དེ་རིང་ནི2026ལོའི་ཟླ04པའི་ཚེས18ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

དྲ་ལམ་ཐད་གཏོང་བྱེད་མཁན་ལ་སྒྲིག་ལམ་གསར་པ་བཅུ་གཅིག་ཐོན་འདུག

2026-04-16 15:04:41   |   80

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཀྲུང་དབྱང་དྲ་འཕྲིན་གཞུང་ལས་ཁང་གིས་ཟླ4པའི་ཚེས13ཉིན་དྲ་བའི་ཐད་གཏོང་སྐྱེས་འབུལ་ཚད་ལྡན་དོ་དམ་ནན་མོ་བྱེད་པའི་སྐོར་གྱི་བརྡ་ཐོ་ཁྱབ་བསྒྲགས་བྱས། དྲ་ཚིགས་སྟེགས་བུའི་རྩ་དོན་གཏན་ཁེལ་དང་དབང་ཚད་ཚད་ལྡན། ཞུ་གཏུག་དང་ལེན་སོགས་ཀྱི་ཐད་གཏན་ཁེལ་བཅུ་གཅིག་བྱས་ཡོད། དེའི་ནང་སྤྱོད་མཁན་གྱི་སྐྱེས་འབུལ་སོགས་འཛད་སྤྱོད་སྡོམ་རྩིས་གཞི་གྲངས་ཁྱབ་བསྒྲགས་བྱེད་མི་ཆོག་པ་དང་། ལོ་བརྒྱད་མན་གྱི་བྱིས་པར་སྐྱེས་འབུལ་ཞབས་ཞུ་འདོན་མི་ཆོག་པ་སོགས་བཏོན་ཡོད།

གཅིག སྐྱེས་འབུལ་སྒྲིག་སྲོལ་གསལ་སྟོན་བྱེད་པ། དྲ་ཚིགས་ལས་སྟེགས་ཀྱིས་ངེས་པར་དུ་ཐད་ཀར་དང་སྟབས་བདེའི་བྱེད་ཐབས་ཀྱི་ཐོག་ནས་སྐྱེས་འབུལ་སྒྲིག་སྲོལ་ཡོངས་བསྒྲགས་བྱེད་དགོས་པ་ལས་ཐེངས་གྲངས་མང་བ་དང་དོན་ཚན་རིང་པོ་སོགས་ཀྱི་བྱེད་ཐབས་བརྒྱུད་སྤྱོད་མཁན་གྱིས་ཤེས་པར་ཤུགས་རྐྱེན་བཟོ་མི་ཆོག

གཉིས། ཁེ་གཉེར་དབང་ཆ་ཚད་ལྡན་དུ་གཏོང་བ། སྒྲིག་འགལ་གྱི་ཟིན་ཐོ་ཡོད་པའི་རྩིས་ཐོའི་ཨང་གྲངས་ཐག་གཅོད་བྱེད་ཡུན་ལོན་ནས་ཟླ་བ་གསུམ་སོང་རྗེས་གཞི་ནས་སྐྱེས་འབུལ་གྱི་དབང་ཚད་བཟོས་ཆོག སྐད་ཆ་བཀག་སྡོམ་བྱས་པའི་སྟེགས་བུར་དུས་གཅིག་ཏུ་སྐྱེས་འབུལ་གྱི་དབང་ཚད་གནས་སྐབས་མཚམས་འཇོག་དགོས་པ་དང་། དུས་ཡུན་ནི་སྐད་ཆ་བཀག་ཡུན་གྱི་ལྡབ2ནས3བར་ཡིན།

གསུམ། སྐྱེས་འབུལ་བཅད་གྲངས་ཀྱི་ནུས་པ་འདོན་སྤྲོད་བྱ་དགོས། སྤྱོད་མཁན་གྱིས་སྐྱེས་འབུལ་ཐེངས་དང་པོ་སྤྲོད་སྐབས་ལས་སྟེགས་ཀྱིས་རང་འགུལ་ངང་ཐེངས་གཅིག་དང་ཉིན་གཅིག་ལ་གྲངས་བཅད་ཀྱི་ཞབས་ཞུ་མཁོ་འདོན་བྱེད་དགོས། སྤྱོད་མཁན་གྱིས་བཅད་གྲངས་དོར་བའམ་ཡང་ན་བཟོ་བཅོས་རྒྱག་སྐབས་སྟེགས་བུས་འོས་འཚམ་གྱི་བྱེད་ཐབས་སྤྱད་ནས་གཏན་འཁེལ་བྱེད་དགོས།

བཞི། སྐྱེས་འབུལ་གྱི་དྲན་སྐུལ་བྱེད་ནུས་འདོན་དགོས། ལས་སྟེགས་ཀྱིས་དྲན་སྐུལ་གྱི་ཆ་རྐྱེན་དང་བྱེད་སྟངས། ཐེངས་གྲངས་བཅས་ལུགས་མཐུན་བཀོད་སྒྲིག་བྱེད་དགོས་པ་དང་། སྤྱོད་མཁན་གྱིས་དྲན་སྐུལ་གྱི་སྒོ་རྒྱག་པར་ཐེངས་གཉིས་ལ་ངོས་འཛིན་བྱེད་དགོས།

ལྔ། སྐྱེས་འབུལ་དངུལ་གྲངས་ཀྱི་ཨང་རིམ་ཚད་ལྡན་དུ་གཏོང་དགོས། སྤྱོད་མཁན་གྱི་མོས་མཐུན་མ་ཐོབ་པར་འཛད་སྤྱོད་སྡོམ་རྩིས་གྲངས་གཞི་ཡོངས་བསྒྲགས་ངང་འགྲེམས་སྟོན་བྱེད་མི་ཆོག སྐྱེས་འབུལ་གྲངས་འབོར་དེ་གཞི་འཛིན་ས་ཉག་གཅིག་ཏུ་བྱས་ནས་གཙོ་སྒྲོན་ནམ་ཡང་ན་སྤྱོད་མཁན་ལ་ཨང་རིམ་སྒྲིག་པ་དང་འོས་སྦྱོར་སོགས་བྱེད་མི་ཆོག

དྲུག སྐྱེས་འབུལ་གྱི་མཉམ་འགུལ་ཚད་ལྡན་དུ་གཏོང་དགོས། སྐྱེས་འབུལ་ཞིབ་བཤེར་ལ་ཤུགས་བསྣན་ནས་ཁྲིམས་འགལ་གྱི་ཆ་འཕྲིན་མི་ལེགས་པ་ཡོད་མི་ཆོག་པ་དང་། དངུལ་སྨར་སློག་པ་དང་རང་ཉིད་ལ་སྐྱེས་འབུལ་སོགས་ཀྱི་བྱ་ཐབས་སྤྱད་དེ་སྐྱེས་འབུལ་མཁན་ལ་དམིགས་བསལ་གྱི་སྲུང་སྐྱོང་དབང་ཚད་བཟོ་མི་ཆོག

བདུན། སྐྱེ་བོ་ན་སོ་དར་ལ་མ་བབས་པའི་མིར་སྲུང་སྐྱོང་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། ལོ་བརྒྱད་མན་གྱི་ན་སོ་དར་ལ་མ་བབས་པའི་མིར་སྐྱེས་འབུལ་ཞབས་ཞུ་བྱས་མི་ཆོག ལོ་བརྒྱད་ཡན་གྱི་ན་སོ་དར་ལ་མ་བབས་པའི་མིས་སྐྱེས་འབུལ་བྱེད་སྐབས་ངེས་པར་དུ་དེའི་ལྟ་སྐྱོང་པའི་མོས་མཐུན་ཐོབ་པའམ་ཡང་ན་ཞིབ་བཤེར་བྱས་པའི་ཡོང་འབབ་ཀྱི་དཔང་ཡིག་དགོས། ན་སོ་དར་ལ་མ་བབས་པའི་བྱིས་པས་ན་སོ་དར་ལ་བབས་པའི་མིའི་འཕྲིན་སྟེགས་སྤྱད་ནས་སྐྱེས་འབུལ་བྱེད་པའི་དོགས་པ་ཡོད་ཚེ། ངེས་པར་དུ་ཞིབ་བཤེར་དང་ན་སོ་དར་ལ་མ་བབས་པའི་བྱིས་པས་སྐྱེས་འབུལ་བྱས་ཚེ་མྱུར་དུ་ཐག་གཅོད་བྱེད་དགོས།

བརྒྱད། སྐྱེས་འབུལ་བྱ་སྤྱོད་ཀྱི་ལྡོག་ཕྱོགས་གསལ་ཐོ་འཛུགས་དགོས། ལས་སྟེགས་ཀྱིས་བཀག་རྒྱའི་གསལ་ཐོ་བཟོ་བ་དང་གསར་བརྗེས་བྱས་ཏེ་སྐྱེས་འབུལ་དབང་ཚད་མ་བཏོན་གོང་སྤྱོད་མཁན་ལ་གསལ་བཤད་བྱེད་དགོས་པ་མ་ཟད། དོ་དམ་ལམ་ལུགས་ནང་གཅུན་འདོམས་ཐག་གཅོད་བྱེད་ཐབས་ཁ་གསལ་བཟོ་དགོས།

དགུ། རྒྱུན་ལྡན་མིན་པའི་སྐྱེས་འབུལ་ལ་དབྱེ་འབྱེད་ཐག་གཅོད་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། རྒྱུན་ལྡན་མིན་པའི་སྐྱེས་འབུལ་བྱ་སྤྱོད་ལ་དོ་ཁུར་ཆེན་པོ་བྱས་ཏེ་སྤྱོད་མཁན་གྱི་བྱ་སྤྱོད་ལ་དུས་ཐོག་ཏུ་ངོས་འཛིན་བྱ་དགོས། ཁྲིམས་ལྟར་སྐྱེས་འབུལ་ཟིན་ཐོ་ཉུང་མཐར་ཡང་ལོ་གསུམ་ལ་ཉར་འཇོག་བྱས་ཏེ། ཁྲིམས་འགལ་ཉེས་གསོག་ཤེས་རྟོགས་བྱུང་ཚེ་དུས་ཐོག་ཏུ་ཁུངས་སྣེ་འབྲེལ་ཡོད་ལས་ཁུངས་ལ་བརྡ་ཁྱབ་གཏོང་དགོས།

བཅུ། ཞུ་གཏུག་ཐེར་འདོན་བདག་སྤྲོད་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། ཞུ་གཏུག་ཐག་གཅོད་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་ནས་འབྲེལ་ཡོད་རྩོད་གཞི་མྱུར་དུ་སེལ་བ་དང་། ན་སོ་དར་ལ་མ་བབས་པའི་མིས་སྐྱེས་འབུལ་བྱས་རིགས་ཀྱི་དངུལ་ཕྱིར་སློག་དགོས།

བཅུ་གཅིག ཐག་གཅོད་དང་དམར་འདོན་བྱེད་ཤུགས་ཆེ་རུ་གཏོང་དགོས། རྒྱུན་རྣམ་ཅན་གྱི་བཅོས་སྐྱོང་ལམ་སྲོལ་བཙུགས་ནས་དཔེ་མཚོན་གྱོད་དཔེ་དུས་བཀག་ནང་ཡོངས་བསྒྲགས་དང་དམར་འདོན་བྱས་ཏེ་སྤྱོད་མཁན་གྱིས་ཚུལ་མཐུན་ངང་འཛད་སྤྱོད་བྱ་རྒྱུར་ཁྲིད་སྟོན་བྱེད་དགོས། ས་གནས་ཁག་གི་དྲ་འཕྲིན་སྡེ་ཚན་གྱིས་ཁོངས་གཏོགས་ཁུལ་གྱི་ལས་སྟེགས་ལ་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱ་རྒྱུར་ལྟ་སྐུལ་བྱེད་པ་དང་རང་བཤེར་རང་བཅོས་བྱས་ཏེ་དྲ་རྒྱའི་ཐད་གཏོང་གང་བྱུང་དུ་བྱེད་པའི་སྣང་ཚུལ་བཀག་འགོག་མཐའ་གཅིག་ཏུ་བྱས་ནས་ལས་རིགས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།


མཉམ་སྤྱོད།