞི་ཡོད་པའི་མི་སྣ་11ཁྲིམས་འཛིན་ལས་ཁུངས་ལ་ཐག་གཅོད་བྱ་རྒྱུར་རྩིས་སྤྲོད་བྱས། གཞན་ཡང་སྤྱི་བདེ་ལས་ཁུངས་ཀྱིས་བདེ་འཇགས་ཀྱི་ཚད་གཞི་དང་མི་མཐུན་པའི་ཐོན་རྫས་ཐོན་སྐྱེད་དང་ཕྱིར་ཚོང་བྱས་པའི་གྱོད་གཞིར་མྱུལ་ཞིབ་བྱེད་པའི་གོ་རིམ་ཁྲོད། ཧོ་པེ་ཞིང་ཆེན་ཧན་ཏན་གྲོང་ཁྱེར་ཡུང་ཉན་ཆུས་ཧྲ་ཧོ་གྲོང་ཁྱེར་གྱི་སན་ཝང་འཕྲུལ་ཆས་ལྷུ་ལག་བཟོ་སྐྲུན་ཚད་ཡོད་སྤྱི་གཉེར་ཁང་གིས་བདེ་འཇགས་ཀྱི་ཚད་གཞི་དང་མི་མཐུན་པའི་ཐོན་རྫས་ཐོན་སྐྱེད་བྱས་པའི་དོགས་གཞི་ཡོད་པ་ཤེས་རྟོགས་བྱུང་བས། སྤྱི་གཉེར་ཁང་གི་མགོ་བ་གཙོ་བོར་བཙན་ཤེད་ཀྱི་བྱེད་ཐབས་ལག་བསྟར་བྱས།

རྟོག་དཔྱོད་ཚོ་ཆུང་གིས་གཏན་འབེབས་གཞིར་བཟུང་། ལས་འཛོལ་རྟོག་དཔྱོད་བྱེད་པའི་གོ་རིམ་ཁྲོད་ཤེས་རྟོགས་བྱུང་བའི་འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་ཀྱི་གཞུང་དོན་མི་སྣའི་འགན་སྒྲུབ་ཐད་ཀྱི་གནད་དོན་དང་ཁུངས་སྣེ། དེ་བཞིན་འབྲེལ་ཡོད་དཔྱད་གཞི་མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ལྟ་སྐུལ་ཨུ་ལྷན་ལ་རྩིས་སྤྲོད་བྱས། མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ལྟ་སྐུལ་ཨུ་ལྷན་གྱིས་ལས་བྱེད་པའི་དོ་དམ་ཚད་གཞི་བཞིན། ཀྲུང་དབྱང་སྒྲིག་ཨུའི་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་པུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན། ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་སྤྱི་གཉེར་ཁང་བཅས་སུ་བཅའ་སྡོད་བྱས་པའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་སྐུལ་ཚོ་ཆུང་སོ་སོར་སྤྲད་པ་དང་འགན་འཁྲི་ཡོད་པའི་འབྲེལ་ཡོད་ལས་ཁུངས་ཀྱི་འབྲེལ་ཡོད་མི་སྣ42ལ་ཏང་གི་སྒྲིག་ཁྲིམས་དང་འགལ་བའི་སྲིད་དོན་ཆད་པ་བཅད།


མཉམ་སྤྱོད།