དེ་རིང་ནི2026ལོའི་ཟླ04པའི་ཚེས24ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་གིས་སྨོན་ལམ་མཐོན་པོར་སྐྱོད་པའི་རྐང་ཐང་བྱེད་སྒོ་སྤེལ།

2026-04-24 10:27:51   |   54

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ4པའི་ཚེས23ཉིན། མཚོ་བྱང་ཁུལ་གྱིས“ལྔ་གཅིག་དང་ལྔ་བཞི་ལ་རྟེན་འབྲེལ་ཞུ་བ་དང་གནས་སྐོར་རྫོགས་ལྡན་དུས་བཟང་བསུ་བའི”བརྗོད་དོན་བྱེད་སྒོ་དང“སྨོན་ལམ་མཐོན་པོར་གོམ་པས་གཞལ། བླ་ཤིང་མཚར་སྡུག་འཚོལ་ཞིང་བསྙེག”ཅེས་པའི་རྐང་ཐང་རི་འཛེག་བྱེད་སྒོ་མཚོ་སྔོན་པོའི་འགྲམ་གྱི་སྨོན་ལམ་མཐོན་པོ་ནས་སྤེལ་ལ། ཞིང་ཆེན་དང་ཁུལ་གྱི་རྐང་ཐང་ལ་དགའ་མཁན1400ལྷག་ཙམ་གྱིས་རྐང་ཐང་རི་འཛེག་གི་རྣམ་པའི་ཐོག་ནས་དུས་ཆེན་གཉིས་ལ་རྟེན་འབྲེལ་ཞུ་བ་དང་གནས་སྐོར་བ་མང་བའི་དུས་ཚིགས་ལ་སྔོན་བསུ་ཞུས་ཏེ། རིག་གནས་དང་ལུས་རྩལ་གནས་སྐོར་བཅས་མཉམ་འདྲེས་འཕེལ་རྒྱས་ཀྱི་མདུན་སྐྱོད་རོལ་མོ་དཀྲོལ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་དང་། ཁུལ་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའི་པུ་ཀྲང་ཀྲང་ཐའོ། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་གཞོན་པ་ཝང་ཞིང་ཧོས། ཁུལ་དཔོན་གཞོན་པ་མ་རུའུ་ཞང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དབྱང་ཏེ། ཞིང་ཆེན་དགུན་དུས་རྣམ་གྲངས་དང་ཕྱི་རོལ་ལུས་རྩལ་དོ་དམ་ལྟེ་གནས་ཀྱི་འགན་འཁུར་བ་བྱེད་སྒོར་ཞུགས་ལ། ཀྲང་ཐའོ་ཡིས་ཤིས་ཚིག་ཕུལ་བ་དང་། མ་རུའུ་ཞང་གིས་སྲིད་དོན་བྱེད་སྒོར་གཙོ་སྐྱོང་གནང་།

1.jpg

2.jpg

ཆུ་ཚོད10དང་སྐར་མ30སྟེང་། མཛད་སྒོར་ཞུགས་པའི་ཞིང་ཆེན་དང་ཁུལ་གྱི་མགོ་ཁྲིད་མཉམ་དུ་གར་སྟེགས་སྟེང་བུད་ནས་མགོ་རྩོམ་དུང་བརྡ་བརྒྱབ་པ་དང་མཉམ་དུ། རྐང་ཐང་རུ་ཁག་སྨོན་ལམ་མཐོན་པོ་དམག་དཔོན་ཐིང་ནས་ལམ་ལ་ཆས་ཏེ། མཚོ་འཕགས་སྨི4024ཡོད་པའི་རི་རྩེར་བསྐྱོད། ཀྱག་ཀྱོག་གི་གཞུང་ལམ་ཐོག་སྐྱོད་སྐབས་རྐང་ཐང་ལ་དགའ་མཁན་ཚོས་སྙིང་སྟོབས་ཆེར་སྐྱེད་ཀྱིས་གོམ་པ་རེ་རེ་བཞིན་མདུན་དུ་བསྐྱོད་པ་དང་། ལམ་བར་དུ་མཛེས་སྡུག་ལྡན་པའི་མཚོ་སྔོན་པོ་དང་གསེར་གྱི་རི་བོ་ལ་དངུལ་གྱི་ཕྲ་བཀོད་པ་ལྟ་བུའི་བྱེ་གླིང་། ཡངས་ཤིང་རྒྱ་ཆེ་ལ་མཛེས་སྡུག་ལྡན་པའི་གསེར་དངུལ་རྩྭ་ཐང་། སྤྱི་མཐུན་རྒྱལ་ཁབ་ཀྱི་སྙིང་སྟོབས་ཀྱི་བཙན་ས་སྟེ་རྡུལ་ཕྲན་མཁར་བཅས་ཀྱི་མཛེས་སྡུག་ཉམས་སུ་མྱངས། ཚང་མས་རི་འཛེག་བྱེད་སྐབས་ཕན་ཚུན་ལ་སྐུལ་ལྕག་དང་ལག་གདང་སྦྲེལ་ནས་མདུན་དུ་བསྐྱོད་དེ། གོམ་སྟབས་ལ་བརྟེན་ནས་མཐོ་སྒང་གི་སྐྱེ་ཁམས་གཞལ་བ་དང་རྔུལ་ཆུར་བརྟེན་ནས་འབད་འཐབ་ཀྱི་སྙིང་སྟོབས་འགྲེལ་བཤད་བརྒྱབ་སྟེ། དུས་རབས་གསར་བའི་མཚོ་བྱང་གི་ལས་བྱེད་མང་ཚོགས་ཀྱི་འབད་འབུངས་ཡར་བརྩོན་དང་མཐུན་སྒྲིལ་མདུན་སྐྱོད་ཀྱི་བསམ་པའི་ཉམས་འགྱུར་གང་ལེགས་སྒོས་མངོན་པར་བྱས།

ཐེངས་འདིའི་བྱེད་སྒོ་ནི"སྨོན་ལམ་མཐོན་པོར་གོམ་པས་གཞལ"རྒྱུར་འབྲེལ་ཐག་ཏུ་བྱས་ནས་སྐྱེ་ཁམས་ཀྱི་རི་མོ་ཚད་འཇལ་དང་ལུས་རྒྱས་བློ་སྤོབས་ཆེ་རུ་གཏོང་བའི་ལུས་སྦྱོང་གི་འགྲུལ་བཞུད་ཅིག་ཡིན་ལ། ཐོག་མའི་བསམ་འདུན་དང་འགན་འཁྲི་རྟོགས་པ་དང་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བྱེད་པའི་སྙིང་སྟོབས་ཀྱི་འགྲུལ་བཞུད་ཅིག་ཀྱང་ཡིན། མཚོ་བྱང་ཁུལ་གྱིས་དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་པའི་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས "མཚོ་སྔོན་པོ་ནས་མེ་ལྷ་གངས་དཀར་རི་བོའི་བར་གྱི་མཐོ་སྒང་ཕྱི་རོལ་ལུས་རྩལ་བྱ་ཡུལ"བསྐྲུན་རྒྱུའི་བཀོད་སྒྲིག་དོན་འཁྱོལ་བྱས་ཏེ་གནས་སྐོར་གྱི་རྫོགས་ལྡན་དུས་ཚིགས་བཟང་པོའི་འཐབ་ཇུས་ཀྱི་གོ་སྐབས་དམ་འཛིན་བྱས་ནས། འགྲན་སྡུར་དང་དུས་ཆེན། ཚོགས་འདུ་བཅས་ཟུང་འབྲེལ་གྱིས་ལུས་རྩལ་དང་རིག་གནས། གནས་སྐོར་ཐོན་ལས་བཅས་མཉམ་འདྲེས་མཉམ་གནས་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་ནུས་ཤུགས་ཡོད་རྒུས་སྐྱེ་ཁམས་གནས་སྐོར་བྱ་ཡུལ་གཏོད་རྒྱུའི་བྱ་ཐབས་ནུས་ལྡན་ཞིག་ཀྱང་རེད། བྱེད་སྒོ་རྒྱལ་ཁའི་ངང་སྤེལ་བ་དེས་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་ཕྱིན་པར་མ་ཟད། མཚོ་བྱང་གི་སྤུས་ལེགས་སྐྱེ་ཁམས་རིག་གནས་གནས་སྐོར་ཐོན་ཁུངས་དེ་བས་དྲིལ་སྒྲོག་ནུས་ལྡན་བྱས་ནས་སླེབས་ལ་ཉེ་བའི་གནས་སྐོར་གྱི་རྫོགས་ལྡན་དུས་ཚིགས་བཟང་པོ་ལ་རྣམ་པ་ཟབ་མོ་ཞིག་བཏོད་པ་དང་མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་ནས། མཚོ་བྱང་གི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྐྱེ་སྟོབས་དང་གསོན་ཤུགས་གསར་པ་བསྣན་ཡོད།


རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་རྐང་ཐང་གི་ལམ་ཐིག་ཧྲིལ་བོར་སྤྱི་ལེ10ལྷག་ཡོད་ཅིང་།  ལོ་ན་དང་ཕོ་མོ་ལ་གཞིགས་ནས་སྐྱེས་པའི་ན་གཞོན་ཚན་ཆུང་དང་དར་མའི་ཚན་ཆུང་། སྐྱེས་མའི་ན་གཞོན་ཚན་ཆུང་དང་དར་མའི་ཚན་ཆུང་བཅས་ཚན་ཆུང་བཞིར་དབྱེ་ཡོད་ལ། ཚན་ཆུང་སོ་སོའི་ཨང་རིམ་དང་པོ་ནས་བརྒྱད་པའི་བར་བྱ་དགའ་སྤྲད་པ་དང་། འགྲན་སྡུར་གྱི་ལམ་ཐག་ཧྲིལ་བོར་བསྐྱོད་མཁན་ལ་འགྲན་སྡུར་གྱི་དྲན་རྟེན་དངོས་པོ་བྱིན།


མཉམ་སྤྱོད།